གཡུང་དྲུང་བོན་གྱི་དྲྭ་རྒྱ།

བོད་ཀྱི་ཆོས་བརྒྱུད་ཆེན་མོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བགྲོ་གླེང་ལྷན་ཚོགས་ཐེངས་གཉིས་པ།

imageཕྱི་ལོ་༢༠༡༦་ཟླ་༣་ཚེས་༢༡་ནས་ཕྱི་༢༣་བར་ཉིན་གསུམ་གྱི་རིང་གཡུང་དྲུང་བོན་དང་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་བཅས་ཀྱི་བགྲོ་གླེང་ལྷན་ཚོགས་ཐེངས་གཉིས་པ་དེ་འཕགས་ཡུལ་ཧི་མ་ཅལ་གནས་སྦིར་༸གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་བཤད་སྒྲའི་ཚོམས་ཆེན་དུ་སྐོང་ཚོགས་བྱས་ཡོད་པ་དང་། བགྲོ་གླེང་གི་མཛད་སྒོའི་སྐུ་མགྲོན་གཙོ་བོ་༸སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་༸སྐྱབས་རྗེ་༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་སྐུ་ཕྲེང་བཅུ་གཉིས་པ་མཆོག་དང་། འབྲེལ་ཡོད་མི་རྗེ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་སོགས་ཕེབས་ཡོད་འདུག སྔོན་འགྲོའི་མཛད་སྒོའི་སྐབས་ཐོག་མར་རྒྱ་བལ་འབྲུག་གསུམ་ནས་ཕེབས་པའི་ཚོགས་བཅར་བ་རྣམ་པ་དང་། གསུང་བཤད་སློབ་དཔོན་ཁག སྐུ་མགྲོན་གཞན་རྣམས་བཅས་རིམ་བཞིན་མཛད་སྒོ་བསྐྱང་ཡུལ་བཤད་སྒྲའི་ཚོམས་ཆེན་གྱི་བཞུགས་གྲལ་དུ་གདན་འཛོམས་གྲུབ་རྗེས། སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་༸སི་ཏུ་རིན་པོ་ཆེ་མཆོག་སྤྱན་རྒྱ་སྤོས་སྣེ་དང་བཅས་ཚོགས་མགོན་དུ་གདན་འདྲེན་ཕེབས་བསུ་ཞུས་ཤིང་རིན་པོ་ཆེ་མཆོག་གིས་སྣང་གསལ་མར་མེ་ཞལ་འབྱེད་གནང་སྟེ་མཛད་སྒོ་དངོས་སུ་དབུ་ཚུགས་པ་དང་། རྟེན་འབྱུང་གསོལ་ཇ་དང་འབྲས་བསིལ་འདེགས་འབུལ་དང་འབྲེལ་འདུས་མང་ནས་ཞལ་འདོན་སྨོན་ལམ་གསུངས་གནང་མཛད།

དེ་རྗེས་འབྲེལ་ཡོད་མི་རྗེ་བཀའ་བློན་མཆོག་ནས་ཚོགས་བཅར་བ་དང་གསུང་བཤད་གནང་མཁན་སོགས་ཕྱོགས་མཐའ་ཁག་ནས་ཕེབས་པའི་བླ་སྤྲུལ་དགེ་བཙུན་རྣམས་ལ་དགའ་བསུའི་འཚམས་འདྲི་དང་སྦྲགས་དེ་སྔོན་བོད་ཀྱི་ལོ་རྒྱུས་ནང་འདི་ལྟར་གཡུང་དྲུང་བོན་དང་ཆོས་བརྒྱུད་ཆེན་པོ་རྣམས་ཀྱི་དགེ་འདུན་འདུས་མང་གདན་འཛོམས་ཀྱིས་ཕན་ཚུན་གོ་རྟོགས་སྤེལ་རེས་དང་། ལྟ་གྲུབ་བགྲོ་གླེང་མཛད་པ་ཧ་ལམ་བྱུང་མ་མྱོང་བའི་ཚོད་དུ་སྣང་བ་དང་།

དེས་ན་བར་ལམ་ཆོས་རིག་ལྷན་ཁང་ནས་བསླབ་གསུམ་འདུས་པ་རྒྱ་མཚོ་ནང་ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་ཐོག ཆོས་ལུགས་སོ་སོའི་ལྟ་གྲུབ་དང་མཁས་པའི་བཞེད་སྲོལ་ཐུན་མིན་དེ་དག་ངོ་སྤྲོད་ཀྱིས་ཐུགས་དགོངས་བརྗེ་རེས་དང་འབྲེལ་མཐར་སངས་རྒྱས་བསྟན་པ་མཐའ་དག་ནང་ཕན་ཚུན་དག་སྣང་འོ་ཆུ་གཅིག་འདྲེས་དང་། ང་ཚོ་ཚང་མ་གུ་ཡངས་སྒམ་དཀྱེལ་ཅན་གྱི་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་ཡོངས་ཐབས་སོགས་དགོས་པ་དང་དགེ་མཚན་དུ་མར་དམིགས་ཏེ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བགྲོ་གླེང་ལྷན་ཚོགས་འདི་བཙུག་གནང་བ་དང་། དེ་ཡང་ལྷན་ཚོགས་ཐེངས་དང་པོ་དེ་ཕྱི་ལོ་༢༠༡༥་ལོར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་རྒྱལ་ཁའི་ངང་ཚོགས་ཐུབ་པ་བྱུང་བ་མ་ཟད། ད་ལམ་ཡང་༸གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་མཐུན་འགྱུར་རོགས་མགོན་འོག་ང་ཚོའི་བསམ་འདུན་ཇི་བཞིན་རྒྱ་བལ་འབྲུག་གསུམ་ནས་རིས་སུ་མ་ཆད་པའི་བླ་སྤྲུལ་མཁན་པོ་དགེ་བཤེས་གཙོས་དགེ་བཙུན་ཉིས་བརྒྱའི་སྐོར་གདན་འཛོམས་ཀྱི་གོ་སྐབས་ཐེངས་གཉིས་པ་བྱུང་བ་ཧ་ཅང་གི་སྐལ་པ་བཟང་པོ་ཡིན་སྐོར་སོགས་ངོ་སྤྲོད་གསུང་བཤད་གནང་སོང་།

image
དེ་རྗེས་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་ཀྱང་ཁོང་གི་སྐུ་ཐོག་གོང་མ་དག་གི་མཛད་པ་དང་འབྲེལ་རིན་པོ་ཆེ་རང་གིས་བྱེས་ཀྱི་༸གདན་ས་དཔལ་སྤུངས་ཕྱག་བཏབ་འོ་བརྒྱལ་མཛད་སྐོར་དང་། ད་ལམ་གཡུང་དྲུང་བོན་དང་ཆོས་བརྒྱུད་ཆེན་པོ་བཞི་བཅས་ཀྱི་བླ་སྤྲུལ་སྐྱེས་ཆེན་མང་པོ་འདི་འདྲ་ཞིག་གདན་ས་འདིར་འཛོམས་རྒྱུ་བྱུང་བ་ནི་དཔལ་དུ་སྤུངས་པ་ཞེས་པའི་མིང་དོན་མཚུངས་པ་ཞིག་ཆགས་སོང་བས་ཧ་ཅང་གི་སྐལ་པ་བཟང་པོ་དང་། རྟེན་འབྲེལ་རང་འགྲིག་བྱུར་བར་ཁོང་རང་ཉིད་བློ་བདེ་པོ་དང་འདོད་པ་ཚིམས་པོ་བྱུང་སོང་སྐོར་གསུངས་སོང་།
ཡང་ཁོང་གིས་ནང་པའི་སྐོར་གསུངས་སྐབས་‘‘བོད་ནང་པ་སངས་རྒྱས་པ་ཟེར་དུས་སུ་བོན་པོ་དེ་དེའི་ནང་ལ་མ་ཚུད་པ་འདྲ་པོ་འགའ་ཤས་ཀྱིས་མཐོང་གི་ཡོད་འགྲོ་ངས་དེ་འདྲ་མཐོང་གི་མེད། ག་རེ་རེད་ཟེར་ན། བོན་པོའི་བླ་མ་གཅིག་གིས་རྩ་ནས་བཀའ་ཆོས་ཞུ་མྱོང་མེད་བོན་གྱི་བརྒྱུད་པ་ང་ལ་མེད། ཡིན་ན་ཡང་དཔེ་ཆ་གང་ལ་གང་འཚམས་མཇལ་མྱོང་དཔེ་ཀློག་ཀྱང་བྱེད་མྱོང་། བྱེད་དུས་སྐབས་སུ་ཚིག་གི་ཆ་ནས་གཅིག་གིས་ཆོས་དང་གཅིག་གིས་བོན་ཟེར་བ་དང་སྟོན་པ་ལ་ཤཀྱཱ་ཐུབ་པ་དང་། གཅིག་གིས་གཤེན་རབ་མི་བོ་ཟེར་བ་དང་།’’ དེ་ག་ནང་བཞིན་ལོ་དུས་ཀྱིས་ཆ་ནས་ཁྱད་པར་མ་གཏོགས་‘‘གཅིག་ཤར་དང་གཅིག་ནུབ་ལྟ་བུ་ངས་ནི་མཐོང་མ་སོང་། དེ་ངས་དངོས་གནས་བྱེད་ནས་ཞུ་གི་ཡོད། ངས་བོན་པོ་ལ་སྤྲེལ་ལད་བཤད་དགོས་དོན་མེད། སྤྲེལ་ལད་བཤད་དགོས་ན་བད་དེ་ལ་སྤྲེལ་ལད་བཤད་དགོས་རེད། བན་དེས་བན་དེ་ལ་སྤྲེལ་ལད་བཤད་དགོས་མ་གཏོགས་བན་དེས་བོན་པོ་ལ་སྤྲེལ་ལད་བཤད་དགོས་དོན་ཡོད་མ་རེད། ངས་དངོས་གནས་བདེན་པ་དེ་ཞུ་གི་ཡོད། ང་རང་གིས་གང་ཤེས་པ་དེ་ཞུ་གི་ཡོད། དེ་འདྲའི་སོང་དུས་བོན་ལ་རྫོགས་པ་ཆེན་པོ་ནི་འདུག དབུ་མ་ནི་འདུག འདུལ་བ་ནི་འདུག་གང་ལྟར་ཚང་མ་འདུག། བཀའ་འགྱུར་ལ་ཡང་བན་དེ་ལ་བཀའ་འགྱུར་རྐྱང་པ་བྱེད་དུས་པོད་བརྒྱ་ལྷག་ཟིག་མ་གཏོགས་ཡོད་མ་རེད། བོན་གྱི་བཀའ་འགྱུར་ལ་པོད་བརྒྱ་ཕྲག་མང་པོ་ཡོད་རེད། བརྒྱ་ལས་ཚད་ཀྱི་མ་རེད། བཀའ་འགྱུར་ཧ་ཅང་གི་རྒྱས་པ་རེད། བསམ་གྱིས་མི་ཁྱབ་པའི་རྒྱས་པ་རེད། དེ་འདྲའི་ཡིན་དུས་ཆོས་ཀྱི་ཕྱུག་པོ་ཞེ་དྲགས་རེད།’’ ཞེས་དང་།

ཡང་ཁོང་གིས་བརྒྱུད་པའི་སྐོར་གསུངས་སྐབས་དེ་རིང་ཁྱེད་རྣམ་པས་འདིར་ཆོས་ཀྱི་མཛད་སྒོ་རྒྱ་ཆེན་པོ་གནང་བ་འདི་དེ་ཧ་ཅང་གི་གཟི་བརྗིད་ཆེན་པོ་རེད། ཅེས་དང་། དཔེ་ཆ་ཡོད་པ་ཙམ་དང་འགྲེལ་བཤད་རྒྱག་ཤེས་པ་ཙམ་གྱིས་མི་ཕན་ཞིང་བརྒྱུད་པ་རྣམ་པར་དག་པ་དེ་ཡོད་དགོས་པ་དང་། དེ་ཡང་བརྒྱུད་པའི་ཟམ་མ་ཆད་པ་ཞིག་ཡོང་དགོས་སྐོར་དང་། ད་ལན་ཆོས་བརྒྱུད་ཆེན་པོ་བཞི་ཡི་མཁས་དབང་རྣམ་པས་དབུ་མ་རྩ་བ་ཤེས་རབ་སྐོར་གསུངས་ཡོང་བའི་སྐབས་སུ་དེའི་བརྒྱུད་པའི་བྱིན་རླབས་ཚོགས་ཞུགས་པ་ཚང་མ་ལ་ཡོང་གི་ཡོད་པ་དང་། དེ་བཞིན་གཡུང་དྲུང་བོན་གྱི་མཁས་དབང་རྣམ་པས་བོན་གཞུང་ནས་གསུངས་ཡོང་བའི་སྐབས་སུ་དེའི་བརྒྱུད་པའི་བྱིན་རླབས་ཚང་མ་ལ་ཡོང་གི་ཡོད་པས་དངོས་གནས་བརྒྱུད་པའི་ཆུ་བོ་གཅིག་འདྲེས་ཟེར་བ་དེ་ཆགས་ཡོད་པ་དང་། དེ་ཡང་དཔལ་དུ་སྤུངས་པ་ཞེས་པའི་ས་གནས་འདིར་ལྷན་ཚོགས་ཐེངས་གཉིས་པའི་སྐབས་སུ་ཆགས་པ་དེ་ཁོང་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སོང་སྐོར་སོགས་གསུངས་སོང་། དེ་རྗེས་འབྲེལ་ཡོད་གོ་སྒྲིག་ལས་བྱེད་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་དང་དགྱེས་འཛོམས་ཀྱི་སྐུ་པར་བསྒྲོན་ཞིང་སྔོན་འགྲོའི་མཛད་སྒོ་མཇུག་ལེགས་པར་གྲུབ།

imageགཉིས་པ་དངོས་གཞིའི་ཚོགས་ཐུན་དང་པོ། ཐོག་མར་སྨན་རིའི་དགེ་བཤེས་ཤེས་རབ་བློ་གྲོས་མཆོག་གིས་གཙོ་སྐྱོང་འོག་དཔལ་སྤུངས་ཤེས་རབ་གླིང་གི་མཁན་པོ་པདྨ་ལགས་དང་། རྫོང་སར་བཤད་སྒྲའི་མཁན་པོ་འཇམས་དབྱངས་བློ་གསལ་ལགས། འབྲུག་ཞེ་ཆེན་དགོན་པའི་སློབ་དཔོན་ཕུར་པ་འཕྲིན་ལས་ལགས་བཅས་ཀྱིས་དབུ་མ་རྩ་བ་ཤེས་རབ་སྐོར་གསུང་བཤད་དང་དྲི་བ་དྲི་ལན་བཅས་གནང་།

image ཚོགས་ཐུན་གཉིས་པ། འབྲུག་ཞེ་ཆེན་དགོན་པའི་སློབ་དཔོན་ཕུར་པ་འཕྲིན་ལས་ལགས་ཀྱིས་གཙོ་སྐྱོང་འོག་འབྲས་སྤུངས་སྒོ་མང་དགེ་བཤེས་ལྷ་རམས་པ་བློ་བཟང་རིན་ཆེན་ལགས་དང་། སྨན་རིའི་དགེ་བཤེས་ཤེས་རབ་བློ་གྲོས་ལགས། རྫོང་སར་བཤད་སྒྲའི་སློབ་དཔོན་དབྱར་ཁབ་ཀུན་བཟང་ལགས་བཅས་ནས་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལྟ་གྲུབ་སྐོར་དང་། དབུ་མ་རྩ་བ་ཤེས་རབ་སྐོར་བཅས་གསུང་བཤད་དང་དྲི་བ་དྲི་ལན་གནང་།
ཚོགས་ཐུན་གསུམ་པ། འབྲས་སྤུངས་སྒོ་མང་དགེ་བཤེས་ལྷ་རམས་པ་བློ་བཟང་རིན་ཆེན་ལགས་ཀྱིས་གཙོ་སྐྱོང་འོག་སློབ་དཔོན་དཔལ་ལྡན་དབང་ཕྱུག་ལགས་ཀྱིས་གཏམ་བཤད་དང་དྲི་བ་དྲི་ལན་དང་།

image
ཚོགས་ཐུན་བཞི་པ། ཤེས་རབ་གླིང་གི་མཁན་པོ་པདྨ་ཤེས་རབ་ལགས་ཀྱིས་གཙོ་སྐྱོང་འོག་སེར་བྱེས་དགེ་བཤེས་ལྷ་རམས་པ་བློ་བཟང་ཐབས་མཁས་ལགས་དང་། སྨན་རིའི་དགེ་བཤེས་ཤེས་རབ་ཉི་མ་ལགས་གཉིས་ནས་དབུ་མ་རྩ་བ་ཤེས་རབ་དང་། གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལྟ་བའི་བྱུང་ཚུལ་སྐོར་བཅས་གསུང་བཤད་དང་དྲི་བ་དྲི་ལན་གནང་། ཚོགས་ཐུན་ལྔ་པ། སྨན་རིའི་དགེ་བཤེས་ཤེས་རབ་ཉི་མ་ལགས་ཀྱིས་གཙོ་སྐྱོང་འོག་དགའ་ཤར་ལྷ་རམས་པ་བློ་བཟང་གྲགས་པ་ལགས་དང་། རྫོང་སར་བཤད་སྒྲའི་སློབ་དཔོན་རྒྱལ་མཚན་དར་རྒྱས་ལགས་གཉིས་ནས་རྩ་བ་ཤེས་རབ་ཀྱི་བྱུང་ཁུངས་དང་ལྟ་གྲུབ་སྐོར་དྲི་བ་དྲི་ལན་གནང་།

imageཚོགས་ཐུན་དྲུག་པ། སློབ་དཔོན་དཔལ་ལྡན་དབང་ཕྱུག་ལགས་ཀྱིས་གཙོ་སྐྱོང་འོག་ཤེས་རབ་གླིང་གི་མཁན་པོོོ་ཀརྨ་གྲགས་པ་ལགས་དང་། མཁན་པོ་ཐུབ་བསྟན་ནོར་བུ་ལགས། ཕྲན་སྤུ་བླ་གཡུང་དྲུང་སྐལ་བཟང་བཅས་ནས་དབུ་རྩ་བ་ཤེས་རབ་ཀྱི་བྱུང་ཁུངས་དང་ལྟ་གྲུབ་སྐོར་དང་། གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་སྤྱི་དོན་བདུན་ལས་འཕྲོས་ཏེ་བོན་གྱི་དབུ་མའི་ལྟ་གྲུབ་སྐོར་བཅས་ནས་གསུང་བཤད་དང་དྲི་བ་དྲི་ལན་གནང་། ཚོགས་ཐུན་བདུན་པ། སྨན་རིའི་དགེ་བཤེས་ཤེས་རབ་བློ་གྲོས་ལགས་དང་། སློབ་དཔོན་ཕུར་པ་འཕྲིན་ལས་ལགས། ལྷ་རམས་པ་བློ་བཟང་རིན་ཆེན་ལགས། མཁན་པོ་འཇམ་དབྱངས་བློ་གསལ་ལགས། མཁན་པོ་པདྨ་ལགས་བཅས་ལྔ་དབུས་བཞུགས་ཀྱིས་སྤྱི་ཡོངས་ཀྱི་དྲི་བ་དྲི་ལན་དང་བགྲོ་གླེང་གནང་།

imageགཞན་ཡང་བགྲོ་གླེང་གི་དངོས་གཞིའི་ཉིན་གསུམ་གྱི་རིང་དགོང་མོའི་ཕྱག་ཚོད་༧།༣༠་ནས་༨།༣༠་བར་སྟེ་ཆུ་ཚོད་གཅིག་ལྷག་རིང་ཚོགས་ཞུགས་པ་ནང་ཕན་ཚུན་དབུ་མའི་ལྟ་གྲུབ་སྐོར་ནས་འཕྲོས་པའི་བགྲོ་གླེང་དང་དྲི་བ་དྲི་ལན་གནང་ཞིང་། དེ་ཡང་ཚོགས་བཅར་བ་ཕལ་མོ་ཆེས་༸གདན་ས་སྨན་རིའི་གླིང་དང་༸དཔལ་ལྡན་ཁྲི་བརྟན་ནོར་རྩེ་གཉིས་ནས་ཕེབས་པའི་གཡུང་དྲུང་བོན་གྱི་དགེ་འདུན་པ་རྣམས་དང་ལྷན་དུ་བོན་ཕྱོགས་ཀྱི་ལྟ་གྲུབ་སྐོར་དྲི་བ་དྲི་ལན་དང་ཐུགས་སྣང་ཤུགས་ཆེར་གནང་བའི་རྣམ་པ་མངོན་གསལ་འདུག དེ་ཙམ་མ་ཟད་ཆོས་བརྒྱུད་ཆེན་པོ་བཞི་ཡི་མཁས་དབང་རྣམས་ཀྱིས་གསུང་བཤད་སྐབས་གཙོ་བོ་ཐ་སྙད་ཚད་གྲུབ་དང་། གཞི་མེད་རྩ་བྲལ། བདག་མེད་རྣམ་གཉིས་སོགས་མདོར་ན་དབུ་མ་རྩ་བ་ཤེས་རབ་ལས་སྤྲོས་བྲལ་དབུ་མའི་ལྟ་བའི་སྐོར་ཤས་ཆེར་བཀའ་འདྲི་ཕེབས་ཀྱི་ཡོད་ཀྱང་། གཡུང་དྲུང་བོན་ལུགས་ཀྱི་མཁས་དབང་རྣམ་གཉིས་དང་ཕྲན་གྱིས་གཏམ་བཤད་སྐབས་རྣམས་སུ་སེམས་དཔའ་སྤྲོས་མེད་པའམ་ཐེག་ཆེན་དབུ་མ་པའི་ལྟ་གྲུབ་ལས་འཕྲོས་ཏེ་བོན་གྱི་ལྟ་སྒོམ་སྤྱོད་གསུམ་སྤྱི་དང་། གཞི་ལམ་འབྲས་གསུམ། དེ་བཞིན་རྒྱལ་རབས་ལོ་རྒྱུས་སོགས་གང་ཅིའི་ཐད་ནས་བཀའ་འདྲི་དང་ཐུགས་གཙིགས་དམིགས་བསལ་གནང་བའི་ཚོར་བ་ཤུགས་ཆེར་བྱུང་། གང་ལྟར་ཉིན་གསུམ་གྱི་བགྲོ་གླེང་རིང་དོགས་འདྲི་གནང་མཁན་ཚོགས་བཅར་བ་འཚང་ཁ་ཤིག་ཤིག་དང་། དེ་ཡང་ཕན་ཚུན་གུས་བརྩི་དང་ཞི་འཇམ་འབའ་ཞིག་གི་ཐོག་ནས་དྲི་བ་དྲི་ལན་གནད་ལ་ཁེལ་པ་བྱུང་བ་ནི་སྤྱི་ཚོགས་ཀྱི་ཆ་ནས་བཟང་སྤྱོད་ཀྱི་མིག་དཔེ་དང་། མི་རིགས་ཀྱི་ཆ་ནས་མཐུན་ལམ་རྡོག་རྩ་ཆིག་སྒྲིག ཆོས་ཀྱི་ངོས་ནས་དམ་ཚིག་འོ་ཆུ་གཅིག་འདྲེས། དམིགས་ཡུལ་གྱི་ཆ་ནས་སངས་རྒྱས་ཀྱི་བསྟན་པ་ནང་ཕན་ཚུན་དག་སྣང་ནོར་བུས་འོད་ཀྱིས་ཁྱབ་པའི་རྨང་གཞི་ཚུགས་པའི་རྣམ་པར་མངོན་པ་ནི་རྨད་དུ་བྱུང་ངོ་ཞེས་བསྔགས་འོས་ཀྱི་དཔལ་ལས་གཞན་ཅི།

imageདེ་ཡང་ཡིན་ངེས་པ་སྟེ་ཉིན་མཐའ་མའི་མཇུག་སྡོམ་གྱི་མཛད་སྒོའི་སྐབས་སུ་གཡུང་དྲུང་བོན་དང་ཆོས་བརྒྱུད་ཆེན་པོ་བཞི་བཅས་སོ་སོའི་ཚོགས་ཞུགས་པའི་ནང་ནས་བགྲོ་གླེང་གི་དགེ་ཕན་མྱོང་ཚོར་གསུང་མཁན་ཚབ་མཚོན་མི་སྣ་རེ་བསྐོས་བཞག་གནང་བ་སྟེ། སྔ་འགྱུར་སྙིང་མའི་མཁན་པོ་གཅིག་དང་། ས་སྐྱའི་སློབ་དཔོན་དབྱར་ཁབ་ཀུན་བཟང་ལགས། བཀའ་བརྒྱུད་པའི་མཁན་པོ་གཅིག དེ་བཞིན་དགེ་ལྡན་པའི་དགེ་བཤེས་ལྷ་རམས་པ་བློ་བཟང་རིན་ཆེན་ལགས། གཡུང་དྲུང་བོན་ཕྱོགས་ནས་རྒན་ལི་ཐང་ཡེ་ཤེས་རྒྱལ་བ་ལགས་བཅས་ནསམྱོར་ཚོར་གསུངས་སྐབས་ཆོས་བརྒྱུད་ཆེན་པོ་བཞི་ནི་སྟོན་པ་གཅིག་གི་རྗེས་འཇུག་ཏུ་སོང་། ཕན་ཚུན་གཟིགས་ཀློག་དང་ཉམས་བཞེས་དགོས་པ་ཞུ་མ་དགོས་པའི་ཁར་ཚང་མས་གཡུང་དྲུང་བོན་ཕྱོགས་ཀྱི་ཕྱག་དཔེ་ཁག་ལ་གཟིགས་ཀློག་མ་བྱུང་བའི་སྐྱོན་ཆ་དག་ངོས་འཛིན་གསལ་པོ་བྱུང་བའི་ཐོག་ནས་ད་ལམ་གདན་འཛོམས་བྱུང་བའི་ཚོགས་བཅར་བ་རྣམས་དང་། དེའི་བརྒྱུད་ནས་ང་ཚོ་ཕན་ཚུན་བློ་ཐག་ཉེ་པོས་གཞུང་ལུགས་ཀུན་ལ་གཟིགས་ཞིབ་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་འབོད་སྐུལ་མགྲིན་དབྱངས་གཅིག་གིས་གནང་སོང་། དེ་ཡང་དཔེར་ན་ལྷ་རམས་པ་བློ་བཟང་རིན་ཆེན་ལགས་ཀྱིས་བགྲོ་གླེང་ཉིན་གསུམ་གྱི་ནང་དབུ་མའི་ལྟ་བའི་སྐོར་བཤད་སྐབས་ཐ་སྙད་ཚད་གྲུབ་དང་། གཞི་མེད་རྩ་བྲལ་ཟེར་བ་ལྟ་བུ་ཚིག་གི་ཆ་ནས་མ་འདྲ་བ་ཡོད་པ་མ་གཏོགས་དོན་གྱི་ཆ་ནས་འབབ་ས་གཅིག་པ་ཡིན་པ་དང་། ང་ཚོས་རྒྱུན་ལྡན་བོན་པོ་དང་བན་དེ་ཞེས་རྦད་དེ་ཐ་དད་སོ་སོ་ཡིན་པ་ལྟ་བུར་ངོས་འཛིན་ཞུ་གི་ཡོད། ཉེ་ལམ་ངས་བོན་དཔེ་རྟེན་འབྲེལ་སྐོར་ཞིག་ཀློག་རྒྱུ་བྱུང་བས་དངོས་གནས་གཞི་གནད་གཅིག་ཏུ་འབབ་པའི་ཚོར་བ་བྱུང་ཞིང་།

imageདེ་རིང་འདིར་བོན་གྱི་མཁས་དབང་ཚོས་ལྟ་གྲུབ་སྐོར་ཞིབ་ཕྲ་གསུངས་དུས་ང་ཚོས་ད་བར་བོན་གྱི་སྐོར་ལྟ་ཀློག་མ་ཐུབ་མ་གཏོགས་གང་ལྟར་སྟོན་པ་ཐ་དད་ཡིན་པ་ཙམ་ལས་དོན་དངོས་སུ་‘‘དཔྱད་ན་དགོངས་པ་གཅིག་ཏུ་འབབ་’’ཞེས་གསུངས་པ་ལྟ་བུར་གྱུར་འདུག་པས་ཚང་མས་དག་སྣང་ཕྱོགས་མེད་དགོས་སྐོར་གསུངས་པ་དང་། དེ་བཞིན་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་མཁན་པོ་དང་། ལྷག་པར་དུ་ཤེས་རབ་གླིང་གི་མཁན་པོ་རྒྱལ་མཚན་ཕུན་ཚོགས་མཆོག་གིས་ཀྱང་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་སྐབས་དམིགས་བསལ་གཡུང་དྲུང་བོན་གྱི་སྐོར་རྩལ་དུ་བཏོན་ནས་གཞུང་མདོ་སྔགས་སེམས་གསུམ་དང་ཤེས་རིག་ལོ་རྒྱུས་ཕུན་སུམ་ཚོགས་པོ་ཡོད་ཚུལ་དང་། དེ་བཞིན་བོད་ཀྱི་ལོ་རྒྱུས་ཀྱི་ཁུངས་ཞིག་འཚོལ་དགོས་ཕྱིན་བོན་གཞུང་ལ་མ་གཏུགས་ན་བཤད་ཐབས་མེད་པ་དང་། བོན་གྱི་གཞུང་ལུགས་ཁག་ལ་སློབ་སྦྱོང་དང་རྒྱུས་མངའ་དགོས་གལ་ཆེ་སྐོར་སོགས་མདོར་ན་ཚང་མས་ངེས་ཤེས་བརྟན་པོ་རྙེད་པའི་ཐོག་ནས་བོན་བན་རྒྱལ་བསྟན་མཐའ་དག་དག་སྣང་ནོར་བུའི་འོད་ཀྱིས་སྐྱོང་ཞིང་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་གྱི་འབོད་སྐུལ་དང་དྲིལ་བསྒྲགས་མགྲིན་དབྱངས་གཅིག་གིས་གནང་སོང་བ་ནི་བོད་ཀྱི་ལོ་རྒྱུས་སྟེང་རིས་སུ་མ་ཆད་མཁས་དབང་དགེ་བཤེས་སློབ་གཉེར་བ་བཅས་གདན་འཛོམས་རྒྱ་ཆེན་པོ་འདི་འདྲའི་ཐོག་དག་སྣང་ཕྱོགས་མེད་ཀྱི་ངོས་འཛིན་ཚོར་འདུ་རྣམས་གདེང་སྤོབས་ཆེན་པོའི་ངང་ནན་བརྗོད་གནང་བ་ཧ་ལམ་ཐེངས་དང་པོ་ལྟ་བུར་ཆགས་ཡོད་པས་རྗེས་སུ་ཡི་རངས་ཀྱི་བསྔགས་བརྗོད་དང་།

imageམ་འོངས་མིག་ལྟོས་བཟང་པོའི་དཔལ་དུ་གྱུར་རོ་སྙམ་པ་བཅས་གནས་ཚུལ་སྙིང་བསྡུས་སུ་གཡུང་དྲུང་བོན་གྱི་སྐུ་ཚབ་མཁས་དབང་གི་གྲལ་དུ་ཁྱི་མིང་སེང་གེར་བཏགས་པའི་གྱི་ན་བ་སྤུ་བླ་གཡུང་དྲུང་སྐལ་བཟང་དུ་འབོད་པས་ཕྱི་ལོ་༢༠༡༦་ཟླ་༣་ཚེས་༢༧་ཉིན་བགྲོ་གླེང་སྐབས་རང་གི་ཚིག་ཐོ་བསྐྱོན་པ་ལ་གཞི་བཅོལ་ཏེ་བྲིས་པའི་དགེ་བས་སངས་རྒྱས་ཀྱི་བསྟན་པའི་སྒོ་ཞུགས་པའི་སྐྱ་སེར་ཡོད་དོ་ཅོག་གི་ཐུགས་རྒྱུད་ལ་བོན་བན་བསྟན་གཉིས་དག་སྣང་ཕྱོགས་མེད་དགོངས་པ་རླབས་ཆེན་འཁྲུངས་བའི་རྒྱུ་རུ་གྱུར་ཅིག་ཐ་ཚན་མུ་ཙུག་སྨར་རོ།།

གནས་ཚུལ་རྩོམ་འབྲི་པ། སྤུ་བླ་གཡུང་དྲུང་སྐལ་བཟང་།

པར་རིས། དགེ་བཤེས་ཤེས་རབ་བློ་གྲོས། སྤུ་བླ་གཡུང་དྲུང་སྐལ་བཟང་།