མཉམ་མེད་མཛད་རྣམ་ངོ་མཚར་པདྨོ་སྟོང་ལྡན།

tonp (3)༧རྗེ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་སྐལ་ལྡན་དྭངས་བ་འདྲེན་བྱེད་ངོ་མཚར་པདྨོ་སྟོང་ལྡན་ཞེས་བྱ་བ་བཞུགས་སྷཱོ།།
རྒྱལ་ཀུན་ངོ་བོ་མཉམ་མེད་བླ་མ་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་བགྱིས་ནས། །གང་དེའི་སྐྱེས་རབས་རྣམ་ཐར་རིམ་པ་ལས། །དཔེར་བཀོད་ཞལ་ཐང་མདོར་ཙམ་བྲི་ཐབས་བསྟན། །རིགས་བདག་ངོས་བཟུང་སྐྱེས་རབས་དང་། །རྣམ་པར་ཐར་པ་གསུམ་གྱིས་བཤད། །
ཐོག་མར་བོན་སྐུའི་མཁའ་དབྱིངས་ལས། །ལོངས་སྐུ་རིགས་ལྔར་མངོན་བསྟན་ཚེ། །ནུབ་ཕྱོགས་བདེ་ཆེན་ཞིང་གི་མགོན། །རྒྱལ་བ་བྱེ་བྲག་དངོས་མེད་ཅེས། །རཱ་གའི་མདོག་འཆང་ལོངས་སྤྱོད་རྫོགས། །ཕྱག་མཚན་ཆག་ཤིང་འཁོར་ལོ་བསྣམས། །ཡུམ་ནི་དམར་མོ་ལོངས་སྤྱོད་རྫོགས། ། གཡས་པས་ཉི་མ་གཡོན་པ་ཡིས། །ཟངས་ཕྲེང་རྩ་བརྒྱད་ཐུགས་ཀར་འདྲེན། །གཡུ་འབྲུག་བསྣོལ་བའི་གདན་ལ་བཞུགས། །དང་པོའི་རིགས་བདག་དངོས་ཉིད་དོ། །

གཉིས་པ་སྐྱེས་རབས་རིམ་པ་ལས། །ནང་ལྟར་སྔགས་ལུགས་སུ་བཤད་ན། །
དང་པོར་ཤེས་རབ་ལྷ་མཆོག་སྟེ། །འཇམ་དཔལ་སྨྲ་བའི་སེང་གེའི་མཚན། །དམར་སེར་གཡུ་འབྲུག་གདན་ལ་བརྗིད། །རལ་གྲི་པོ་ཏི་སྒྲོན་མེ་འཛིན། །འཕྲག་གོང་ཐབས་ཤེས་ཉི་ཟླས་བརྒྱན། །
གཉིས་པ་ལྷ་ཀླུ་མི་གསུམ་དུ། །གསུམ་སྣང་སྤྲུལ་པ་མཛད་ཚུལ་ནི། །རྒྱལ་མཁར་བ་ཆོད་གནས་མཆོག་ན། །རྒྱལ་གཤེན་མི་ལུས་བསམ་ལེགས་ཞེས། །རྒྱལ་པོའི་ཚུལ་འཛིན་ཕྲེང་བ་འདྲེན། །དབུ་སྐྲ་ཐོད་རྡིང་འགྱིང་ཐོད་བརྗིད། །ཕྱོགས་བཞིའི་དྲེགས་གནོན་ངོ་མཚར་རྟགས། །ཀྱེ་མ་འོད་མཚོའི་ལྷ་ཞལ་གཟིགས། །ཆུ་མིག་བརྒྱད་ཅུ་རྩ་གཉིས་དབུས། །ཤེལ་གུར་དཀར་པོའི་ནང་ཤེད་ན། །ཀླུ་བོན་ཡེ་ཤེས་སྙིང་པོ་ནི། །དཀར་གསལ་སྦྲུལ་གྱི་ཐོད་རྡིང་འཛིན་། །ཆུ་དར་བེར་གསོལ་བུམ་པ་འཛིན། །ཀླུ་ལ་བོན་འཆད་དངོས་གྲུབ་སྤྱོད། །རི་རྒྱལ་ལྷུན་པོའི་རྩེ་མོ་ཡི། །གསས་མཁར་མཛེས་པའི་དབུས་དཀྱིལ་དུ། །ནམ་མཁའ་སྣང་བ་མདོག་ཅན་ཞེས། །མཐིང་སྔོན་གསེར་གྱི་པོ་ཏི་འཛིན། །རི་རབ་རྩེར་འཕུར་ཐོག་རྒོད་བསྒྱུར། །ཁྱུང་འབྲུག་སེང་གེར་རོལ་རྩེད་མཛད། །ཤེས་རབ་ལྷ་བདུན་མངོན་ཞལ་གཟིགས། །མུ་སྟེགས་མུན་པའི་ཁྲོད་བདག་བཏུལ། །
གསུམ་པ་རྟག་གཟིགས་སྔགས་གླིང་དུ། །ལི་མུར་གཙུག་ཕུད་ཅེས་བྱ་བ། །སུམ་ལྡན་རིག་འཛིན་གྲུབ་ཐོབ་ཚུལ། །དཀར་གསལ་སྒྲ་བསྒྱུར་ཡི་གེ་འཛིན། །རླུང་ལྷ་དབང་བསྒྱུར་རིག་གནས་འཆད། །གཞའ་འོད་སྤྲིན་དཔུང་དཀྱིལ་དུ་བཞུགས། །

བཞི་པ་དྭང་ར་གཡུ་བུན་དུ། །སད་ནེ་གའུ་དུང་མདངས་ལྡན། །དབུ་ལ་གཡུ་ཡི་པྲ་ཕུད་དང་། །སྐུ་ལ་གངས་དབྱིའི་ཐུལ་པ་གསོལ། །མཚོ་སྨན་དྲོ་འདྲེན་བུམ་གཏེར་འབུལ། །སྐུ་ལ་མེ་འབར་མཁའ་ལ་འཕུར། །རྔ་ལ་ཆིབས་ནས་མཚོ་སྟེང་རྒྱུག །མཚོ་ནང་ཤེལ་གྱི་མཆོད་རྟེན་བསྐོར། །
ལྔ་པ་རྒྱ་གར་རྒྱ་ནག་ཏུ། །གཉིས་སྣང་སྤྲུལ་པ་མཛད་པ་སྟེ། །རྒྱ་གར་བྱང་ཕྱོགས་བྲུ་ཤའི་ཡུལ། །རི་བོ་གྷིར་མི་ཀྲ་ཤ་རུ། །བླ་མེད་དོན་རྟོགས་མཆོག་གི་གཤེན། །གར་བ་པྲ་ཏི་རྣལ་འབྱོར་ཆས། །མཉམ་བཞག་སྒོམ་ཐག་རས་དཀར་གསོལ། །གྲུ་གཟིངས་མེད་པར་རྒྱ་མཚོ་བརྒལ། །རི་རབ་རྩེར་འཕུར་ལྷ་གནས་བསྒྲོད། །རྒྱ་ནག་གང་བུ་དམར་རུ་ཡི། །མཚལ་ཕུག་ཉི་དབང་མདངས་ལྡན་དུ། །རྒྱ་བོན་ཟིང་པ་མཐུ་ཆེན་ཞེས། །དམར་སྨུག་ཁྲོ་འཛུམ་ཐོར་ཅོག་འཁྱིལ། །ན་བཟའ་ཤིང་གོས་སྔོ་ལྗང་གསོལ། །ཟླ་བ་རྟར་ཞོན་ཉི་ཟེར་བསྣམས། །འཇའ་ཚོན་འཕྲེང་བ་བསྣོལ་ཞིང་འཐེན། །ལུང་སྐམ་ཆུ་འབེབ་རྒྱ་རྣམས་འདུལ། །
དྲུག་པ་གནམ་མཚོའི་དོ་གླིང་དུ། །མཁས་མཆོག་སྟོང་རྒྱུང་མཐུ་ཆེན་ཞེས། །མཐིང་སྔོན་སྟག་གི་ཤམ་ཐབས་ཅན། །དབུ་ཞལ་ཆ་བྱད་བྲམ་ཟེའི་ཚུལ། །ཕྱག་ན་ཐུན་སྔགས་གསེར་ཙོ་འཕེན། །ལོག་འདྲེན་བགེགས་སྲིན་དངོས་སུ་སྒྲོལ། །ཐོད་ཞལ་འཛིན་པའི་རིགས་མ་བསྟེན། །ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ། །
བདུན་པ་མཉམ་མེད་བླ་མ་སྟེ། །རྣམ་ཐར་རྒྱས་པ་འོག་ཏུ་འཆད། །
ཕྱི་ལྟར་མདོ་ལུགས་སུ་བཤད་ན། །དང་པོ་སྟོན་མཆོག་གཤེན་རབ་དྲུང་། །རྣམ་བཞིའི་མཁན་པོ་གཙུག་གཤེན་རྒྱལ། །སྡེ་སྣོད་འབྱུང་གནས་སེམས་དཔའི་གཙོ། །གསེར་མདོག་ཧོས་རུ་ལྷུང་བཟེད་འཆང་། །

གཉིས་པ་རྨ་རི་དེལ་གསུམ་དུ། །འདུལ་བསྟན་ཕྱི་དར་སྲོལ་གཏོད་པ། །སོག་སྟོན་ཁྲི་འབར་ཚུལ་ཁྲིམས་མཚན། །མུ་ཟི་བསམ་གཏན་ཏིང་འཛིན་ལས། །བཀྲོལ་ཏེ་དྲང་སྲོང་ཆིག་རྫོགས་ཞུས། །གོས་དྲུག་རྫས་ལྔས་རྣམ་པར་མཛེས། །

གསུམ་པ་འདུལ་བསྟན་གསལ་བྱེད་མཆོག །ཡར་འབྲོག་སྟག་ལུང་དར་མ་རིར། །མེ་སྟོན་ཤེས་རབ་འོད་ཟེར་ཞེས། །མཛོད་སྤུ་རྒོད་ཀྱི་ཐེལ་ཕྲན་འདྲ། །སངས་རྒྱས་བསྟན་གཙོའི་མངོན་ཞལ་གཟིགས། །འཆད་རྩོད་རྩོམ་གསུམ་བོན་བསྟན་སྤེལ། །

བཞི་པ་བྲུ་ཡི་རྒྱལ་ཐེབས་ཏེ། །གཡོར་མེ་གྲགས་པའི་དཔལ་ཞེས་བྱ། །དབུས་རི་ནག་པོའི་དགོན་པ་རུ། །ཡི་དམ་ཞི་ཁྲོའི་ཞལ་ཡང་གཟིགས། །ལྷ་དང་ལྷ་མོས་རོལ་མོ་འབུལ། །

ལྔ་པ་གཡས་རུར་འ་ཞའི་གདུང་། །འགྲོ་མགོན་བློ་གྲོས་རྒྱལ་མཚན་ཞེས། །སྨང་ར་ཨག་ཚོམ་བྲམ་ཟེའི་ཚུལ།།གཡས་རུ་བཀྲ་ཤིས་བདེ་སྒང་དུ། །ཁྲོ་མཆོག་འབྲུག་གསས་མངོན་ཞལ་གཟིགས། །ཁོད་སྤུངས་དྲན་པས་ཞལ་བསྟན་ཏེ། །རྩ་རླུང་འཕོ་ཁྲིད་གདམས་པ་སྩལ། །

དྲུག་པ་བྲུ་སྟོན་བསོད་རྒྱལ་ཞེས། །འདུལ་ཆས་རྐེད་ཕུར་སྒོམ་ཐག་མཛེས། །ཕྱོགས་མེད་གདུལ་བྱའི་འགྲོ་དོན་མཛད། །
བདུན་པ་མཁས་གྲུབ་ཉིད་ཡིན་ནོ། །

གསུམ་པ་མཁས་གྲུབ་དེ་ཉིད་ཀྱི། །རྣམ་ཐར་མདོར་བསྡུས་འགོད་པ་ལ། །ས་བཅད་རྣམ་པ་ལྔ་ཡོད་པའི། །དང་པོ་སྐྱེ་བ་བཞེས་ཚུལ་ནི། །འཁྲུངས་ཡུལ་ཤར་ཕྱོགས་རྒྱལ་མོ་རོང་། །དམུ་རྡོ་ལྷ་གཉན་ཉེ་བའི་གནས། །གབ་ཏོག་ཤ་བ་རི་ཡི་འགྲམ། །ས་གནས་ཁྱད་འཕགས་སྟེགས་ཅོག་ཅེས། །མཎྜལ་ཐང་དུ་བཀོད་འདྲའི་དཀྱིལ། །སྔགས་བོན་བརྒྱུད་འཛིན་གྲོང་ཁྱེར་དབུས། །ཡབ་ནི་དབྲ་རིགས་ཀླུ་རྒྱལ་དང་། །ཡུམ་ནི་རིན་ཆེན་སྨན་གཉིས་སྲས། །རབ་བྱུང་དྲུག་པའི་མེ་སྤྲེལ་ལོ། །དཔྱིད་ར་སྟག་ཟླའི་ཚེས་ལྔའི་ཉིན། །བདེ་དང་བཅས་ཏེ་སྐུ་བལྟམས་སོ། །དེ་ཚེ་ཡུལ་མི་ཀུན་མཐོང་བར། །གནམ་ལ་ཉི་ཟླ་སྐར་གསུམ་བཀྲ། །མེ་ཏོག་ཆར་བབས་འཇའ་ཚོན་འཁྲིགས། །ཁྱད་པར་གདུལ་བྱ་ལས་དག་འགས། །སྤྲིན་གསེབ་ལྷ་དང་ལྷ་མོ་ཡིས། །མཛེས་པའི་གར་སྟབས་བསྒྱུར་བ་མཐོང་། །ཀུན་གྱིས་ངོ་མཚར་ཆེ་བ་གླེངས། །

གཉིས་པ་ཐོས་བསམ་སྦྱོང་ཚུལ་ནི། །ཆུང་ནས་སྔོན་གྱི་ལས་སད་པས། །ཡིག་འབྲུ་སུམ་ཅུ་རང་རྡོལ་མཁྱེན། །ཡབ་ཀྱི་དྲུང་ནས་བྲི་ཀློག་དང་། །མོ་རྩིས་གཏོ་དང་སྨན་དཔྱད་སོགས། །རྒྱུ་ཡི་བོན་ལ་སྦྱང་ཚུལ་མཛད། །ཕྱོགས་ཙམ་གསན་པས་ལེགས་པར་རྟོགས། །མཚན་ཡང་གཡུང་དྲུང་རྒྱལ་དུ་བཏགས།།ཁྱད་པར་དགུང་ལོ་བཅུ་ཡི་སྟེང་། །མི་རྟག་ངེས་འབྱུང་དྲག་པོ་ཤར། །ཕྱྭ་བླ་གཡུང་དྲུང་རྒྱལ་མཚན་དྲུང་། །བསྙེན་གནས་དང་ནི་དགེ་བསྙེན་དང་། །དགེ་ཚུལ་རབ་བྱུང་སྡོམ་པ་བཞེས། །ཚུལ་མཚན་ཤེས་རབ་རྒྱལ་མཚན་གསོལ། །ཤ་ཆང་སྒོག་ཙོང་གཏན་དུ་སྤངས། །དགེ་སྤྱོད་ཆབ་གཏོར་ཆག་མེད་མཛད།།གཞན་ཡང་བླ་མ་དེ་ཉིད་དང་། །ཕོ་རྩེ་ཡེ་ཤེས་རྒྱལ་མཚན་དང་། །ཝལ་ཝལ་ཤེས་རབ་རྒྱལ་མཚན་དང་། །རྟོགས་ལྡན་ཤེས་རབ་བློ་གྲོས་དང་། །སྒོམ་ཆེན་བསོད་ནམས་རྒྱལ་མཚན་དང་། །ཁོད་སྤོ་སྣང་ལྡན་གཙུག་ཕུད་སོགས། །སྨད་ཕྱོགས་བླ་མ་མཆོག་རྣམས་ལས། །དབང་ལུང་མན་ངག་ཟབ་དགུ་མནོས། །
དེ་ནས་མ་མཆོག་སྲིད་རྒྱལ་གྱིས། །ལུང་བསྟན་བྱུང་ཞིང་གྲྭ་ས་རུ། །འབྱོན་པར་དགོངས་ཏེ་ཡབ་ཡུམ་ལ། །ལན་ཅིག་མཇལ་བར་ཞལ་བཞེས་ནས། །དགོངས་པ་ནན་གྱིས་བཀྲོལ་ཏེ་བྱོན། །

མདོ་སྨད་འབྲི་ཆུ་གསེར་ལྡན་ཁར། །རྗེ་བཙུན་བློ་བཟང་གྲགས་པ་ཡིས། །ཆོས་གོས་བཀལ་ཏེ་རྟེན་འབྲེལ་བརྟག།དེ་ཚེ་རྗེ་ཉིད་དེར་བྱོན་ནས། །ཐུགས་བསྐྱེད་གཟབས་པས་ཅུང་མ་ཁེབས། །མཁའ་ནས་བོན་སྐྱོང་ཚོགས་རྣམས་ཀྱིས། །དགྱེས་ཤིང་ལེགས་པའི་གད་མོ་བཞད། །བོན་དང་ས་དགེ་རྙིང་མ་ཡི། །འདུལ་ཞིང་ཕྲན་ཙམ་ཡོད་པར་ཤར། །དེ་ཡང་རྗེ་འདིའི་བཀའ་དྲིན་ནམ། །བསྟོད་ཚིག་ཤོ་ལོ་ཀ་རེ་རེ། །ཕན་ཚུན་ཕུལ་ནས་ནམ་ཞིག་བར། །གཅིག་བསྟན་གཅིག་གྲོགས་བྱེད་པར་ཆད། །
དེ་ནས་ཚ་བ་སྒང་སྟོད་དུ། །མཁས་གྲུབ་རིན་ཆེན་བློ་གྲོས་མཇལ། །རྩེ་གཅིག་མོས་པས་ཕྱག་ཕྱིར་འབྲིང་། །ཕྱི་ནང་གསང་བ་ཡང་གསང་གི །ལག་ལེན་དབང་ལུང་ཁྲིད་ཐམས་ཅད། །བུམ་པ་གང་བྱོའི་ཚུལ་དུ་ཐོབ།།

དེ་ནས་དབུས་ཀྱི་ན་ལེན་ཏྲར། །རོང་སྟོན་ཤེས་བྱ་ཀུན་རིག་མདུན། །ཕར་ཚད་འདུལ་མངོན་དབུ་སྡོམ་གྱི། །གཞུང་ལུགས་ཀུན་ལ་ཐོས་བསམ་སྦྱངས། །གསང་ཕུ་ལ་སོགས་དབུས་གཙང་གི །རྩོད་གྲྭ་ཀུན་ལ་དམ་བཅའ་མཛད། །སྒྲུབ་དང་སུན་འབྱིན་ཚར་གཅོད་ཀྱིས། །རྒོལ་བའི་ཚོགས་ལས་རྣམ་རྒྱལ་ཏེ། །རབ་འབྱམས་ཆེན་པོར་མཚན་བཏགས་མཛད། །དགུང་ལོ་སུམ་ཅུ་སོ་གཅིག་སྟེང་། །འདུ་གནས་ཆེན་པོ་དབེན་ས་ཁར། །སྒྲིག་ཞུགས་མཛད་ནས་ཐོས་བསམ་སྦྱངས། །མཁན་ཆེན་ཚུལ་ཁྲིམས་ཡེ་ཤེས་སོགས། །དྲང་སྲོང་རྨ་མེད་བཅུ་ཕྲག་དྲུང་། །དྲང་སྲོང་བསྙེན་རྫོགས་སྡོམ་པ་བཞེས། །ཉིས་བརྒྱ་ལྔ་བཅུའི་བསླབ་ཁྲིམས་རྣམས། །མིག་འབྲས་བཞིན་དུ་གཅེས་པར་མཛད། །འཇད་ཀྱི་ཞང་སྟོན་བསོད་རྒྱལ་ལ། །མ་རྒྱུད་བྱམས་མའི་སྐོར་རྣམས་གསན། །བསྒྲུབས་པས་གཙོ་མོའི་ལྷ་ཞལ་གཟིགས། །དེ་ཚེ་རྗེ་བཙུན་དེ་ཉིད་དང་། །དམུ་གཤེན་ཉི་མ་རྒྱལ་མཚན་གཉིས། །རྫུ་འཕྲུལ་གྲུབ་རྟགས་འགྲན་ཚུལ་བསྟན། །གཉིས་ཀ་ནམ་མཁའི་དབྱིངས་སུ་འཕུར། །ན་བཟའ་ཉི་མའི་ཟེར་ལ་བཀལ། །རྩལ་འགྲན་དང་པོ་འདི་ཡི་དུས། །རྫུ་འཕྲུལ་དམུ་གཤེན་དཔགས་པ་ཙམ། །དོན་དུ་རིག་འཛིན་རྣམ་སྤྲུལ་ཏེ། །མཚུངས་མོད་འཁྲུངས་ཡུལ་དག་ཞན་དང་། །གདུང་རྒྱུད་མཐོ་དམན་དོན་དུ་གསུངས། །ན་རིང་མེ་སྟོན་ཀུན་བཟང་མདུན། །དབལ་ཕུར་སྡེ་སྐོར་དོན་གསུམ་གསན། །དབང་བསྐུར་མཛད་ཚེ་མེ་སྟོན་ཉིད། །དབལ་གཤེན་སྟག་ལ་མེ་འབར་དང་། །སྲས་རྣམས་ལྷ་དང་ལྷ་མོར་གཟིགས། །དབང་རྫས་རྣམས་ལ་མེ་སྟག་འཕྲོས། །དད་པའི་ངེས་ཤེས་དཔག་མེད་ཤར། །ཁུ་ཚ་མགར་སྟོན་ཡབ་སྲས་ཀྱི། །གཏེར་ཕུར་རྣམས་ཀྱང་དབང་རྟགས་སུ། །ཕ་ནོར་བུ་ལ་སྤྲོད་བཞིན་ཏུ། །བསྟན་འདིའི་བདག་པོ་ཡིན་གསུངས་གནང་། །
ཚུར་ལམ་བཀྲ་ཤིས་རྫོང་ཁ་རུ། །ཕྱག་ནས་ཞུས་པས་སྨོན་ལམ་མཛད། །ཕྱིས་སུ་དམག་མི་སྟོང་ཕྲག་ལྷག །རྫོང་དེར་རྒོལ་ཡང་བསྐྱད་མ་ཚུགས། །ཕྱག་ནས་ཕོག་པའི་མི་ཀུན་ལ། །གྲི་མཚོན་སོགས་ཀྱིས་ཚུགས་མ་གྱུར། །དེ་ཚེ་དམག་མི་ཐམས་ཅད་ཀྱིས། །རྗེ་ལ་གུས་འབུལ་སྐྱབས་འཇུག་ཞུས། །
དེ་ལྟར་ཐུན་མོང་གྲུབ་པའི་རྟགས། །མང་ཡང་རྒྱས་པར་བརྗོད་མི་ནུས། །དེ་ནས་བཀྲ་ཤིས་ཕྱུག་མོར་བྱོན། །གསང་ཕུག་སུས་ཀྱང་མ་རྙེད་པ། །རྗེ་ཉིད་བྱོན་འཕྲལ་ལྷོ་ཤར་ནས། །ངོ་མཚར་དང་བཅས་རྙེད་དེར་བཞུགས། །རིག་འཛིན་མཁའ་འགྲོའི་སྒྲུབ་པ་མཛད། །མར་སྟོན་སྙན་རྒྱུད་ཞི་གཅོད་ཀྱིས། །གཉན་ས་ལམ་ཁྱེར་འགྲོ་དོན་སྐྱོང་། །ཚིག་བཤད་ལག་ལེན་སོགས་ཀྱང་མཛད། །འགྲོ་མགོན་ཚེ་དབང་རིག་འཛིན་གྱི། །ཞལ་གཟིགས་བྱིན་རླབས་དབང་སྐུར་ཐོབ། །གནས་བརྒྱད་གསོལ་འདེབས་བསྟོད་ཚིག་ཕུལ། །བོད་ཡུལ་ལྷ་སྲིན་དམ་ལ་བཏགས། །

གཞན་ཡང་དབུས་གཙང་གངས་ཁྲོད་ཀྱི། །དབེན་གནས་རྣམས་སུ་སྒྲུབ་པར་མཛད། །ཁྱད་པར་རྫོགས་ཆེན་བླ་མེད་ཀྱི། །ཉམས་ལེན་ཉིན་མཚན་འབྲལ་མེད་སྐྱོང་། །འཁོར་འདས་སྣང་སེམས་དབྱེར་མེད་འདྲེས། །མཐའ་བྲལ་ཀློང་སྒོམ་ཆེན་པོར་འཁོད། །དེ་ལྟར་སྡོམ་པ་གསུམ་ལྡན་པའི། །དྲང་སྲོང་རིག་འཛིན་ཆེན་པོའོ།།
གསུམ་པ་བསྟན་འགྲོའི་དོན་མཛད་ཚུལ། །ཀུན་མཁྱེན་མཉམ་མེད་བླ་མ་དེ། །མཁས་པའི་གྲགས་པ་ཆེར་གྱུར་ཚེ། །བྲུ་ཡི་གདུང་འཛིན་རྣམ་གཉིས་ཀྱིས། །དབུ་རྩེ་དཀར་དམར་གདན་ས་ཕུལ། །འཆད་རྩོད་རྩོམ་གསུམ་ལ་སོགས་པའི། །བསྟན་པའི་བྱ་བ་རྒྱ་ཆེར་མཛད། །རིང་པོར་ལོན་ནས་ཡབ་ཡུམ་དང་། །མཇལ་བའི་ཞལ་བཞེས་ཐུགས་ལ་འཕྲེང་། །སློབ་མ་རིན་ཆེན་རྒྱལ་མཚན་བཅས། །རྣལ་འབྱོར་ཚུལ་མཛད་མདོ་སྨད་གཤེགས། །ཆུ་ཆེན་ཡུལ་ཕྱོགས་ཕེབས་ཙམ་དུ། །ངོ་མི་ཤེས་པའི་སྤྲུལ་བསྒྱུར་གྱིས། །ཡབ་ཡུམ་དྲུང་ཕེབས་གནས་གཡར་མཛད། །ཟླ་ཤས་བཞུགས་ནས་ཡབ་ཡུམ་སོགས། །འདུས་པ་རྣམས་ལ་དབང་ལུང་དང་། །ཞལ་གདམས་སོགས་ཀྱིས་བོན་འཁོར་བསྐོར། །ཡར་ལ་ཕེབས་ཁར་ཡབ་ཡུམ་ལ།།འཁོར་བ་གནས་མཐུན་མགྲོན་ལྟ་བུའི། །ཞལ་གདམས་གནང་སྟེ་སྨོན་ལམ་མཛད། །ཁྲི་འདི་ཞག་བདུན་མ་བཤིག་དང་། །རྟེན་འབྲེལ་ཡོད་དོ་གསུངས་ནས་གཤེགས། །ཞག་བདུན་ནང་པར་ཁྲི་བཀྱག་ཚེ། །དངུལ་སྲང་བརྒྱ་དང་ཞིབ་གསལ་གྱི། །ཕྱག་བྲིས་རྙེད་པས་ཡབ་ཡུམ་ཀྱང་། །རྟོག་པ་ཚིམས་ནས་ངེས་ཤེས་འདྲངས། །
དེ་ནས་རྗེ་ཉིད་དར་མདོར་ཕེབས། །།མ་རུང་དུན་ཙེའི་ཕྲག་དོག་ལ། །བརྟེན་ནས་དགོན་ཆེན་དབེན་ས་ཁ། །འབྱུང་བས་འཇིག་པའི་ཉམས་རྟགས་ཤར། །ཐུགས་ཆད་སྟོད་ཕྱོགས་མི་ཕེབས་དགོངས། །ལ་མོ་རྩེར་བཞུགས་ཀེང་ཙེ་བསྒྲུབས། །བསྟན་པའི་བདག་པོར་གྱུར་པའི་རྟགས། །ཉི་ཟླ་ཁོང་དུ་མིད་པ་དང་། །ལྷ་ཞལ་མངོན་སུམ་ཁུམས་པར་གྲུབ། །འགྲོར་ཕན་སློབ་མ་མང་དུ་བྱུང་། །

དེ་མཚམས་མ་ཅིག་སྲིད་རྒྱལ་གྱིས། །འདུ་གནས་གཡས་རུ་དབེན་ས་ཁ། །དུས་དང་ལས་ཀྱིས་བསྲུང་མ་བཏུབ། །འོན་ཀྱང་གཡུང་དྲུང་ཁམས་བརྒྱད་སོགས། །ཁྱོད་ཀྱི་རྟེན་སྐལ་སྣ་ཚོགས་ཞིག །བོན་སྐྱོང་ཚོགས་ཀྱིས་སྲུང་ནས་ཡོད། །གཙང་དུ་སོང་ལ་བསྟན་པ་ཚུགས། །བསྟན་འགྲོར་བདེ་སྐྱིད་འབྱུང་བར་འགྱུར། །དེ་སྐད་ཞལ་གཟིགས་ལུང་བསྟན་ཚེ། །དཔོན་སློབ་རྣམ་གཉིས་གཙང་དུ་ཕེབས། །ལམ་བར་རྟེན་འབྲེལ་ཕུན་སུམ་ཚོགས། །དབེན་ས་ཆགས་པའི་ཤུལ་དེ་རུ། །བསྐང་གསོལ་མཛད་ནས་གཟིགས་རྟོག་ཚེ། །བྲུ་ཡི་ཐུགས་དམ་ཁམས་ཆེན་དང་། །གསེར་མཆོད་མཁར་ཉག་གཡང་རྟེན་སོགས། །དཀོར་ཆས་སྣ་ཚོགས་དངོས་གྲུབ་རྙེད།།དབེན་གནས་གཡས་རུ་མཁར་སྣར་བྱོན། །སྔགས་སེམས་ཟུང་འཇུག་བསྒྲུབ་པར་མཛད། །གྲུབ་རྟགས་བསྟན་པའི་དབུ་འཛུགས་ཕྱིར། །དབུ་སྐྲ་གཏོར་བས་སྐུ་ཤུག་འཁྲུངས། །རྡོ་ལ་ཕྱག་གིས་ཀ་བྲིས་ཤིང་། །མཁར་གསིལ་རྗེས་དང་ཞབས་ཀྱིས་རྗེས། །མི་འགྱུར་བཀའ་རྟགས་གསལ་བར་བཞག།མཚན་ཉིད་སྔགས་སེམས་ལ་སོགས་པའི། །དགོངས་འགྲེལ་བཀའ་རྟེན་མང་དུ་མཛད། །

ཁྱད་པར་བསྟན་འགྲོའི་དོན་ཆེད་དུ། །རི་ཁྲོད་དགོན་སྡེ་བཏབ་པར་དགོངས། །རིན་སྤུངས་རྒྱལ་རྩེའི་ཆོས་རྒྱལ་སོགས། །རྒྱལ་ཕྲན་སྦྱིན་བདག་ཚོགས་རྣམས་ཀྱིས། །ས་ཡི་མིང་སྟེར་ཕུལ་ནས་ཀྱང་། །དགེ་སྡོང་བྱེད་པར་ཁས་བླངས་ནས། །དགོན་པ་འདེབས་པའི་ཞུ་ཕུལ་ཀྱང་། །ཞལ་གྱིས་མ་བཞེས་མཁའ་འགྲོ་ཡིས། །ལུང་བསྟན་ཇི་བཞིན་མཛད་པར་དགོངས། །དེ་ཚེ་འགྲོ་དོན་དུས་བབས་རྟགས། །ད་ལྟ་སྨན་དགོན་ཡོད་པའི་སར། །ལོ་གསུམ་གོང་ནས་དུས་བཟང་རྣམས། །དུང་གླིང་རོལ་མོའི་སྒྲ་གྲགས་པ། །ཕྱུག་རྫི་ཡང་ཡང་ཐོས་པར་བྱུང་། །དགུང་ལོ་ལྔ་བཅུ་ཤིང་བྱ་ལོར། །ཁྱུང་ཆེན་ཀླུ་སྟེང་བརྗིད་འདྲ་འམ། །ཡབ་དང་ཡུམ་མཚན་ལྡན་པའི་ས། །ལུང་བསྟན་ཐོབ་བཞིན་གནས་དེར་ཕེབས། །ས་དེར་གནས་པའི་རྣལ་འབྱོར་གཉིས། །འགྲོ་གྲབས་བྱེད་ཀྱིན་ཁལ་བཀལ་ཚེ། །རྗེ་ཡིས་འདིར་བཞུགས་ཇ་སྐོལ་གསུངས། །ཁོང་གཉིས་ཆུ་ཐག་རིང་ཞེས་བཟླས། །དེ་ཚེ་མཉམ་མེད་ཆེན་པོ་ཡིས། །མཁར་བསིལ་བཙུག་པས་ཆུ་མིག་བརྡོལ། །ཁོང་རྣམས་ངོ་མཚར་དཔག་མེད་སྐྱེས། །ཇ་སྐོལ་བཀྲ་ཤིས་སྨོན་ལམ་མཛད། །

དེ་ནས་ས་གའི་དུས་བཟང་ཉིན། །སློབ་མ་རིན་ཆེན་རྒྱལ་མཚན་ལ། །གཟན་ཐུར་རྡོ་དཀར་གང་ཁྱེར་ལ། །མིག་བཙུམ་གོམ་པ་དགུ་རེའི་སར། །རྡེའུ་རེ་རེ་ཞོག་ཅིག་གསུངས། །འུར་སྒྲ་གནམ་སར་གྲགས་པ་ཙམ། །མང་དུ་བྱུང་ཕྱིར་སྤྱན་གྱིས་གཟིགས། །གྲྭ་ཤག་དྲུག་ཅུའི་རྟེན་འབྲེལ་གྱུར། །རྗེ་ཡི་ཞལ་ནས་འདི་སྐད་གསུངས། །དུས་འདིར་སྤྱན་བཙུམ་མ་ཡེངས་པར། །རྡོ་དཀར་ཡོངས་རྫོགས་བཀོད་ནུས་ན། །སྔར་གྱི་དབེན་སའི་དགོན་ལས་ལྷག །ཆགས་པར་ཡོད་དེ་ཅུང་མ་འགྲིག །ད་ནི་རྒྱ་ཆེར་མ་གྱུར་ཀྱང་། །མཐར་རྒྱུན་རིང་པོར་བརྟན་ནོ་གསུངས། །རྟེན་འབྲེལ་གཟིགས་ནས་ལོ་གང་དེར། །བཀྲ་ཤིས་སྨན་རིའི་དགོན་པ་བཏབས། །བསྟན་འགྲོར་བདེ་སྐྱིད་འབྱུང་བ་ཡི། །ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེན་མཛད། །བསྟན་པ་ཡུན་རིང་དར་རྒྱས་ཕྱིར། །ཡི་དམ་ཕྱི་ནང་གསང་གསུམ་དང་། །བོན་སྐྱོང་སྲུང་མའི་ཚོགས་རྣམས་ཀྱི། །རྟེན་རྫས་སྒྲུབ་རྫས་ཀུན་བསགས་ཏེ། །བསྙེན་སྒྲུབ་ལས་སྦྱོར་རྟགས་ཐོན་མཛད། །གྲུབ་རྟགས་ཀུན་བཟང་སྒྲུབ་པའི་ཚེ། །པོམ་རའི་ཞལ་གཟིགས་ལུང་བསྟན་མཛད། །པོམ་ར་སྒྲུབ་ཚེ་ཀུན་བཟང་གི །ཞལ་གཟིགས་དབང་བསྐུར་བྱིན་རླབས་ཐོབ། །པོམ་ར་གཟིགས་ནས་ཤར་ཕྱོགས་ཀྱི། །ཕ་བོང་དཀར་པོར་ཐིམ་པར་གཟིགས། །ད་ལྟར་པོམ་ར་ཕ་ཝཾ་གྲགས། །ཡི་དམ་དབལ་ཕུར་བསྒྲུབས་པའི་ཚེ། །ཞེ་སྡང་གནས་དག་ཕུར་པའི་ལྷ། །ཁྲ་གསས་ཁྱུང་རྒོད་མངོན་ཞལ་གཟིགས། །གཞན་ཡང་གཤེན་རབ་རྣམ་རྒྱལ་དང་། །ཁྲོ་རྒྱལ་གཙོ་མཆོག་གེ་ཁོད་སོགས། །གསང་གསུམ་ཡི་དམ་ལྷ་ཞལ་མཇལ། །

རིག་འཛིན་སྟོང་རྒྱུང་མཐུ་ཆེན་དང་། །བླ་ཆེན་དྲན་པ་ནམ་མཁའ་ཡིས། །བོན་སྒོ་ཕྱི་ནང་གསང་གསུམ་ལ། །འཆད་རྩོད་རྩོམ་དང་བྲི་བཀོད་སྤེལ། །བསྙེན་བསྒྲུབ་ལས་སྦྱོར་ལ་སོགས་པའི། །འཁྲུལ་མེད་གསལ་བྱེད་རིང་ལུགས་སྤེལ། །ཞེས་གསུངས་དབང་བསྐུར་ལུང་བསྟན་མཛད། །ཁྱད་པར་རང་གཞུང་བརྒྱ་ཕྲག་རེ། །བཏོན་དང་ཕན་ཡོན་དབྱེར་མེད་པའི། །ཁྲོ་ཕུར་བོན་སྐྱོང་གདངས་དབྱངས་རྣམས། །སྙན་དུ་བརྒྱུད་ནས་སྤེལ་ཅིག་གསུངས། །མ་མཆོག་སྲིད་པ་རྒྱལ་མོ་ཡིས། །མ་དང་བུ་བཞིན་བརྩེ་གདུང་མཛད། །དགྲ་བདུད་འབྱམས་པ་བེར་ནག་ཅན། །མི་དང་མི་བཞིན་ཡང་ཡང་གཏམ། །གཞན་ཡང་བསྟན་སྲུང་རྒྱ་མཚོའི་ཚོགས། །བྲན་གཡོག་ཅི་བཞིན་ལས་ལ་འཁོལ། །དེ་ཚེ་བསྟན་པ་སྤྱི་སྲུང་དུ། །བོན་སྐྱོང་སྡེ་དྲུག་པོམ་ར་བཅས། །ཁྱད་པར་འདུས་སྡེ་རྒྱ་མཚོའི་ཚོགས། །སྐྱོང་བར་རྒྱལ་ཆེན་ཤེལ་ཁྲབ་ཅན། །གཉེར་བཀོད་ཕྲིན་བཅོལ་དམ་བཅའ་གནང་། །སྲོལ་འཛིན་བྲུ་ཡི་ཕྱག་ལེན་བཞིན། །གཙོར་བཏོན་མཚན་ཉིད་སྡེ་ལྔ་དང་། །གསང་སྔགས་སེམས་ཕྱོགས་ལ་སོགས་པའི། །གསལ་བྱེད་བསྡུས་དོན་དགོངས་འགྲེལ་དང་། །དགོངས་རིམ་ཕྱག་བཞེས་མང་དུ་མཛད། །མཉམ་མེད་སྨན་རིའི་རིང་ལུགས་ཞེས། །རྒྱུད་འཛིན་གྲྭ་སློབ་མང་པོར་བྱུང་། །

སྐབས་འདི་རུ་ཏྲའི་བསམ་སྦྱོར་ལ། །བརྟེན་ནས་གླང་ཕུ་བདག་མོ་སོགས། །སྒེར་པ་དྲག་བཙན་འགའ་ཞིག་གིས། །ལྷ་གཡག་ལྷ་ལུག་སོགས་ཀྱང་ཕབ། །ད་རུང་བསྟན་ལ་བསྡོ་དགོས་ཟེར། །ཐུགས་ལ་ཁྲོ་བ་མི་མངའ་ཡང་། །གསང་བ་སྔགས་ཀྱི་དམ་ཚིག་ལས། །ཞིང་བཅུར་གྱུར་པ་བསྟན་པའི་དགྲ །མ་སྒྲོལ་སྤྱད་པའི་དམ་ཚིག་ཉམས། །དེ་ཕྱིར་ལྷ་སྲུང་ལས་ལ་མངག །བསྟན་སྲུང་བཀའ་བགོའི་ཚོགས་རྣམས་མཛད། །མི་བདུད་འབྱམས་པ་ཁྲག་མགོ་ཡིས། །རལ་པ་སྤྲུགས་སམ་ཁ་འཕྲུ་འདེབས། །ཞུས་ཚེ་ཁྲག་གི་རལ་བསིགས་ན། །རྒྱལ་ཁམས་ནད་ཀྱིས་འགེངས་པའི་ཕྱིར། །དེ་ཉིད་མི་རུང་གསུངས་པར་བརྟེན། །བསྟན་སྲུང་དགྲ་བདུད་འབྱམས་པ་ཡིས། །ཡུལ་ཁམས་དེ་མཐོང་ལུང་ཕུར་ཕེབས། །ཁ་ནས་ཁྲག་གི་སེར་ཆེན་ཕབ། །བསྟན་དགྲ་ཞིང་ཡུལ་རེས་གཅིག་བརླག །ད་ལྟ་མི་བདུད་ལ་ཞེས་གྲགས། །དེ་ཚུན་ལྷ་རྟེན་ཞོལ་པོའི་རིགས་། །ལྷོ་ཡི་འབྲས་མོ་ལྗོངས་ཚུན་ཆད། །གར་སོང་སུ་ཡིས་འཚེ་བ་མེད། །དབྱར་གསོལ་བོན་སྐྱོང་སྒྲུབ་པའི་སྐབས། །རང་བཞིན་འཁོར་ཏེ་དགོན་གསེབ་འབབ། །ཞལ་གསོལ་སྐབས་སུ་རྗེ་ཡི་མདུན། །སྤྲུག་བསིག་བྱེད་དེ་འབྲས་ལ་སོགས། །འབྲུ་སྣའི་ཚོགས་འཐོར་ངོ་མཚར་ལྡན། །གཞན་ཡང་རྫུ་འཕྲུལ་དཔག་མེད་བསྟན། །བསྟན་པའི་ཆེ་བ་འདོན་པའི་ཆེད། །དོག་ནས་དགུང་དུ་འཕུར་ཚུལ་གཤེགས། །

དམུ་རྒྱལ་རྣལ་འབྱོར་ཉི་མ་དང་། །བར་སྣང་ཁམས་སུ་རྩེད་མོར་མཛད། །ཀུན་མཁྱེན་མཉམ་མེད་བླ་མ་ཡི། །ན་བཟའ་ཉི་མའི་ཟེར་ལ་བཀལ། །སྲ་ལ་ཐང་ངེ་བྲེང་ངེར་བསྡད། །ཉི་དཀྱིལ་ཉེ་བའི་རླུང་ཆེན་གྱི། །སྤུ་གྲི་རེག་ཆོད་ཉེ་འདབས་འཕུར། །དབུ་ཞྭ་འཕངས་པས་ཉི་ཟེར་གྱིས། །འཚིགས་ཏེ་དུམ་བུ་དུམ་བུར་སོང་། །དམུ་གཤེན་ན་བཟའ་ཉི་ཟེར་ལ། །བཀལ་ཚེ་ཅུང་ཞིག་ལྡེམ་གུག་བྱེད། །འཕུར་ཀྱང་དཔག་ཚད་གཅིག་ཙམ་གྱིས། །དམའ་སྟེ་སྔར་ལས་གོ་ལྡོག་བྱུང་། །རྗེ་ཉིད་ཐུགས་དམ་བརྩོན་པ་དང་། །གཅིག་ཤོས་འགྲོ་དོན་ཆེས་པ་ཡི། །དཀོར་སྒྲིབ་ཕྲན་ཙམ་བཞེས་ཚུལ་གསུངས། །

དེ་ནས་རྣམ་དག་འདུལ་བ་ཡི། །བསླབ་བྱ་ཇི་བཞིན་བཅའ་སྒྲིག་དང་། །ཟླ་རེ་བཞིན་དུ་ཡར་ངོ་ལ། །འཆད་པ་བདུད་རྩིའི་ཆར་རྒྱུན་གྱིས། །གདུལ་བྱའི་ལོ་ཏོག་སྨིན་གྲོལ་མཛད། །རྩོད་པ་གནམ་ལྕགས་ཐོག་རྒོད་ཀྱིས། །ཕས་རྒོལ་ལོག་ལྟའི་བྲག་རི་གཞོམ། །རྩམ་པ་ཉི་མའི་འོད་ཟེར་གྱིས། །བློ་གསར་སྣང་བའི་པད་ཚལ་འབྱེད། །མར་ངོ་རྣམས་ལ་གསང་སྔགས་ཀྱི། །བསྙེན་སྒྲུབ་གཞུང་སྒྲུབ་ཆག་མེད་མཛད། །གྲུབ་རྟགས་ལྷ་ཡི་སྐུ་མདོག་བཞིན། །འོད་དཔུང་འཁྲིགས་ཤིང་སྒྲུབ་ཁང་ནི། །ཕྱི་ནང་བར་གསུམ་སྤོས་དྲིས་ཁྱབ། །སྒྲུབ་གཤེན་ཀུན་གྱིས་མཐོང་བར་གསུངས། །

གཞན་ཡང་ཉ་མཆོད་དགུ་གཏོར་དང་། །གསོ་སྦྱོང་ལ་སོགས་ཆག་མེད་བཙུགས། །ཁྱད་པར་བསྟན་པ་ཡུན་གནས་དང་། །བོད་ཁམས་བདེ་སྐྱིད་འབྱུང་བའི་ཐབས། །མཁའ་ཀློང་གསང་བའི་མདོས་ཆེན་དང་། །རྒྱལ་མོ་དྲེལ་ནག་གསང་མདོས་དང་། །དྲ་བ་དམར་ནག་བསྐང་མདོས་རྣམས། །འབུལ་ཚེ་དཔལ་མགོན་སྡེ་བརྒྱད་ཚོགས། །མངོན་སུམ་འདུས་ཏེ་འདི་སྐད་དོ། །ཁྱེད་ནི་རིག་འཛིན་མངོན་བྱོན་གཤེན། །ངེད་ལ་འདོད་དགུ་ཕུན་ཚོགས་པའི། །གསང་མདོས་འདི་རྣམས་ཆགས་མེད་སྦྱིན། །ངེད་ཅག་དཔལ་མགོན་དམ་ཚིག་ཅན། །ཁྱེད་ཀྱི་བསྟན་པ་རྒྱུན་དུ་སྲུང་། །སྣང་སྲིད་ཞི་བདེ་བསྐྱེད་པར་བྱ། །ཞེས་ཞུས་ཁས་བླང་དམ་བཅའ་མཛད། །དེའི་རྟགས་གནམ་མཚོ་ཕྱུག་མོ་ཡིས། །ཞལ་ཁེབ་བཀབ་དང་ལྷ་ཆར་འབེབ། །འདི་ཉིན་འཕྱུག་མེད་ཡིན་ཞེས་གླེངས། །
བཞི་པ་དབྱིངས་སུ་གཤེགས་ཚུལ་ནི། །དགུང་ལོ་དྲུག་ཅུའི་ཤིང་ལུག་ལོར། །སློབ་མ་རིན་ཆེན་རྒྱལ་མཚན་ལ། །ཁྱེད་ནི་རིག་འཛིན་བྱིན་རླབས་བུ། །ང་ཡི་ཁྲི་སྐྱོང་རྒྱལ་ཚབ་མཛོད་། །འཆད་རྩོད་རྩོམ་གསུམ་བོན་བསྟན་སྤེལ། །དེ་ཕྱིར་དགོན་འདིར་ཚོགས་པ་ཡིས། །མཚན་ཉིད་རབ་འབྱམས་གང་ཡིན་པ། །ལྷ་སྲུང་གསོལ་ལ་རྟགས་སྒྲིལ་གྱིས། །གང་བབ་ང་ཡི་གདན་སར་བཀོད། །ཤེས་རབ་སྨྲ་སེང་ཐུགས་རྗེ་ཡིས། །བསྟན་དང་འགྲོ་དོན་ནུས་པར་འབྱུང་། །ཞེས་སོགས་ཕྱི་ནང་གསང་གསུམ་གྱི །ཞལ་གདམས་ལུང་བསྟན་རྒྱས་པར་གསུངས། །

དེ་མཚམས་གཏེར་གྱི་ཆུ་མིག་ཁར། །ཁྲ་ཐེར་ཕུབ་སྟེ་ཉིན་མོ་རུ། །རྒྱུད་འཛིན་གྲྭ་སློབ་ཚོགས་རྣམས་ལ། །རྫོགས་ཆེན་ཞང་ཞུང་སྙན་བརྒྱུད་ཀྱི། །ཁྲིད་གདམས་ཆ་ལག་ཚང་བར་གནང་། །ནུབ་མོར་ལྷ་ཀླུ་གཞི་བདག་ལ། །དེ་བཞིན་བོན་བཤད་དབང་སྐུར་མཛད། །

དེ་ལྟར་འཆད་ཉན་མཐར་ཕྱིན་ཙམ། །སྐུ་ལ་ཅུང་ཞིག་བསྙུང་ཚུལ་བཞེས། །བར་བར་ས་འགུལ་རི་ཡང་ངུར། །མཚན་མོར་འཇའ་ཚོན་ཡང་ཡང་ཤར། །དེ་ལྟར་ཞག་གསུམ་སོང་བའི་མཚམས། །དབྱར་ཟླ་ཐ་ཆུང་ཚེས་བརྒྱད་ཀྱི། །ཐོ་རངས་སྐྱ་རེངས་ཤར་ཙམ་ན། །པད་ཞུ་སྣམ་སྦྱར་ལ་སོགས་པའི། །ན་བཟའ་གོས་དྲུག་རྫོགས་པར་གསོལ། །སྔོན་དུས་ཡར་འབྲོག་མེ་སྟོན་ཡང་། །བོན་འཆད་ངང་དུ་གཤེགས་པ་ལྟར། །བདག་ཀྱང་དེ་བཞིན་དགོས་སོ་གསུངས། །རྫོགས་ཆེན་ཞང་ཞུང་སྙན་བརྒྱུད་ཀྱི། །རྒྱལ་བའི་ཕྱག་ཁྲིད་འཆད་མཛད་པའི། །གཅེར་མཐོང་ལྟ་བའི་ཁྲིད་ཀྱི་སྐབས། །ནུབ་ནས་འཇའ་ཚོན་འོད་ལམ་ཞིག །གཟིམ་ཐེར་ཕུབ་པའི་རྩེ་མོར་ཟུག །མེ་ཏོག་ཆར་བབས་གཞའ་ཚོན་འཁྲིགས། །དེ་ཚེ་སྤྱན་མིག་དར་ཙམ་མཁར། །གཟིགས་ཏེ་ཕཊཿཀྱི་སྒྲ་དང་བཅས། །འདིར་སྣང་སྐུ་ཡི་བཀོད་པ་བསྡུས། །རྟག་གཟིགས་འོལ་མོ་གླིང་ཆེན་དུ། །སྟོན་པའི་རྒྱལ་ཚབ་མཛད་དུ་གཤེགས། །
དེ་ནས་ཞག་གསུམ་སོང་བའི་མཚམས། །གདུང་ཡང་གདན་ལ་མ་རེག་པར། །ཁྲུ་གང་འཕགས་པའི་བར་སྣང་བཞུགས། །ཐུགས་སྲས་རྣམ་གཉིས་ལ་སོགས་པའི། །རྗེས་འཇུག་བུ་སློབ་མཆོག་རྣམས་ཀྱིས། །བསྟན་དང་འགྲོ་བའི་དོན་ཆེད་དུ། །གདུང་རྟེན་བཞུགས་པར་གསོལ་བ་བཏབས། །རྩེ་གཅིག་དད་ཕྱག་གྲངས་མེད་བཙལ། །གསོལ་བཏབ་མོས་པ་མི་བཅག་ཕྱིར། །ཁྲུ་གང་མར་ལ་བབ་སྟེ་བཞུགས། །

དེ་ནས་དགུང་ཟླ་གསུམ་གྱི་བར། །ཕྱག་བསྐོར་མཆོད་པ་གྲངས་མེད་ཕུལ། །ཧོར་ཟླ་དང་པོའི་ཚེས་ལྔ་ལ། །དབུ་རྩམས་ཚེས་པ་བརྒྱད་ཀྱི་ཉིན། །གདུང་སྲེག་ལས་བཞི་རྒྱུན་ལྔ་དང་། །ཀློང་རྒྱས་དཀྱིལ་འཁོར་ཞལ་ཕྱེས་ཏེ། །སྐུ་གདུང་ཞུགས་ལ་བཞེན་ཙམ་ན། །མེ་ཡང་དཀར་སེར་རང་འབར་གྱུར། །བར་སྣང་ཁམས་དང་གདུང་ཁང་རྣམས། །འཇའ་ཚོན་འོད་ཀྱིས་ཁེབས་པར་གཡོགས། །

ནུབ་ཕྱོགས་གཞའ་ཚོན་འོད་ལམ་ལ། །བྱ་རྒྱལ་རྒོད་གཅིག་མངོན་པར་བྱོན། །མཁའ་ལ་ལན་གསུམ་ལྡིང་བསྐོར་ནས། །དར་ཙམ་མཁའ་ལ་བཞུགས་ནས་ནི། །སླར་ཡང་ནུབ་ཏུ་ཕེབས་སོང་བ། །ཀུན་མཐོང་ངོ་མཚར་དཔག་མེད་སྐྱེས། །ཐུགས་སྲས་རྣམ་གཉིས་ལ་སོགས་པའི། །མཆོག་ཆེན་འགའ་ཡི་གཟིགས་སྣང་ལ། །ཀུན་མཁྱེན་མཉམ་མེད་བླ་མ་ཉིད། །བྱོན་ཏེ་མཁའ་ལ་བཞུགས་པར་གཟིགས། །ཁྱད་པར་རྒྱལ་ཚབ་རིན་རྒྱལ་གྱིས། །སླར་ཡང་མཇལ་བར་གསོལ་བཏབ་ཚེ། །ཆོ་འཕྲུལ་ཟླ་བའི་ཚེས་ལྔའི་ཉིན། །རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས། །རྗེས་འཇུག་འགྲོ་བའི་དོན་ཆེད་དུ། །བྱ་རྒྱལ་རྒོད་དུ་སྤྲུལ་ནས་ཀྱང་། །མངོན་སུམ་འབྱོན་པར་ཞལ་བཞེས་ནས། །ནུབ་ཕྱོགས་བདེ་ཆེན་གཤེགས་པར་མཐོང་།།
རྗེས་འཇུག་དད་རྟེན་རིང་བསྲེལ་ཀྱང་། །རྒྱལ་བ་གཉིས་པར་འབྱོན་པའི་རྟགས། །སྐུ་རྟེན་ཀུན་ཏུ་བཟང་པོའི་སྐུ། །གསུང་རྟེན་ཤེས་རབ་སྨྲ་སེང་དང་། །ཡིག་འབྲུ་ཨཱ་ཨཱོཾßཿཧཱུཾß་ཿགིས་མཚོན། །ཐུགས་ཀྱི་རྟེན་དུ་ཤ་རི་རམ། །ཆེ་བ་ལྕོ་གའི་སྒོང་ཙམ་གསུམ། །འབྲིང་བ་སྲན་མ་ཙམ་བདུན་དང་། །ཆུང་བ་ཉུངས་དཀར་འབྲུ་མ་ཙམ། །མང་དུ་ཐོན་པ་ཡིན་ལགས་ཀྱང་། །རྒྱལ་ཚབ་ལ་སོགས་མཁས་རྣམས་ཀྱིས། །རྟེན་ཁྲུས་གྱེར་ཞིང་ཁྲུས་གསོལ་ཚེ། །རིང་བསྲེལ་ལྕོ་གའི་སྒོང་ང་ཙམ། །གཅིག་དེ་སྒྲ་འོད་ཟེར་དང་བཅས། །མཁའ་ལ་ཕུར་ཏེ་ལྷ་གནས་གཤེགས། །གཅིག་དེ་སྒྲ་འོད་ཟེར་དང་བཅས། །གཏེར་ཆུའི་ནང་ཕེབས་ཀླུ་ཡུལ་གཤེགས། །གཅིག་དེ་སྒྲ་འོད་ཟེར་དང་བཅས། །ཕྱག་གིས་བཅང་ཡང་ཡང་ཡང་འཕར། །ལན་གཅིག་རྡོ་བ་ཞིག་གི་སྟེང་། །བབ་ཚེ་རྒྱལ་ཚབ་ཕྱག་གིས་བརྡེག །རྡོ་ལ་ཕྱག་རྗེས་བཀྲ་བའི་དཀྱིལ། །རིང་བསྲེལ་ཕྲ་བཀོད་བཞིན་དུ་འཛུལ། །ཚུར་ལ་མི་ཐོན་རྡོ་དང་བཅས། །གསེར་གདུང་རྣམ་རྒྱལ་མཆོད་རྟེན་གྱི། །ནང་དུ་བཞུགས་གསོལ་བར་མི་ཡི། །འགྲོ་བ་འདྲེན་པའི་རྟེན་སྐལ་ལོ།།

ལྔ་པ་རྗེས་འཇུག་གྲོལ་ཚུལ་ནི། །རིག་གནས་མཚན་ཉིད་སྔགས་སེམས་སོགས། །ཀུན་ལ་གྲུབ་པ་ཐོབ་པ་ཡི།།ཐུགས་སྲས་ཉི་ཟླ་ལྟ་བུ་ནི། །རྒྱལ་ཚབ་རིན་ཆེན་རྒྱལ་མཚན་དང་། །མངའ་རིས་བསོད་ནམས་རྒྱལ་མཚན་ནོ། །

གཞན་ཡང་མཁས་ཤིང་གྲུབ་པའི་དཔལ། །བསྟན་པའི་གསལ་བྱེད་ནུས་པ་ཡི། །མཆོག་ཆེན་དམ་པ་བཅུ་ཕྲག་ནི། །རང་གྲོལ་ཤེས་རབ་སེང་གེ་དང་། །མཚུངས་མེད་ནམ་མཁའ་རྒྱལ་པོ་དང་། །བྲུ་སྟོན་ཀུན་དགའ་དབང་ལྡན་ཏེ། །བྲུ་ཡི་མཁས་གྲུབ་རྣམ་གསུམ་དང་། །ལྷ་བླ་གནང་པ་བསོད་རྒྱལ་དང་། །ཁྲོ་ཚང་མུ་ལ་རཏྣ་དང་། །མེ་ཉག་བསོད་ནམས་རྒྱལ་མཚན་དང་། །ཁྲི་འོད་བསྟན་པ་རྒྱལ་མཚན་དང་། །རྒྱ་འཕེལ་བསོད་ནམས་ཡེ་ཤེས་དང་།།མཁས་གྲུབ་བློ་གྲོས་འོད་ཟེར་དང་། །རྟོགས་ལྡན་འདུལ་བ་བློ་གྲོས་བཅུ། །ཡིན་པ་བརྒྱུད་ཚུལ་དག་ལས་བཤད། །

འདུལ་བསྟན་སྔགས་སེམས་གང་རིགས་ཀྱི། །རྗེས་འཇུག་སྨིན་གྲོལ་ནུས་པ་ཡི། །སློབ་བུ་བརྒྱ་ཕྲག་ལྷག་ཙམ་དང་། །འདུལ་ཁྲིམས་སྡོམ་པ་སྣ་རེ་དང་། །དབང་ལུང་མན་ངག་ཐུན་རེ་ཙམ། །ཐོབ་པའི་སློབ་བུ་གྲངས་འདས་འཕེལ། །
མདོར་ན་དེང་དུས་གངས་ཅན་འདིར། །བོན་བསྟན་སྤྱི་དང་ཁྱད་པར་དུ། །རྣམ་དག་འདུལ་བའི་བསྟན་པ་ལ། །དར་རྒྱས་ཡུན་རིང་གནས་པ་འདི། །རྒྱལ་བ་མཉམ་མེད་བླ་མ་ཡི། །ཐུགས་རྗེའི་སྟོབས་ལས་བྱུང་བའོ།།
ཞེས་རྒྱལ་བ་གཉིས་པ་མཉམ་མེད་འགྲོ་བའི་མགོན་པོ་ཤེས་རབ་རྒྱལ་མཚན་གྱི་རྣམ་པར་ཐར་པའི་ལེགས་བཤད་མདོར་བསྡུས་པ་སྐལ་ལྡན་དྭངས་བ་འདྲེན་བྱེད་ངོ་མཚར་པདྨོ་སྟོང་ལྡན་ཞེས་བྱ་བ། སྒོ་རིགས་ཀྱི་མཁན་མིང་པ་ཉི་རི་ཤེལ་ཞིན་དུ་འབོད་པ་བདག་གིས། བཀའ་འགྱུར་ལྷ་ཁང་གསར་བཞེངས་ཀྱི་ལོགས་རིས་སུ་རྣམ་ཐར་བཀོད་བདེ་བའི་ཆེད་དུ། རྣམ་ཐར་འདྲ་མིན་གསུམ་ལ་སོགས། ལུང་རིགས་མཐའ་དག་ནས་བཏུས་ཏེ་བསྒྲིགས་པའི་དགེ་དེས་མཉམ་མེད་བླ་མའི་བྱིན་རླབས་སེམས་ལ་འཇུག་པའི་རྒྱུར་གྱུར་ཅིག ། ཐ་ཚན་མུ་ཙུག་སྨར་རོ།། །།བཀྲ་ཤིས་ཤོག །

1,467 total views, 2 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།