གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྨན་རིའི་གླིང་གི་རྗེ་མཉམ་མེད་ཆེན་པོའི་འཁྲུངས་མཆོད།

IMG_0428༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་ཞེས་སྙན་པའི་གྲགས་པ་ས་གསུམ་ན་འབྲུག་བཞིན་ལྡིར་བའི་སྙིགས་དུས་གཡུང་དྲུང་བསྟན་སྲོག་འཚོ་བའི་ཞིང་ས། འཕགས་ཡུལ་བྱང་ཕྱོགས་ཧི་མ་ཅལ་གྱི་མངའ་སྡེ། བོན་གཞིས་ཐོབ་རྒྱལ་གསར་པའི་ལ་མགོ་རུ་གནས་ཆགས་པའི་གཡུང་དྲུང་བོན་གྱི་བསྟན་པའི་རྩ་ལག་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འབྱུང་ལྡན་ ༣༠༡ གི་མེ་སྤྲེལ་ལོའི་བོད་ཟླ་དང་པོའི་ཚེས་བཞི་དང་ལྔ། ཕྱི་ལོ་ ༢༠༡༦ ཟླ་ ༢  ཚེས་ ༡༢ དང་༡༣ ཉིན། ༧གཡུང་དྲུང་བོན་གྱི་བསྟན་པའི་གསལ་བྱེད་ཆེན་མོ་༧རྣམ་འདྲེན་རྒྱལ་བ་གཉིས་པ་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་སྐུ་བལྟམས་ནས་མི་ལོ་༦༦༠འཁོར་བའི་དུས་ཆེན་ཁྱད་པར་ཅན་དེ་འཆར་ཅན་ལྟར་འཚོགས་གནང་ཡོད།

ཐོག་མར་བོད་ཟླ་དང་པོའི་ཚེས་བཞི་ཉིན་གྱི་ཐོ་རངས་ཕྱག་ཚོད་IMG_0379ལྔ་པའི་ཐོག་གཙུག་ལག་ཁང་གི་ཡང་ཐོག་ནས་བཞེངས་བརྡ་བཏང་སྟེ་གྲྭ་ཚང་འདུས་མང་སྨན་རིའི་གླིང་གི་དབུས་གཙུག་ལག་ཁང་དུ་འཚོགས་ནས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་གའི་ཞལ་ཕྱེ་ནས་བདེར་བར་གཤེགས་པ་སྟོང་གི་མཚན་སོགས་བརྗོད་དེ་དགོང་དྲོར་བཀའ་སྐྱོང་དམར་ལམ་སོགས་གསུངས་ནས་ཚོགས་གྲོལ་ཡོད་པ་དང་།

ཚེས་པ་ལྔ་ཉིན་གྱི་ཞོགས་པའི་ཆུ་ཚོད་དྲུག་པའི་སྟེང་བཞེངས་བརྡ་དང་བསྟུན་ནས་ཚོགས་ཡོད་པ་དང་། ཕྱག་ཚོད་བརྒྱད་པའི་སྟེང་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གཙོས་གྲྭ་ཚང་འདུས་མང་ནས་དགོན་པའི་དར་མོ་ཆེ་བསླངས་ནས་རབ་གནས་བསང་གསོལ་དང་ལྷ་རྒྱལ་བཅས་གསོལ་གནང་།

དེ་རྗེས་སྐབས་བཅོ་བརྒྱད་པའི་དགེ་བཤེས་མཛད་སྒོ་དབུ་འཛུགས་གནང་ཡོད་པ་དང་། དེ་ནས་འཆར་ཅན་ལྟར་༧རྗེ་རིན་པོ་ཆེ་གོས་སྐུ་མཐོང་IMG_0420བ་རང་གྲོལ་གྱི་མདུན་དུ་རྣམ་དག་འདུལ་བའི་གསོ་སྦྱོང་གྱེར་གདངས་དང་བཅས་ནས་གསུངས་གྲུབ་རྗེས་ཕྱི་སྐོར་སེར་འཕྲེང་ལ་ཕེབས་ནས་ཕྱིར་གཙུག་ལག་ཁང་གི་སྒོ་འཁྱམས་སུ་གཤེན་རབ་མཆོད་ལྔ་བརྡུངས་ནས་མཇུག་སོགས་གྲུབ་མཚམས། གྲྭ་ཚང་ལྷན་རྒྱས་འཆད་ར་ལ་ཕེབས་ནས་རྟགས་གསལ་བཏང་ནས་བསྟན་པ་རྒྱས་པའི་སྨོན་ལམ་གསུངས། ཕྱི་དྲོར་ཡང་ཨ་རྫོགས་སྙན་གསུམ་སོགས་གྱེར་མཚམས་གྲྭ་ཚང་གཉེར་པ་ལགས་ནས་སྨན་རིའི་བཅའ་ཡིག་ཆེན་མོ་ཚོགས་དབུས་སུ་སྒྲོག་སྦྱངས་མཛད།

དགུང་དྲོར་མར་མེ་གླིང་སྒྲོན་དང་གཤེན་རབ་མཆོད་རྔ་༧རྗེ་མཉམ་མེད་བླ་མའི་གསེར་སྐུ་ལ་མཇལ་ཁ་ཞུས་ནས་མཇུག་ཏུ་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ཏེ་འཇུག་ཡོངས་སུ་བསྡུས་ཡོད་པ་བཅས་ཀྱི་གནས་ཚུལ་བསྡུས་པ་ཙམ་དུ། །