གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཟི་ཡིག་ལ་ལོ་ངོ་སྟོང་ཕྲག་བཞིའི་ལོ་རྒྱུས་ཡོད་ཟེར་དོན་ཅི།

IMG_5225སྤྱི་ལོ་2003་ལོར་རེ་ཁེ་ཀརྨ་བསམ་འགྲུབ་དང་། བོར་ཐར་བཀྲ་ཤིས་ཆོས་འཕེལ་དང་ཕྲན་སོགས་ཀྱིས་ཁྲིན་ཏུའུ་གྲོང་ཁྱེར་དུ་གཟི་དང་། གཟི་དུང་། གཟི་ཡིག་བཅས་ཀྱི་སྐོར་ལ་ཇི་ལྟར་ཞིབ་འཇུག་བྱ་དགོས་པའི་ཐད་ནས་བགྲོ་གླེང་ཚོགས་འདུ་སྟབས་བདེ་ཞིག་འཚོགས་པ་ཡིན། དེ་དུས་ང་ཚོས་གཟི་ལམ་བྱ་བའི་གནའ་བོའི་རིག་གནས་ཀྱི་ཚོང་ལམ་ཞིག་ཡོད་པ་ཤེས་རྟོགས་བྱུང་བ་ཙམ་ལས། གཟི་ལམ་དང་འབྲེལ་བའི་རིག་གནས་ཁྱབ་ཁོངས་ཀྱི་ཤུགས་སུ་དེ་འདྲའི་གཏིང་ཟབ་ཅིང་རྙོག་འཛིང་ལྡན་པ་ཞིག་ཡོད་པ་ཤེས་མེད། གཟི་ཡིག་གི་སྐོར་ཡང་དེ་དང་མཚུངས། ང་ཚོས་དང་ཐོག་གཟི་ཡིག་བྱ་བ་འདི་དམིགས་བསལ་ཞིག་རེད་མ་གཏོགས་དེར་གོ་དོན་འདྲ་མིན་ཡོད་པའི་གནས་བབ་དེ་གསལ་བོ་ཞིག་ཤེས་མེད། ཡིན་ནའང་། མི་རིང་བར་ང་ཚོས་ཞིབ་འཇུག་བྱས་པའི་བརྒྱུད་རིམ་ཁྲོད་ནས་གཟི་ཡིག་བྱ་བ་ལ་གོ་དོན་གསུམ་བཞི་ཞིག་ཡོད་པ་གསལ་བོར་ཤེས་རྟོགས་བྱུང་བ་ཡིན།

དེས་ན་གཤམ་དུ་ངེད་ཀྱིས་གཟི་ཡིག་གི་གོ་དོན་དང་དེ་ལས་འཕྲོས་པའི་གནད་དོན་འགའ་དམིགས་བཀར་གྱིས་བཤད་འདོད་བྱུང་། འདི་ལྟར་གསལ་བཤད་བྱེད་དགོས་པའི་རྒྱུ་མཚན་ནི། ཉེ་ཆར་བོད་ནང་གི་མཁས་པ་ལ་ལས་གཟི་ཡིག་གི་གོ་དོན་ཐད་ལ་གོ་ནོར་ཐེབས་པའི་གནས་ཚུལ་བྱུང་འདུག་པ་མ་ཟད། གནད་དོན་ལ་ལའི་ཐད་ལ་ཆེད་དུ་འཁྱོག་བཤད་དང་ཧམ་རྫུན་ཡང་བྱས་ཡོད་པ་མཐོང་བྱུང་། གོ་ནོར་དེའི་རིགས་ལ་དག་སེལ་མ་བྱེད་ན་ད་དུང་ཡང་མ་དག་རྒྱུན་འབྱམས་གྱི་གནས་ཚུལ་དེར་ཡལ་འདབ་དང་ཉིང་ལག་རྒྱས་རྒྱུ་བཤད་མ་དགོས་སོ།།

སྤྱིར་གཟི་ཡིག་བྱ་བ་ལ་གོ་དོན་བཞི་ཡོད་དེ།

1;གཟི་ཡིག་བྱ་བའི་གོ་དོན་དང་པོ་ནི། གནའ་བོའི་དུས་སུ་བོད་ཡུལ་ཞང་ཞུང་སོགས་སུ་དར་བའི་ཡི་གེ་ཞིག་ལ་གོ་ཞིང་། ཡི་གེ་དེ་ནི་གཟིའི་དབྱིབས་དང་འདྲ་བའི་ཆ་ནས་གཟི་ཡིག་ཅེས་འབོད་པ་ཡིན།

2;གཟི་ཡིག་བྱ་བའི་གོ་དོན་གཉིས་པ་ནི། གཟི་རང་སྟེང་ལ་བོད་ཡིག་འདྲ་མིན་ཡོད་པ་དེ་ལ་བོད་ཡུལ་དུ་གཟིའི་ཡི་གེ་དང་། ཡང་ན་གཟི་ཡིག་ཅེས་འབོད་སྲོལ་ཡོད་པ་དེའོ།།

3;གཟི་ཡིག་བྱ་བའི་གོ་དོན་གསུམ་པ་ནི། བོད་བཙན་པོའི་སྐབས་སུ་དཔོན་གནས་མཚོན་བྱེད་དུ་ཁྲ་མེན་གྱི་ཡི་གེ་སྟེར་སྲོལ་ཡོད་པ་དེ་ལ་གོ་ཞིང་། ཁྲ་མེན་དང་ཕྲ་མན་ནི་གཟིའི་མིང་གཞན་ཡིན་ཞིང་། དམངས་ཁྲོད་དུ་དེར་གཟི་ཡིག་ཅེས་ཀྱང་བྱའོ།།

4; གཟི་ཡིག་བྱ་བའི་གོ་དོན་བཞི་པ་ནི། གཟིའི་ངོས་སུ་འདྲ་གཟུགས་ཡི་གེ་འདྲ་བ་ཡོད་པ་དེ་ལ་ཟེར་ཞིང་། ཡོངས་གྲགས་སུ་དེང་སང་མེ་སུའུ་བྷོདྷ་མུས་ཡཱའི་ཡི་གེ་བྱ་བ་དེ་ལ་གོ་བ་བཅས་སོ།།

གོང་དུ་བཤད་པའི་གཟི་ཡིག་དང་པོ་ནི། དེང་སང་སྐུ་འབུམ་དགོན་པ་དང་། ལྷ་ས། བལ་པོ་བཅས་སུ་ཤིང་པར་དང་། ལྕགས་པར་དུ་བཏབ་ཡོད་པ་དེ་ལ་ཟེར་ཞིང་། དེ་ནི་༼དུང་དཀར་ཚིག་མཛོད༽་དུ་བཤད་པའི་གཟི་ཡིག་གི་གོ་དོན་དང་གཅིག་ཡིན་པར་མངོན་ཏེ། ༼དུང་དཀར་ཚིག་མཛོད༽་དུ། གཟི་ཡིག་བྱ་བ་ནི། “གནའ་རབས་ཞང་ཞུང་ཁུལ་དུ་སྟག་གཟིག་སྤུངས་ཡིག་དར་བའི་དུས་སུ་བྱུང་བའི་བོད་ཡིག་ཅིག་ཡིན་པར་མཁས་དབང་འགས་གསུངས།” ཞེས་གསལ་ཞིང་། དུང་དཀར་རིན་པོ་ཆེའི་དགོངས་དོན་ལྟར་ན། གཟི་ཡིག་ནི། སྟག་གཟིག་སྤུངས་ཡིག་དར་བའི་དུས་སུ་ཞང་ཞུང་ཡུལ་དུ་དར་བའི་བོད་ཡིག་ཅིག་ཡིན་པར་གསུངས་ཡོད། ཡིད་ཕངས་པ་ཞིག་ལ་ཁོང་གིས་མཁས་པ་སུ་དང་དཔེ་ཆ་གང་ནས་དེ་ལྟར་གསུངས་ཡོད་པའི་ཁུངས་ལུང་བཤད་མེད།

དེས་ན་ང་ཚོས་ཐོག་མར་སྟག་གཟིག་སྤུངས་ཡིག་བྱ་བ་དེ་དུས་ནམ་ཞིག་ལ་དར་བའི་གནས་ཚུལ་དེ་ཤེས་དགོས་ཏེ། དེ་ལའང་བཤད་ཚུལ་འདྲ་མིན་དུ་མ་ཞིག་སྣང་ཡང་། མཐར་གཏུགས་ན། ཞང་ཞུང་དུ་དར་བའི་བོད་ཀྱི་གནའ་བོའི་ཡི་གེ་ཞིག་ཡིན་གསལ་ཚང་མས་བཞེད་ཀྱིན་འདུག དུས་ཚོད་ཀྱི་ཐོག་ནས་བཤད་ན། བོན་གྱི་ཆོས་འབྱུང་དང་ལོ་རྒྱུས་ཁག་ཏུ་གཅིག་གྱུར་གྱི་ལྟ་ཚུལ་བྱུང་མེད་པས། དེས་ན་ང་ཚོས་གཏན་འབེབ་རང་བཞིན་ཀྱི་ལོ་ཚིགས་ཏག་ཏག་ཅིག་བཤད་དཀའ་ཡང་།

དུང་དཀར་ཚང་གིས། སྟག་གཟིག་སྤུངས་ཡིག་ནི། “གནའ་རབས་ཀྱི་བོད་ཡིག་ཡིག་གཟུགས་ཤིག་སྟེ་ཞང་ཞུང་གི་སྨར་ཡིག་ཀྱང་སྟག་གཟིག་སྤུངས་ཡིག་ལ་དཔེ་བྱས་ནས་བྱུང་བར་གྲགས།” ཞེས་གསུངས་པར་བརྟགས་ན་སྟག་གཟིག་སྤུངས་ཡིག་ནི་ཞང་ཞུང་སྨར་ཡིག་ལས་སྔ་བ་ཤེས་ནུས། དེས་ན་ཞང་ཞུང་སྨར་ཡིག་ནི་སྲོང་བཙན་སྐབས་སུ་ཞང་ཞུང་ཡུལ་དུ་དར་བའི་ཡི་གེ་ཞིག་ཡིན་པ་བོད་ཀྱི་ལོ་རྒྱུས་རྣམས་སུ་གསལ་བ་སོགས་ལ་གཞིགས་ན་གཟི་ཡིག་ནི་ཞང་ཞུང་སྨར་ཡིག་གི་སྔོན་ཞིག་ནས་དར་ཡོད་པ་ཤེས་ཐུབ་བོ།།

མཁས་པ་ལ་ལས་གཟི་ཡིག་བྱ་བའི་གོ་དོན་དངོས་ལ་ཞིབ་འཇུག་མ་བྱས་པར། གཟི་ཡིག་ཟེར་དུས་དོན་གཅིག་ལ་གོ་བ་ལེན་གིན་ཡོད་པ་དང་། ད་དུང་གཟི་ཡིག་ལ་ལོ་རྒྱུས་རིང་བོ་མེད་ཚུལ་སོགས་ཀྱི་སྐད་ཆ་བཤད་བ་ནི། སྤྱིར་ན་ཞིབ་འཇུག་མ་བྱས་པའི་སྐད་ཆ་ལྷག་མ་ཞིག་རེད་ལ། སྒོས་སུ་རང་གིས་ཕྱོགས་ཙམ་ཡང་མ་ངེས་བཞིན་དུ་ད་དུང་དོན་མེད་དུ་གཞན་ལ་བརྙས་སྨད་དང་སྡོམ་ཚིག་མང་པོ་བཀོད་པ་ལ་དངོས་གནས་བློ་ཕམ་ཆེན་པོ་སྐྱེས་སོང་།

ཡང་ཁ་ཅིག་གིས། “ང་ཚོས་ཡིག་གཟུགས་འཕེལ་བའི་ལོ་རྒྱུས་ལས་དཔྱད་ན་ཡང་གཟི་ཡིག་ནི་བོད་ཀྱི་ཡི་གེ་སྒྱུ་རྩལ་གྱི་ལམ་དུ་བསྙེགས་པའི་ཡིག་གཟུགས་ཤིག་ལས་གནའ་བོའི་ཡི་གེ་ཡིན་པ་སུས་ཀྱང་བསྒྲུབ་ཐུབ་མེད། ” ཅེས་པ་དང་།

“ལོ་རྒྱུས་ལ་དབྱེ་ཞིབ་ཐད་དུ་ལ་ལས་གཟི་ཡིག་འདི་ལོ་སྟོང་ཕྲག་འགའ་དང་ཡང་ན། ལོ་ཁྲི་ཕྲག་འགའི་ལོ་རྒྱུས་ཡོད་ཅེས་འུར་རྒྱག་བཞིན་ཡོད་མོད། དེ་ནི་མཐའ་ཆོད་པའི་དཔྱད་པ་ཞིག་གཏན་ནས་མ་རེད། དེ་དག་གིས་གཟིའི་ལོ་རྒྱུས་ལ་བརྟེན་ནས་གཟི་ཡིག་ལ་བསྡོམས་ཚིག་བཀོད་པའི་དགོད་བྲོ་བའི་ལྟ་བ་ཞིག་རེད། གཟི་ཡིག་ནི་གཟིའི་རི་མོ་ལ་ལད་མོད་བྱས་ནས་བྲིས་པའི་ཡི་གེ་ཞིག་ལས། གཟི་དང་དུས་མཉམ་དུ་བྱུང་བའི་ཡི་གེ་ཞིག་གཏན་ནས་མིན་ལ། གཟིའི་སྟེང་དུ་བྲིས་པའི་ཡི་གེ་ཞིག་ཀྱང་གཏན་ནས་མ་རེད།” ཅེས་པ་དང་།

ཡང་”ལ་ལས་ཆེད་དུ་གཟི་ཡིག་ཅེས་གླེང་ནས་ལོ་རྒྱུས་དངོས་མི་ཤེས་པ་དག་ལ་ཆེད་དུ་མགོ་སྐོར་གཏོང་བའི་ཆེད་དུ་བཤད་པ་ཡང་ཐོས་མོད་དེ་དག་ནི་ཞིབ་འཇུག་པ་བརྫུན་མ་ཞིག་ལས་མ་འདས་པས་དེ་དག་གི་སྐད་ཆ་ལ་རིན་ཐང་ཅི་ཡང་མེད་དོ།།” ཞེས་གསལ།

སྤྱིར་གོང་བཤད་ཀྱི་ནང་དོན་རྣམས་ནི་གཟི་དང་གཟི་ཡིག་སོགས་ལ་ཆ་རྒྱུས་གཏན་ནས་མེད་པའི་མི་དག་གི་སྐད་ཆ་ཡིན་ཕྱིར། དོན་ལ་གནས་པ་ཞིག་མིན་པས་ལན་གྱི་ངལ་བ་སོགས་ནི་མི་དགོས་ཀྱང་། འོན་ཏེ། མང་ཤས་ཀྱིས་གཟི་ཡིག་དང་གཟིའི་ཤེས་བྱའི་སྐོར་ལ་རྒྱུས་མངའ་མེད་པས། གང་བདེན་དང་གང་རྫུན་ཡིན་ཚུལ་གྱི་དབྱེ་བ་ཙམ་ཡང་འབྱེད་དཀའ་བས་ན། གཤམ་དུ་དོན་དངོས་ཇི་འདྲ་ཡིན་མིན་ཐད་ནས་ཅུང་ཟད་གླེང་བར་བྱ་སྟེ།

1;གཟི་ཡིག་ལ་ལོ་ཁྲི་ཕྲག་འགའི་ལོ་རྒྱུས་ཡོད་ཅེས་གང་དུ་བཤད་འདུག་གམ། གལ་ཏེ་རང་གིས་རྫུན་བསྒྲིགས་པ་མིན་ན་སུས་བཤད་པ་དང་དཔེ་ཆ་གང་དུ་ཡོད་པ་སོགས་གསལ་བོ་ཤོད་རོགས། མེད་ན་ནི་བརྙས་སྨོད་དང་རྡབ་ཞོག་མི་བཟོ་བར་མཁྱེན།

གཞན་ཉིད་ཀྱིས་བཤད་པ་ལྟར་ལ་ལས་གཟི་ཡིག་ལ་ལོ་ངོ་ཁྲི་ཕྲག་ལྷག་གི་ལོ་རྒྱུས་ཡོད་ཚུལ་བཤད་པ་བདེན་ན། དེ་ནི་ཧ་ལམ་ཞིབ་འཇུག་མ་བྱས་པར་རང་དགར་དུ་སྨྲས་པ་ཞིག་ཡིན་སྲིད་ཀྱི་རེད་འདོད། འོན་ཏེ་ངེད་ཀྱིས་ནི་ད་ཕན་དེ་འདྲ་ཡིན་ཚུལ་གྱི་ཡིག་ཆ་དང་གནས་ཚུལ་གང་ཡང་མཐོང་མྱོང་མེད་པས་ཡོད་མེད་མ་ངེས་སོ།།

2;གཟི་ཡིག་ལ་ལོ་ངོ་སྟོང་ཕྲག་འགའ་ཡོད་པ་རེད་ཅེས་བཤད་ཡོད་ན་ནི་བདེན་ཏེ། ངས་ཀྱང་དེ་ལྟར་དུ་འདོད་ཀྱིན་ཡོད། གཟི་ཡིག་ལ་ལོ་ངོ་སྟོང་ཕྲག་བཞིའི་ལོ་རྒྱུས་ཡོད་པ་ནི་བདེན་པ་རེད། ལོ་ངོ་སྟོང་ཕྲག་བཞི་ཡོད་པའི་རྒྱུ་མཚན་དང་ཁུངས་ལུང་ནི་གང་ལ་བརྟེན་ནས་བཤད་པ་རེད་ཅེ་ན། དེ་ནི་འདི་ལྟར་ཏེ།

སྤྱི་ལོ་སྔོན་གྱི་དུས་རབས་15་དང་20་སྐབས་སུ། གཙང་གཉིས་བཞུར་ཁོངས་སུ་གནས་པའི་ཛྙཱ་ཤྲཏི་རྒྱལ་རབས་དུས་ནས་བྱུང་བའི་གཟི་ཆུ་མིག་གཅིག་པའི་ངོས་སུ་མེ་སྭ་བྷོདྷ་མུས་ཡཱའི་ཡི་གེ་༼འཕྲལ་ནས་བལྟས་ན་བོད་ཀྱི་ལྗང་དཀར་ལིའི་གཟི་ཡིག་དང་ཅུང་འདྲ་བོ་ཡིན༽ཅན་རྙེད་པ་དེ་དག་ནི་ད་ཕན་གྱི་གཟི་ཡིག་རྣམས་ལས་ཆེས་སྔ་ཤས་ཀྱི་གཟི་ཡིག་ཡིན་ལ། དེའི་གྲས་ནས་ཚབ་མཚོན་རང་བཞིན་གྱི་གཟི་ཡིག་གཅིག་ནི་དེང་སང་ཨ་རིའི་ཉིག་ཡོ་མའོ་ཀུན་དཔེ་མཛོད་ཁང་དུ་༼现藏纽约摩根图书馆༽ཉར་ཚགས་བྱས་ཡོད།

གོང་གི་གཟི་ཡིག་ཆུ་མིག་ཅན་ནི། སྤྱི་ལོ་1958
ནས་1965་ལོར་དབྱིན་ཇིའི་གནའ་རྫས་རྟོག་ཞིབ་རུ་ཁག་གི་འགོ་གཙོ་རྗེ་མའོ་སི•མེལའར་ཏིས་༼JamesMellaart༽དབུ་དྲངས་ནས་ཐེངས་དུ་མར་སྔོག་འདོན་བྱས་ནས་རྙེད་པ་ཞིག་རེད། ཕྱིས་སུ་ཞིབ་འཇུག་བྱས་པ་ལྟར་ན། གཟི་ཡིག་ཅན་གྱི་ཆུ་མིག་དང་པོ་དེ་དང་རྣམ་སྲས་གཟི་དམར་ཡི་གེ་ཅན་དེ་དག་གི་ཐོག་མའི་འབྱུང་ཁུངས་སམ་བཟོ་སའི་ཡུལ་དང་མི་ནི་སེང་གེ་ཁ་འབབ་བམ་ཧིན་རྡུ་གཙང་པོའི་བཞུར་རྒྱུན་དུ་གནས་པའི་མེ་ལཱུ་ཧར་པ་༼Meluhha༽རྣམས་ཡིན་པ་ཤེས་རྟོགས་བྱུང་བ་རེད།

མེ་ལཱུ་ཧར་མི་བྱ་བ་ནི་མི་རྒྱུད་གང་ཞིག་ཡིན་པ་གསལ་ཐག་ཆོད་པ་ཞིག་སུ་ལའང་བཤད་ཀྱི་མེད་མོད། ཁོ་ཚོས་སེང་གེ་ཁ་འབབ་བཞུར་རྒྱུན་གྱི་སྟོད་ཡུལ་དུ་གནས་པའི་མི་རྒྱུད་ཅིག་ཡིན་པ་དེར་གཞིགས་ནས་མཁས་པ་ལ་ལས་ཨརྱཎ་གྱི་མི་རྒྱུད་ཡིན་པར་ཚོད་དཔོག་བྱས་ཡོད། མདོར་ན། ད་ཕན་གནའ་རྫས་ཞིབ་འཇུག་པ་ཚོས་རྙེད་པའི་གཟི་ཡིག་སྔ་ཤས་ནི་གོང་དུ་བཤད་པ་འདི་དག་ཡིན་ལ། གནས་ཚུལ་དེ་ལས་ང་ཚོས་ཤེས་ཐུབ་པ་ཞིག་ནི་མཁས་པ་ཁ་ཅིག་གིས་བཤད་པ་ནང་བཞིན་”གཟིའི་སྟེང་དུ་བྲིས་པའི་ཡི་གེ་ཞིག་གཏན་ནས་མེད་”ཚུལ་བཤད་པ་ནི་སྤྱི་བརྟོལ་སྨྲ་བ་འབའ་ཞིག་ཞིག་ཡིན་པའང་རང་ཤུགས་ཀྱིས་ཤེས་ནུས་སོ།།

གཟི་ཡིག་འདིའི་རྣམ་པ་དང་རང་རེའི་བོད་ཡུལ་ཞང་ཞུང་དུ་དར་བའི་གཟི་ཡིག་པ་ཏྲ་ཅན་ནམ་ལྗང་དཀར་ལིའི་གཟི་ཡིག་ཅེས་གྲགས་པའི་ཡི་གེ་དེ་འཕྲལ་ནས་བསྒྲིགས་པ་ལྟ་བུ་ཡིན་ཚེ། འདི་གཉིས་འདྲ་སའི་ཆ་ཡོད་ཀྱང་། འོན་ཏེ། ང་ཚོས་གཟི་ཡིག་དེ་གཉིས་བརྒྱུད་ཁུངས་གཅིག་ནས་འཕེལ་རྒྱས་བྱུང་བ་ཡིན་མིན་ནི་ད་དུང་བཤད་དཀའ་མོ་ཞིག་རེད།

དེ་བཞིན་དུ། ལྗང་དཀར་ལིའི་གཟི་ཡིག་གམ་གཟི་ཡིག་པ་ཏྲ་འདི་ནི། གནའ་བོའི་ཡི་གེ་ཞིག་མིན་པར་བཤད་པ་ཡང་། ནམ་རྒྱུན་འོལ་ཚོད་ལ་གོམས་དྲགས་པའི་བཤད་ཚུལ་ཞིག་ལས། རྒྱུ་མཚན་ཅི་ཡང་མེད་དོ།།

སྤྱིར་ལྗང་དཀར་ལིའི་གཟི་ཡིག་འདི་སྟག་གཟིག་སྤུངས་ཡིག་དར་བའི་དུས་ནས་དར་ཞེས་མཁས་དབང་དུང་དཀར་ཚང་གིས་གསུངས་པ་དེ་ནི་ཤིན་ཏུ་མད་པར་འདོད་དེ། དེ་ཅི་ཡིན་ཞེ་ན། སྐུ་འབུམ་དགོན་པར་ཡོད་པའི་གཟི་ཡིག་གི་ཤིང་པར་མ་ཕྱི་དེ་ཡང་ལོ་བརྒྱ་དང་ལྔ་བཅུའི་སྔོན་ཞིག་ནས་སྐུ་འབུམ་དུ་ཡོད་པར་བཤད་པ་དང་། ལ་ལས་ལྕང་ལུང་པཎྚི་ཏའི་སྐབས་ནས་ཤིང་པར་དུ་བཀོད་པར་བཤད་པ་དང་། ཁ་ཅིག་གིས་རྒྱལ་རོང་ནས་རྙེད་པ་སོགས་བཤད་ཚུལ་མི་གཅིག་ཀྱང་། མདོར་ན། དེ་དུས་དེང་སང་གི་མི་ལ་ལ་ནང་བཞིན་ཞང་ཡིག་དང་གཟི་ཡིག་སོགས་ཀྱི་ལ་རྒྱ་བརྩད་དེ་བསམ་གཟས་ནས་དཀྲོག་གཏམ་བཟོས་པའི་རྒྱུ་མཚན་གང་ཡང་མེད་དོ།།

3;གཏེར་སྟོན་རྒོད་ལྡེམ་པའི་གསུང་དང་། བོན་གྱི་རྟེན་འགྱུར་ཁྲོད་དུའང་གཟི་ཡིག་གི་སྐོར་ཡོད་པར་ཐོས་ཀྱང་། ངེད་ཀྱིས་ནི་ད་ཕན་ཡིག་ཚང་དེ་དག་ལ་བལྟ་ཁོམ་མ་བྱུང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་༼1308—1363༽རྣམ་ཐར་དུ། ཀུན་མཁྱེན་གྱིས་ཞྭ་ལྷ་ཁང་ནས་”གཟི་ཡིག་པ་ཏྲ”་སོགས་གཏེར་ནས་བླངས་ཞེས་གསལ་བོར་གསུངས་ཡོད། དེར་བརྟེན་ནས་མཁས་པ་ལ་ལས་ཞྭ་ལྷ་ཁང་ནི་ཁྲི་ལྡེ་སྲོང་བཙན་གྱི་བླ་མཆོད་དང་ཆོས་སྲིད་གཉིས་ཀྱི་བློན་ཆེན་དུ་བཞུགས་པའི་བནྡེ་མྱང་ཏིང་ངེ་འཛིན་གྱིས་བཏབ་པ་ཡིན་པས། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་ཞྭ་ལྷ་ཁང་ནས་གཏེར་དུ་བཞེས་པའི་”གཟི་ཡིག་པ་ཏྲ་”དེ་ནི། བནྡེ་མྱང་ཏིང་འཛིན་སྐབས་ཀྱི་ཡིན་པར་བཤད་པ་ལའང་རྒྱུ་མཚན་གཏན་ནས་མེད་པ་ཞིག་ག་ལ་ཡིན་ནོ།།

གང་ལྟར་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་རྣམ་ཐར་དུ་གསལ་བའི་གཟི་ཡིག་པ་ཏྲའི་ལོ་རྒྱུས་ལས། ང་ཚོས་མ་མཐའ་ཡང་ལོ་ངོ་དྲུག་བརྒྱའི་སྔོན་དུ་གཟི་ཡིག་ཅེས་པའི་མིང་འདི་དངོས་སུ་བེད་སྤྱོད་གཏོང་གིན་ཡོད་པ་ཤེས་ནུས་པ་དང་། ཞོར་དུ་གཟི་ཡིག་བྱ་བའི་མིང་ནི་གསར་བ་ཡིན་ཚུལ་དང་དེང་སང་གསར་དུ་བཤད་པ་ལྟ་བུ་ཡིན་ཅེས་ཤོད་མཁན་དག་གི་རྫུན་ཁུངས་ཀྱང་འདིས་བརྟོལ་བ་ཤེས་བར་བྱའོ།།

4;གཞན་བོད་ཀྱི་དམངས་ཁྲོད་དུ་བཤད་པའི་གཟི་ཡིག་སྟེ། གཟི་རང་སྟེང་ལ་བོད་ཡིག་གི་གསལ་བྱེད་ཨ་ཆེན་དང་། འ་དང་། བ་དང་། ཀ་དང་། ཧཱོུཾ་སོགས་ཡོད་པ་དེ་དག་ལ་གཟི་ཡིག་ཟེར་ཞིང་། དེའི་གྲས་ནས་བོད་ཡུལ་དུ་ཆེས་སྐད་གྲགས་ཆེ་ཤས་ནི། ལབ་སྐྱབས་མགོན་གྱི་གཡང་སྒམ་དུ་བཞུགས་པའི་གཟི་ཡིག་ཨ་ཅན་དང་། ཉག་བླའི་བླ་གཟི་རུ་གྲགས་པའི་གཟི་ཀ་ཡིག་ཅན་དང་། རྨེ་བ་མདོ་རིན་པོ་ཆེའི་གཟི་ཡིག་ཧཱོུཾ་ཅན་སོགས་ཡིན་པར་བཤད་དོ།།

ལོ་འདི་དག་ལ་ངེད་ཀྱིས་ཀྱང་གཟི་ཡིག་ཨ་ཅན་དང་ཧཱུཾ་ཅན་དང་བ་ཅན་སོགས་རེ་འགའ་དངོས་སུ་མཐོང་མྱོང་བ་མ་ཟད། ད་དུང་དེ་དག་ལ་དངོས་སུ་ཞིབ་ཏུ་བརྟག་རྒྱུའི་གོ་སྐབས་ཀྱང་བྱུང་བ་ཡིན།

འདྲ་པར་རྣམས་ནི་གང་སར་སྤེལ་རྒྱུར་གཟི་བདག་གིས་འཐད་པ་མ་བྱུང་ཡང་། ངེད་ཀྱི་༼གཟི་ལམ་འཚོལ་བ༽་ཡི་དཔེ་ཆ་རུ་འགོད་ཆོག་པའི་མོས་མཐུན་བྱུང་ཡོད། གཟི་ཡིག་འདི་དག་དུས་རབས་ནམ་ཞིག་གི་ཡིན་པ་དང་། ལོ་ངོ་ག་ཚོད་འགོར་ཡོད་པ་སོགས་ནི་ད་དུང་གསལ་ཐག་ཆོད་པ་ཞིག་བཤད་དཀའ་ཡང་། གཟི་ཡིག་ཡོད་པའི་གཟི་དེ་དག་ནམ་ཞིག་ལ་བྱུང་བ་རེད་ཅེ་ན། དེ་ལ་ཐེ་ཚོམ་ཅི་ཡང་མི་དགོས་པ་ཞིག་ནི། གཟི་རྙིང་གང་ཡིན་ཡང་དེའི་གཟི་རིས་ནི། གཟི་དེ་ནམ་ཞིག་ལ་བཟོས་པ་དེའི་སྐབས་སུ་བྱུང་བ་ནི་གོར་མ་ཆག ང་ཚོས་ཤེས་པ་ཡིན་ན། གཟི་རྣལ་མ་གང་ཡིན་ཡང་དེ་དག་གི་གཟི་རིས་ནི་མིས་ཆེད་དུ་བཀོད་པ་ཞིག་ཡིན་པ་མངོན་གསལ་རེད་ལ། དེ་ཡང་རང་རང་གི་དད་མོས་དང་རིག་གནས་ཀྱི་རྒྱབ་ལྗོངས་བཅས་ལ་འབྲེལ་བ་ཡོད་པ་ཞིག་ཡིན་པ་ནི། དཔེར་ན། གཟི་ཚེ་བུམ་དང་། གནམ་ས་ཁ་སྤྲོད། གཟི་རྡོ་རྗེ། གཟི་ཁྱུང་རྭ། གཟི་ཆུ་མིག་དང་པོ། གཟི་ཆུ་མིག་བཅུ་གསུམ། གཟི་ཆུ་མིག་ཉེར་བདུན། གཟི་ཆུ་མིག་དགུ་པ་སོགས་ལ་བལྟས་ན་ཤེས་ནུས་སོ།།

ཉེ་རབས་སུ་བོད་ཡུལ་ནས་གཟི་དང་འབྲེལ་བའི་གནའ་རྫས་སྔོག་འདོན་བྱས་པའི་ཡིག་ཆ་འགའ་རེ་མཐོང་མྱོང་ཞིང་། དེ་དག་ལས་ཅུང་སྔ་ཤས་ནི་དབྱི་ཏཱ་ལའི་བོད་རིག་པའི་མཁས་པ་ཏུའུ་ཆིས་ལགས་ཀྱིས་བརྟག་དཔྱད་བྱས་པ་དེ་རེད་འདུག་ལ། ཁོང་གིས་གཟི་རིགས་འདྲ་མིན་ལ་བརྟག་དཔྱད་བྱས་པའི་ཐོ་ཡིག་ཏུ། གཟི་རིགས་ལ་ལ་ཞིག་ནི་ལོ་ངོ་2300ཡས་མས་ཀྱི་ཡིན་པར་བཤད་ཡོད་པ་དང་། ཟི་ཁྲོན་སྨར་ཁམས་རྫོང་གི་གནའ་བོའི་བང་སོ་ཞིག་ནས་ལོ་ངོ་བཞི་སྟོང་4000་འགོར་ཡོད་པའི་གཟི་ཞིག་རྙེད་པའི་སྐོར་འཁོད་འདུག ངེད་ཀྱིས་ནི་གོང་དུ་བཤད་པའི་གཟིའི་སྐོར་གྱི་ངོ་སྤྲོད་ཡི་གེ་མཐོང་བ་ལས་གཟི་དངོས་མ་དང་ཡང་ན་དེ་རྣམས་ཀྱི་འདྲ་པར་མཐོང་མ་མྱོང་། འདྲ་པར་དང་ཡིག་ཚང་གཉིས་ཀ་མཐོང་བའི་སྐོར་ནི་ཉེ་ཆར་དུར་ལམ་རྫོང་གི་བང་སོ་ནས་བཏོན་པའི་གཟི་རིགས་སྣ་ཚོགས་དང་། མངའ་རིས་སྒར་རྫོང་ནས་རྙེད་པའི་གཟི་ཁྲ་དང་གཟི་དམར་སྐོར་ཡིན། ཡུལ་དེ་དག་ནས་བྱུང་བའི་གཟི་རིགས་རྣམས་ནི་དུས་རབས་གཉིས་པ་2—3སྐབས་ཀྱི་ཡིན་པར་གསལ་བཤད་བྱས་ཡོད།

གོང་འཁོད་ཀྱི་ནང་དོན་ཁག་ལས་ང་ཚོས་ཤེས་ཐུབ་པ་ཞིག་ནི། གཟི་བྱུང་བ་དང་དུས་མཉམ་དུ་གཟི་རིས་དང་གཟི་ཡིག་བཅས་བྱུང་བ་ནི་བསྙོན་མེད་ཅིག་ཡིན་ལ། གལ་ཏེ་གཟིའི་སྟེང་ལ་བོད་ཡིག་གི་གསལ་བྱེད་ཡི་གེ་སོགས་ཡོད་ན་དེ་དག་ཀྱང་གཟི་དེ་བྱུང་བ་དང་མཉམ་དུ་བྱུང་བ་ནི་མངོན་གསལ་རེད། དེའི་ཕྱིར། ང་ཚོས་གཟི་ཡིག་དེ་དག་ལ་ལོ་ངོ་སྟོང་ཕྲག་གཉིས་དང་བཞི་ཡས་མས་ཀྱི་ལོ་རྒྱུས་འདུག་ཟེར་བའི་རྒྱུ་མཚན་དེ་ལ་ཐུག་གོ།

གཞན་གཟི་ཡིག་ཡིན་ན་དེང་སང་རང་རེས་སྤྱོད་བཞིན་པའི་བོད་ཡིག་འདི་ཡིན་མི་དགོས་སོ།། དཔེར་ན། ཞང་ཞུང་སྨར་ཡིག་དང་། སྟག་གཟིག་སྤུངས་ཡིག ལྗང་དཀར་ལིའི་གཟི་ཡིག་བཅས་ནི་གནའ་བོའི་དུས་སུ་བོད་ཀྱི་རྒྱལ་ཕྲན་ཞང་ཞུང་ཡུལ་དུ་དར་བའི་བོད་ཀྱི་ཡི་གེ་ཞིག་ཡིན་ཡང་། དེང་སང་རང་ཅག་གིས་སྤྱོད་བཞིན་པའི་བོད་ཡིག་འདི་དང་མི་འདྲ་བ་བཞིན་ནོ།།

གཟི་ཡིག་པ་ཏྲ་འདི་ཡང་དེང་གི་བོད་ཡིག་ནས་བྱུང་བའི་སྒྱུ་རྩལ་གྱི་ཡི་གེ་ཞིག་རེད་ཅེས་པའང་འོལ་ཚོད་བྱས་པ་ཙམ་ལས་རྒྱུ་མཚན་དང་ཁུངས་ལུང་གང་ཡང་མེད་དེ། ཡོད་ན་ནི་དེ་ལྟར་ཡིན་པའི་ཡིག་ཚང་གི་ཁུངས་དང་གནའ་རྫས་ཀྱི་བདེན་དཔང་སྟོན་དགོས་སོ།། དེ་མིན་”ཡིག་གཟུགས་འཕེལ་བའི་ལོ་རྒྱུས་ལ་དཔྱད་ན་”ལྟ་བུའི་སྒྲུབ་བྱེད་ཙམ་ལ་ཁུངས་བཅོལ་ནས་བཤད་ན་ང་ལ་ནི་དངོས་གནས་གད་མོ་འཆོར་འོང་གིན་འདུག གལ་ཏེ་དེ་ལྟར་ཡིན་ན་ངས་ཀྱང་ཁྱེད་ཅག་གི་སྒྲུབ་བྱེད་ལྟར་དུ་ཞང་ཞུང་སྨར་ཡིག་དང་གུཔྟའི་ཡི་གེ་སོགས་ཀྱང་བོད་ཡིག་ལས་འགྱུར་བ་བཏང་ནས་བྱུང་བ་རེད་ཅེས་བཤད་མི་ཆོག་པ་ཅི་ཡོད། རྒྱུ་མཚན་ནི་བོད་ཡིག་གི་གསལ་བྱེད་དང་ཡིག་གཟུགས་ཀྱི་འཕེལ་རིམ་སོགས་དང་ཤིན་ཏུ་འདྲ་བས་སོ།།

མེ་སྭ་བྷོདྷ་ཡཱའི་གཟི་ཡིག་རྣམས་ནི་ལོ་ངོ་བཞི་སྟོང་འགོར་ཡོད་པའི་བདེན་དཔང་འཛམ་གླིང་གི་གནའ་དཔྱོད་ལོ་རྒྱུས་ཐོག་ཏུ་ཡོངས་སུ་བསྒྲགས་ཟིན་པ་ཞིག་ཡིན་པས། ཁྱེད་ཅག་གིས་དེ་འདྲ་ཡོད་པ་མ་རེད་ཟེར་བ་ལྟ་བུ་བཤད་ཡོང་ན་ང་ནི་དངོས་གནས་ངོ་ཚ་སྟེ་གང་དུ་གཞོལ་དགོས་པའང་མི་ཤེས་པར་གྱུར།

མདོར་ན། གཟི་ཡིག་བྱ་བ་ལ་གོ་དོན་བཞི་ཡོད་པ་དང་། གོ་དོན་བཞི་བོ་དེ་དག་གི་ངོ་བོ་དང་ལོ་རྒྱུས་ཀྱི་འཕེལ་རིམ་སོགས་ཀྱང་མི་འདྲ་བས། ང་ཚོས་གཟི་ཡིག་ཟེར་དུས་དོན་གཅིག་ལ་གོ་བའི་ནོར་འཁྲུལ་དེ་སྤང་དགོས་ལ། ཧོལ་རྒྱུག་དང་མྱོང་ཚོར་ཐན་ཐུན་གྱིས་སྡོམ་ཚིག་མི་འཇོག་པར། ཚན་རིག་དང་མཐུན་པའི་སྒོ་ནས་གྲུབ་ཆ་རེ་རེའི་རྫས་སྦྱོར་དང་། བརྡ་མཚོན་སོ་སོའི་བྱེད་ལས། དུས་སྐབས་མི་འདྲ་བའི་ཡིག་ཚང་གི་གནས་བབ་སོགས་ལ་རིག་གཞུང་འདྲ་མིན་གྱི་བྱེད་ཐབས་སྤྱད་དེ་དབྱེ་ཞིབ་དང་དཔྱད་པ་གཏང་རྒྱུ་ནི་ཧ་ཅང་གི་གལ་ཆེའོ།།

ཉེ་ཆར་ངེད་ཀྱིས་ཤེས་པ་ཡིན་ན། སྤྱིར་ན་གཟི་ལ་རིགས་མི་འདྲ་བ་སྟོང་གཅིག་ལྷག་འདུག་ལ། ངེད་ཅག་གིས་དེ་དག་ལས་དྲུག་ཅུ་ཡས་མས་ཀྱི་མིང་དང་མཚོན་དོན་སོགས་ཆ་ཚང་ཞིག་ཤེས་རྟོགས་བྱུང་བ་དང་། གཞན་ཉིས་བརྒྱ་ལྷག་གི་མིང་ཙམ་ནི་ཤེས་ཀྱང་དེའི་གོ་དོན་དང་མཚོན་དོན་ཅི་ཡིན་ད་དུང་ཡང་གསལ་བོ་ཞིག་ཤེས་ཀྱི་མེད། གཞན་དག་ནི་དེ་བས་ཀྱང་ག་ལ་ཤེས། མི་ཤེས་ཏེ་མིང་ཙམ་ཡང་ཤེས་མ་ཐུབ་ཟེར་བ་དེ་ཡིན། མི་སྐོར་ཞིག་གིས་ཆེད་དུ་ལོ་ཉི་ཤུ་ལྷག་ལ་གཟི་རིགས་འདྲ་མིན་ལ་ཞིབ་འཇུག་བྱས་ཀྱང་ད་དུང་སྡོམ་ཚིག་འགོད་མི་ནུས་པ་ཞིག་ལ། མི་ལ་ལས་ཉིན་གཅིག་གཉིས་ལ་དཔེ་ཆ་རེ་གཉིས་ཤིག་བལྟས་སྡོམ་ཚིག་བཀོད་པ་མཐོང་ན་དངོས་གནས་སྙིང་མི་ན་ནའང་ཡིད་ཆད་པ་ཞིག་རེད་དོ།།

མཐར་ངེས་པར་དུ་གསལ་བཤད་བྱ་དགོས་པ་ཞིག་ནི། ལོ་སུམ་ཅུའི་ཡར་སྔོན་དུ་བོད་ཡིག་གི་གཟི་བྱ་བ་ལ། རྒྱ་ཡིག་ཏུ་མ་ནོ་玛瑙་ཞེས་བསྒྱུར་ཡོད་ལ། རྣམ་སྲས་གཟི་དམར་ལའང་རྒྱ་ཡིག་ཏུ་红玉髓་ཞེས་བསྒྱུར་ཡོད། དེང་སང་རྒྱ་ཡིག་ཏུ་天珠་བྱ་བའི་ཡི་གེ་འདིའི་འབྲི་སྟངས་བྱུང་ནས་ལོ་སུམ་ཅུ་ཡང་འགོར་མེད་པས། དེའི་ཡར་སྔོན་ན་རྒྱ་ཡིག་ཏུ་ཇི་ལྟར་བྲིས་ཡོད་མེད་ནི་ངེས་པར་དུ་ཤེས་དགོས་སོ།། ལ་ལས་འདི་དག་གི་ཁྱད་པར་དང་དབྱེ་བ་དགར་མ་ཤེས་ནས་མགོ་འཐོམས་མུན་དོང་དུ་ཚུད་དེ་གོ་ལོག་དང་བསྙོན་ཧམ་བྱས་ཡོད་པའང་མི་ཉུང་བ་ཞིག་འདུག་གོ།

གཞན་མི་མང་པོ་ཞིག་གིས་གནའ་རྫས་རྟོག་ཞིབ་རིག་པའི་བཤད་སྟངས་དེ་ལ་གོ་བ་ཡག་པོ་ཞིག་ལེན་ཤེས་ཀིན་མི་འདུག ལོ་སྟོང་ཕྲག་འགའ་དང་ཁྲི་ཕྲག་མང་པོའི་སྔོན་གྱི་ལོ་རྒྱུས་དང་ཅ་ལག་ཅིག་ལ་ཞིབ་འཇུག་བྱེད་སྐབས་དུས་ཚོད་ཐད་ནས་ལོ་སུམ་བརྒྱ་ཡས་མས་ཀྱི་ཧེ་བག་ཙམ་ནི་རྒྱལ་སྤྱིའི་གནའ་དཔྱོད་མཁས་པ་སུ་ལའང་བྱུང་དང་འབྱུང་གིན་ཡོད། དེ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་རེད། གལ་ཏེ་དེ་ལྟར་མིན་པར་ལོ་སྟོང་ཕྲག་མང་པོ་དང་ཁྲི་ཕྲག་དུ་མའི་སྔོན་གྱི་ལོ་རྒྱུས་ཤོད་སྐབས། ལོ་འདི་དང་ཟླ་ཚེས་ཅིག་ཅིག་ལ་ཟེར་བ་སོགས་ནི། མོ་པ་དང་། རྩིས་པ་དང་། ལུང་བསྟན་པ་རྣམས་ཀྱི་བཤད་ཕྱོགས་ཤིག་ལས་གནའ་དཔྱོད་ཉམས་ཞིབ་པ་དག་གི་བཤད་ཕྱོགས་ཤིག་མིན་པ་ཞོར་ནས་མཁྱེན་དགོས་ཞེས་དྲན་སྐུལ་ཞུས་པ་ཡིན་ནོ།།

1; སྣང་རྒྱལ་ཨ་ཏི་ཤེས་རབ་ཉི་མས་བྲིས་པའི་༼ཡིག་རིགས་བརྒྱ་ཡི་མ་ཕྱི་འཛམ་གླིང་མཁས་དགུའི་མཛེས་རྒྱན་ཕྱོགས་ལས་རྣམ་རྒྱལ་ཞེས་༽བྱ་བ། བོད་གཞུང་ཤེས་རིག་ལས་ཁུངས་ནས་དཔར་དུ་བསྐྲུན།

2;མངའ་རིས་ས་ཁུལ་རྩ་མདའ་རྫོང་ཁོངས་ཀྱི་ཨེམ་ཆུ་དཔལ་ལྡན་ཡེ་ཤེས་ལགས་ཀྱིས་ཡུན་རིང་ཉར་ཚགས་གནང་བའི་བོན་གྱི་སུམ་རྟགས་པར་པོད་ལས་འདྲ་བཤུས་བྱས།
ཞེས་གསལ།
རྩོམ་པ་པོ།ཚངས་དབང་དགེ་འདུན་བསྟན་པ། བཙན་པོ་ཚང་ནས་གཡར།