གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་གླིང་གི་སྐབས་༡༨པའི་དགེ་བཤེས་ཁྲི་བཞེངས་མཛད་སྒོ།

IMG_1203བོད་ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་ཏེ་ཕྱི་ལོ་༢༠༡༦ཟླ་བ་༢ཚེས་༢༣ཉིན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་སྐབས་བཅོ་བརྒྱད་པའི་དགེ་བཤེས་རྣམས་ཁྲི་བཞེངས་དགའ་སྟོན་མཛད་པ།

IMG_1194

སྨན་རིའི་གླིང་གི་དགེ་བཤེས་མཛད་སྒོ་ཉིན་མཐའ་མ་སྐལ་བཟང་ཁྲི་བཞེངས་སྐོར་གྱི་ཕྱག་ལེན་མཛད་རིམ།
བོད་ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་ཞོགས་ཚོགས་གྲོལ་རྗེས་ཕྱག་ཚོད་བཅུ་པའི་ཐོག། སྔོན་འགྲོའི་གྱེར་སྐབས་ཀྱི་སྟ་གོན་བཞིན། ༧སྐྱབས་རྗེ་མཁན་སློབ་རྣམ་པ་གདན་ཞུའི་གོ་སྒྲིག་བྱ་དགོས། དམིགས་བསལ་སྐུ་མགྲོན་ཆེ་ཁག་དང་བོན་གཞིས་རྒན་གཞོན་མང་ཚོགས་ཀྱིས་བོན་དར་དང་ཚན་པ་གང་འབྱོར་རེ་བསྣམས་ཏེ། འཆམ་རའི་ནང་ཕྲེང་བསྒྲིག་དགོས། དེ་རྗེས་སྤོས་གླིང་གིས་སྣ་དྲངས་ཏེ་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང། བཀའ་རམས་པ་དང་མཆོད་སྟེགས་པ་གཉིས་རེ་སྤེལ་ཏེ་གོ་རིམ་བཞིན་འདུལ་ཁང་དུ་ཕེབས་དགོས། སྔར་མུས་ལྟར་འདུས་མང་གིས་བྱམས་མའི་སྔགས་བསྟོད་གསུངས་ཤིང་ཇ་མཆོད་ཟླ་བྲལ་ཨ་དཀར་གྱེར་ཏེ་བཀྲ་ཇ་མཆོད། བླ་གྲྭ་དགེ་བའི་བཤེས་གཉེན་དང་ལོ་རིམ་གོང་འོག་གི་བཤད་སྒྲུབ་སློབ་གཉེར་བ་རྣམས་ནས་བཀྲ་ཤིས་པའི་རྟགས་གསལ་རྩོད་གནང་དགོས། དེ་རྗེས་འདུས་མང་ནས་བར་ཆད་ལམ་སེལ་གསུངས་ཏེ་ཚོགས་གྲོལ། ཉིན་གུང་ཕྱག་ཚོད་བཅུ་གཅིག་དང་ཕྱེད་ཀ་ནས་བཅུ་གཉིས་བར་འགྲོ་སྟངས་སྔར་མུས་ལྟར་ཡིན། ཕྱེད་ཡོལ་ཕྱག་ཚོད་དང་པོའི་ཐོག་དམིགས་བསལ་གདན་ཞུ་མི་དགོས་པར་མཁན་སློབ་བླ་གྲྭ་ལྷན་རྒྱས་འདུལ་ཁང་དུ་ཕེབས།

བཀའ་རམས་པ་རྣམས་ཚོགས་གྲལ་དུ་འཁོད་མཚམས་འདུས་མང་ནས་བྱམས་མ་སྔགས་བསྟོད་དང་ཇ་མཆོད་སྐྱབས་མཆོག་དམ་པ་གྱེར་དབྱངས་གནང་དགོས། ཚོགས་ཆེན་དགེ་སྐོས་ནས་ཆབ་བརྒྱབས་མཚམས་བཀའ་རམས་པ་རྣམས་ཚོགས་གྲལ་ནས་བཞེངས་ཏེ་གུས་ཕྱག་གསུམ་ཕུལ།  དེ་ནས་རྟེན་གཙོ་དང་མཁན་སློབ་རྣམ་པ་མཇལ་ཁ་གྲུབ་རྗེས་ཚོགས་གྲལ་དབུས་ནས་རྒན་རིམ་བཞིན་ཕྲེང་སྒྲིག  དེ་མུས་སུ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་མཚན་བཏགས་ཀྱི་ཚིག་བཤད་རབ་དཀར་པད་མོའི་ཕྲེང་མཛེས་རྒྱས་པར་གསུངས།  དེ་རྗེས་དགེ་འདུན་འདུས་པ་རྒྱ་མཚོ་ནས་མདོ་ཡན་ལག་བརྒྱད་པ་ལས་ཟུར་དུ་ཕྱུང་བའི་བསྔོ་བའི་ཚིག་བཤད་བདེར་གཤེགས་སྤྱན་དྲངས་བརྗོད།  ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ནས་བསྔོ་བ་བདེ་ལེགས་མ་གསུངས་པའི་རིང་ལ་བཀའ་རམས་པ་རྣམས་གྲལ་མཇུག་ཏུ་ཕེབས་ནས་གུས་ཕྱག་འབུལ་དགོས།

དེ་རྗེས་འདུས་མང་ཡོངས་ནས་སྔ་རབས་འདས་པ་སོགས་གསུངས་ཏེ་དམིགས་མེད་བསྔོ་བའི་རྒྱས་འདེབས་ལེགས་པར་མཛད།  བཀའ་རམས་པ་རྣམས་ནས་མཆོད་ཚིག་སྨོན་པ་ཡོངས་གྲུབ་གསུངས་ཏེ་མཆོད་འབྲུ་གཏོར།  དེ་ནས་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་མཆོག་ནས་དགེ་བའི་བཤེས་གཉེན་གྱི་ཕྱག་འཁྱེར་དང།  བྱིན་ཅན་སྲུང་མདུད་དྲི་མེད་ལྷ་དར་བཅས་གནང་གྲུབ་རྗེས།  ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་སྨན་རིའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་ནས་མགུལ་དར་འབུལ་དགོས།

དེ་རྗེས་དགེ་བའི་བཤེས་གཉེན་རྣམས་གྲལ་བར་དུ་ཡར་མར་ཕེབས་མུས་སུ་མཚན་ཉིད་ཚིག་བཀྲའི་རིམ་པ་རབ་དཀར་པད་མོའི་ཕྲེང་བ་སྐད་གསང་མཐོན་པོས་སྒྲ་དག་ཚིག་གསལ་གྱི་ངང་ནས་གསུངས་གྲུབ་རྗེས་གུས་ཕྱག་དང་བཅས་རང་གནས་སུ་བཞུགས།  བསླབ་གསུམ་འདུས་པ་རྒྱ་མཚོ་ཡོངས་ནས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྙིང་པོ་ཐེག་པ་ཆེན་པོ་ཡུམ་གྱི་མདོ་གསུངས་ཤིང་ཁྲུས་ཆུ་ལ་བསྔགས་ཏེ་ཚོགས་གྲོལ་མཚམས།  འདུལ་ཁང་གི་སྒོ་འཁྱམ་དུ་འདུས་མང་རྣམས་ཞལ་ནང་དུ་བསྒྱུར་ཏེ་གཤེན་གྱི་དགེ་སྤྱོད་རྣམ་པར་དག་པའི་མདོ་ལྟར་བསྐོར་བའི་ཡན་ལག་རྒྱས་པར་གསུངས།

དེ་ནས་ཐམས་ཅད་འཆམ་རར་ཕེབས་ཏེ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་སེར་སྐྱ་མི་མང་ཡོངས་ལ་རྣམ་འཇོམས་བྱབ་ཁྲུས་གནང་གྲུབ་པའི་རྗེས་འདུལ་ཆོག་ལྟར་ཉུ་ལེ་བཀར་བདུད་ཟློག་དང་ཞི་གྱུར་བརྗོད།

དེ་རྗེས་འདུས་མང་རྣམས་ཞལ་ཡར་ཕྱོགས་ཏེ་སྒོ་འཁྱམ་དུ་འདུལ་ཆོག་སྨོན་ལམ་གསུངས་དགོས། དེ་མཚམས་ཞྭ་དཀར་བསྟན་པའི་གཙུག་རྒྱན་མཆོག་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོ་སྐལ་པ་བཟང་ཞེས་གསུངས་པ་དང་ཆབས་ཅིག།  དགེ་འདུན་འདུས་ཚོགས་ཡོངས་ནས་སྐལ་པ་བཟང་ཞེས་ལན་གསུམ་རྗེས་ཟློས་བྱ་དགོས།  དེ་ནས་༧སྐྱབས་རྗེ་མཁན་སློབ་རྣམ་པ་དང་བཤད་སྒྲུབ་མཁན་སློབ་རྣམ་པ་རིམ་བཞིན་སྤོས་གླིང་གིས་སྣ་དྲངས་ཏེ་གཟིམ་ཤག་ཏུ་གདན་འདྲེན་ཞུ་དགོས།

དེ་རྗེས་རིམ་གྱིས་དགེ་བཤེས་གསར་པ་རྣམས་ཀྱང་སྤོས་གླིང་གིས་མདུན་ནས་བསུས་ཏེ་ཞྭ་དཀར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་ཁང་དུ་མངའ་གསོལ་ཁྲི་བཞེངས་དང་འབྲེལ།  སེར་སྐྱ་མི་མང་ཡོངས་ནས་བཀྲ་ཤིས་ལྷ་དར་དཀར་པོས་མདུན་ནས་བཏེགས་ཏེ། བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོ་སྐལ་པ་བཟང་ཞེས་པའི་སྒྲ་དབྱངས་དང་བཅས་དར་འབུལ་མཇལ་བཅར་གྱི་ཕན་ཐོགས་འབུལ་རྒྱུ་དང་། གསོལ་ཇ་འཁུར་ཟས་སོགས་ལ་རོལ་ཞིང་དགའ་སྟོན་རྟེན་འབྲེལ་གྱི་མཇུག་ལེགས་པར་གྲུབ་ཡོད་པ་དང་སང་ཉིན་བོད་ཚེས་༡༧ཉིན་བོན་གཞིས་སེར་སྐྱ་ཡོངས་ལ་གསང་སྔགས་སྒོམ་གྲུབ་གླིང་དུ་གསོལ་ཚིགས་རྒྱས་འབུལ་ཞུ་རྒྱུ་ཡིན་པ་བཅས་ཀྱི་གནས་བསྡུས་ཙམ་མོ།།

བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་གྲུབ་ཀྱི་གསུང་རྩོམ་ལས་དྲངས།