གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་གླིང་གི་སྨྲ་སེང་སྒྲུབ་ཆེན།

IMG_0094དེ་ཡང་འཆར་ཅན་ལྟར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་ནས་གོ་སྒྲིག་འོག གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་བོད་རྒྱལ་ལོ་༣༡༥༣གནམ་ལོ་མེ་སྤྲེལ་ལོའི་ཟླ་བ་དང་པོའི་ཚེས་ཉེར་གསུམ་ནས་གནམ་གང་བར་ཏེ། ཕྱི་ལོ་༢༠༡༦ཟླ་བ་གསུམ་པའི་ཚེས་༢ནས་༩གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་བཤད་སྒྲུབ་འདུས་སྡེས་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་གེའི་སྒྲུབ་ཆེན་ལ་ཚོགས་ཡོད་པ་རེད།

ཚེས་པ་ཉེར་གསུམ་གྱི་ཞོགས་ཚོད་ལྔ་པ་ཙམ་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པ་དབུ་བཞུགས་ཐོག སྨན་རིའི་བཤད་སྒྲུབ་མཁན་སློབ་གཉིས་དང་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་དང་སློབ་གཉེར་པ་འདུས་གྲྭ་ཡོངས་རྫོགས་ཀྱིས་བདུན་ཕྲག་གཅིག་རིང་བསྒྲུབ་པར་བཞུགས་ཡོད་པ་དང་།

IMG_0103ཚེས་ཉེར་དགུའི་དགོང་མོར་མཚན་ཕུད་ཀྱི་སྒྲུབ་པ་བཅས་ཉིན་མཚན་བརྒྱད་ཀྱི་རིང་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་དཀྱིལ་འཁོར་ཞལ་ཕྱེས་ནས་བསྙེན་འཛབ་གྲངས་ཚང་བསགས་བསྒྲུབས་མཛད་ཡོད་པ་དང་། བོད་ཚེས་སུམ་ཅུའི་ཉིན་གྱི་ཞོགས་པ་ནས་རྒྱལ་བ་མཉམ་མེད་ཆེན་པོའི་བླ་སྒྲུབ་དང་ཤེས་རབ་སྨྲ་སེང་གི་སྒྲུབ་གཞུང་སོགས་སྦྲག་སྟེ་གཏང་རག་གི་ཚོགས་འཁོར་རྒྱས་འབུལ་གྲུབ་ནས།

IMG_0077ཕྱག་ཚོད་བཅུ་པ་ཙམ་ནས་༧སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་བོན་གཞིས་སྐྱ་སེར་ཡོངས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཡོང་བའི་དད་འདུན་སློབ་ཚོགས་ཡོངས་ལ་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་བཀའ་དབང་བཀའ་དྲིན་བསྩལ་གནང་ནས། ཉིན་གུང་ཙམ་ནས་ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་ཆེན་ཁ་དགེ་བཀྲ་ཤིས་པའི་ངང་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་མོ།།