གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧ དཔལ་གཤེན་བསྟན་སྨན་རིའི་གླིང་གི་ལོ་གསར།

IMG_0141དེ་ཡང་གངས་ཅན་ཁ་བའི་ལྗོངས་ཀྱི་ཡུལ་གྲུ། གཡུང་དྲུང་བསྟན་པ་རྒྱས་པའི་ས་གནས། མདོ་སྔགས་ཉི་ཟླ་ཤར་བའི་རི་རྩེ། ལེགས་བཤད་ལུང་རིགས་སྒྲོག་པའི་སྐྱེད་ཚལ། མང་ཐོས་མཁས་མང་འདུས་པའི་ལྟེ་གནས། རྣམ་དག་འདུལ་བ་འཛིན་པའི་དགོན་སྡེ། རྣམ་འདྲེན་རྒྱལ་བ་གཉིས་པའི་གདན་ས་ཏེ་གཙང་བཀྲ་ཤིས་སྨན་རིའི་གླིང་ནས་དཔག་ཚད་སྟོང་ཕྲག་དུ་མས་ཆོད་པ། སྙིགས་དུས་གཡུང་དྲུང་བོན་གྱི་བསྟན་སྲོག་འཚོ་བའི་ཞིང་ས། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་གྱི་མངལ་ཁུལ།

བོན་གཞིས་ཐོབ་རྒྱལ་གསར་པར་གནས་ཆགས་པའི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འབྱུང་ལྡན་༣༠༡ གི་བོད་རྒྱལ་ལོ་ ༣༡༥༣ མེ་སྤྲེལ་ལོའི་བོད་ཟླ་དང་པོའི་ཚེས་གཅིག་ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༩ གྱི་ཐོ་རེངས་སྟག་གི་དུས་ཚོད་ཐོག་སྨན་རིའི་སྒྲུབ་ཁང་དབང་དྲག་ཕོ་བྲང་ནས་རྒྱལ་བའི་ཚེམས་དུང་འཕར་ཆུང་གི་གསུང་དབྱངས་ཕྱུངས་ཤིང་གསེར་འོད་ནོར་བུ་འོད་འབར་ གྱི་གཡང་འབོད་གསུངས། ནམ་ལངས་ཡོས་ཀྱི་ཐོག་ནས་བོན་གཞིས་སེར་སྐྱ་མི་མང་ཡོངས་ཀྱིས་༧སྐྱབས་རྗེ་༧རྒྱལ་བ་IMG_0187སྨན་རིའི་བླ་བྲང་དང་། ༧སྨན་རིའི་དཔོན་སློབ་རིན་པོ་ཆེ་རྣམ་གཉིས་ལ་མཇལ་ཁ་རིམ་ཞུས་ཀྱིས་གནམ་ལོ་གསར་པའི་ནང་བསྟན་དང་འགྲོ་བའི་ལེགས་ཚོགས་གོང་འཕེལ་ཡོང་བའི་གསོལ་འདེབས་སྨོན་ལམ་ཞུས་པ་དང་བླ་བྲང་ནས་བྱིན་མདུད་དང་གསོལ་ཇ་བཞེས་ཏོག་བསྩལ་གནང་མཛད།

དེ་རྗེས་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཚོགས་ཁང་ཆེན་མོ་རུ་༧སྐྱབས་རྗེ་༧ རྒྱལ་བ་སྨན་རི་བའི་བླ་བྲང་ནས་དགེ་འདུན་འདུས་པ་རྒྱ་མཚོར་བསྙེན་བཀུར་མང་ཇ་རྒྱས་འབུལ་དང་ལོ་གསར་གྱི་མཛད་སྟོན་ཐོག་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་དང་། ༧སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག བཤད་སྒྲུབ་འདུས་སྡེའི་མཁན་སློབ་རྣམ་གཉིས་གཙོས་བླ་སྤྲུལ་དགེ་བཤེས་སེམས་དཔའ་འདུས་སྡེ་རྒྱ་མཚོའི་ཚོགས་ཀྱིས་གནམ་ལོ་གསར་པའི་ནང་བསྟན་དང་འགྲོ་བའི་ལེགས་ཚོགས་གོང་འཕེལ་ཡོང་བའི་གསོལ་ཚོགས་སྨོན་ལམ་གསུང་ཡོད་པ་དང་།

བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གཉིས་ནས་བཀྲ་ཤིས་ཚིག་བཀྲའི་རིམ་པ་གསུང་རྗེས་འདུས་ཚོགས་གྲོལ་ཡང་སེར་སྐྱ་མང་ཚོགས་ནས་འཚང་ཁ་ཤིག་ཤིག་ངང་མུ་མཐུད་དེ་རིན་པོ་ཆེ་རྣམ་གཉིས་མཇལ་བཅར་ཞུས་ནས་ལོ་གསར་སྤྲོ་སྐྱིད་རོལ་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ་གཡུང་དྲུང་བོན་དྲ་ཚིགས་ལས་ཁུངས་ནས།