གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་གྲྭ་ཚང་གི་གསལ་བསྒྲགས།

img443༄༅། །འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་གཡུང་དྲུང་བོན་གྱི་དད་ལྡན་བོན་འབངས་ཡོངས་ཀྱིས་མཁྱེན་གསལ་ལྟར་རང་རེ་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་མཆོག་ཉེ་ལམ་སྐུ་ཁམས་ཅུང་བདེ་མིན་དབང་གིས་ཕྱི་གླིང་ཨ་རིར་ཆིབས་བསྒྱུར་གནང་སྟེ་སྐུ་ངལ་གསོ་ཞིང་སྨན་བཅོས་མཛད་བཞིན་ཡོད་པ་རེད།

རིན་པོ་ཆེ་མཆོག་གི་སྐུ་ཡི་སྙུང་གཞི་ཡང་ཉིན་རེ་བཞིན་དྲག་བསྐྱེད་འགྲོ་བཞིན་ཡོད་པ་གསུངས་བཞིན་ཡོད་ནའང་། ཉེ་སྔོན་རིན་པོ་ཆེ་མཆོག་ལ་བཀའ་འདྲི་དགོངས་སྐོར་ཞུས་པའི་གནད་དམིགས་ཅན་གྱི་ཞབས་རིམ་ཁག་དད་ལྡན་བོན་འབངས་ཚང་མས་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་ནི་ཞུ་མ་དགོས་པ་རེད།

ཡིན་ན་ཡང་མུ་མཐུད་ནས་སྐུ་ཕྱྭའི་ཞབས་རིམ་བསྒྲུབ་དགོས་པ་མ་ཟད་དེའི་ནང་ནས་དམིགས་བསལ་༧རྒྱལ་བ་སྨན་རི་ཚང་གི་ཡི་དམ་དབལ་ཕུར་ནག་པོ་ཡིན་སྟབས་འདི་གའི་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧སྐྱབས་གནས་འདུས་མང་ཡོངས་ཀྱིས་ཟླ་འདིའི་ཕྱི་ཚེས་༡༢་ཉིན་ནས་༡༦་བར་ཉིན་ལྔའི་རིང་ཡི་དམ་ཕུར་པའི་སྟོང་ཚོགས་རྒྱས་འབུལ་ཞུ་བཞིན་ཡོད་པ་དང་།

དེ་བཞིན་བོན་གཞིས་བཙུན་དགོན་རད་ན་སྨན་གླིང་ནས་ཀྱང་མ་མཆོག་སྲིད་པ་རྒྱལ་མོའི་ཚོགས་མཆོད་རྒྱས་འབུལ་ཞུ་བཞིན་ཡོད་པ་དང་། གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་དུ་ཡང་བོན་གཞིས་དད་ལྡན་མི་མང་ཡོངས་ཀྱིས་དྲན་པའི་ཚེ་བསྙེན་དང་། བར་ཆད་ལམ་སེལ་བསམ་པ་མྱུར་འགྲུབ་མ་བཅས་སྒྲུབ་བཞིན་ཡོད་པས་དེ་ལུགས་སུ་ཕྱོགས་མཐའ་ཡུལ་གྲུ་ཀུན་ལ་བཞུགས་པའི་མགོན་པོ་གང་ཉིད་ཀྱི་སྐྱབས་འོག་པ་ཡོངས་ཀྱིས་རིན་པོ་ཆེ་མཆོག་གིས་དགོངས་དོན་ལྟར་གལ་ཆེའི་ཞབས་རིམ་གནད་དམིགས་ཁག་ལ་འབད་བརྩོན་ལྷོད་མེད་གནང་རོགས་ཞུ་ཞེས་འབོད་སྐུལ་ཡང་ཞུ་རྒྱུ་བཅས།

དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་ནས།
༢༠༡༦།༠༣།༡༢ཉིན།