གཡུང་དྲུང་བོན་གྱི་དྲྭ་རྒྱ།

གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་ཁྲིམས་མཐུན་དེབ་སྐྱེལ་ངོས་ལེན་གནང་པ།

IMG_9531བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་ལྷན་ཚོགས་ཚོགས་ཐེངས་ ༢༥ པ་ཕྱི་ལོ་ ༢༠༡༦ ཟླ་བ་ ༤ ཚེས་ ༢ ཉིན་རྡ་རམ་ས་ལ་བོད་ཀྱི་གསོལ་མགྲོན་ཚོགས་ཁང་དུ་སྐོང་ཚོགས་གནང་ཡོད་ཅིང་ཚོགས་ཐོག་ཏུ་ལྷན་ཚོགས་ཀྱི་དྲུང་ཆེ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་རྟོགས་ཞིབ་ལས་བསྡོམས་དང་དགོས་འཁོའི་ཡིག་ཆ་ཁག རྟོགས་ཞིབ་ཚོགས་མི་སོ་སོའི་དགོངས་ཚུལ་འགེངས་ཤོག་བཅས་ལྷན་ཚོགས་སུ་ཕུལ་དོན་ལྟར་ཚོགས་ཐེངས་དེར་བོད་ཀྱི་གསོ་བ་རིག་པའི་ཁྲིམས་སྒྲིག་ལས་དོན་དང་འབྲེལ་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་ཁྲིམས་མཐུན་དེབ་སྐྱེལ་སྐོར་ལ་གྲོས་ཚོགས་ནས་སྤྱི་མོས་ངོས་ལེན་གྱི་གྲོས་ཆོད་བྱུང་ཡོད་འདུག

IMG_0052དེ་ཡང་བོད་མེ་སྤྲེལ་ལོའི་ཟླ་བ་གཉིས་པའི་ཚེས་བརྒྱད་ཕྱི་ལོ་༢༠༡༦ ཟླ་ ༣ ཚེས་ ༢༦ ཉིན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་ལྟར་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་ནས་མཐོ་སློབ་ཁང་འདི་ཉིད་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་དེབ་སྐྱེལ་ཡོང་བའི་ཞུ་སྙན་ཕུལ་དོན་ལྟར་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཞོན་སྨན་པ་ཐོགས་མེད་ལགས་དང་། དྲུང་ཆེ་ཚེ་རིང་མཚམས་གཅོད་ལགས། ས་གནས་གཞིས་འགོ་བློ་ལྡན་ཉི་མ་ལགས་བཅས་རྟོགས་ཞིབ་ཚོགས་མི་གསུམ་གོང་ཚེས་ ༢༦ ཉིན་བོན་གཞིས་སུ་ཡོད་པའི་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་དུ་རྟོགས་ཞིབ་ཆེད་ཕེབས་གནང་ཞིང་རྟོགས་ཞིབ་དངོས་སུ་དབུ་འཛུགས་མ་གནང་གོང་ལྷན་ཚོགས་ཀྱི་དྲུང་ཆེ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་མཐོ་སློབ་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་རྣམ་པར་རྟོགས་ཞིབ་ཀྱི་རྒྱབ་ལྗོངས་ངོ་སྤྲོད་གནང་།

IMG_0194དངོས་གཞིའི་རྟོགས་ཞིབ་ཆེད་ཚོགས་མི་རྣམས་མཐོ་སློབ་ཀྱི་ཡིག་ཚང་དང་དེ་ནས་རིམ་པས་སློབ་འཁྲིད་འཛིན་ཁང་། སློབ་མ་རྣམས་ཀྱི་ཆེད་དུ་ཚོགས་ཁང་དང་སྒོམ་སྒྲུབ་ཁང། དཔེ་མཛོད་ཁང་དང་ནད་པ་བརྟག་དཔྱད་ཁང། སྨན་སྦྱོར་ཁང་དང་ནད་གསོ་ཁང། གཞན་ཡང་སློབ་མའི་སྡོད་ཤག་དང་རང་སྦྱོང་ཁང། དགེ་རྒན་གྱི་ལས་ཤག་དང་ཉེ་འཁོར་ཁོར་ཡུག་གཙང་འཕྲོད་བཅས་ལ་རྟོགས་ཞིབ་གནང་། ལྷག་པར་མཐོ་སློབ་དེ་ནས་སློབ་འཁྲིད་གནང་བཞིན་པའི་གསོ་རིག་འབུམ་བཞིའི་སློབ་ཚན་རྣམས་ལྷན་ཚོགས་ནས་གཏན་འབེབ་གནང་བའི་རྩ་འཛིན་གཞིར་བཟུང་སློབ་འཁྲིད་གནང་བཞིན་ཡོད་མེད་བཅས་ལ་རྟོགས་ཞིབ་ཟབ་རྒྱས་གནང་།

གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་ནི་ཕྱི་ལོ་ ༢༠༡༤ ཟླ་༥ ཚེས་༡༣ ཉིན་གཡུང་དྲུང་བོན་གྱི་བླ་ཆེན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་རིན་པོ་ཆེ་མཆོག་གིས་དངོས་སུ་དབུ་འཛུགས་གནང་ཞིང་ད་ལྟའི་འཆར་གསོ་རིག་འབུམ་བཞིའི་ཁྲིད་རྒྱུན་སྤེལ་ཞིང་སློབ་གཉེར་གནང་བཞིན་ཡོད།མཐོ་སློབ་ཁང་འདི་ནི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་མིང་ཐོག་ཏུ་ཁྲིམས་མཐུན་ཚོགས་པ་དེབ་སྐྱེལ་ཡོད་པ་དང་འཛིན་སྐྱོང་ཆེད་འགན་འཛིན་ལྷན་ཚོགས་ཟུར་དུ་ཡོད་པ་དང་དེས་སྟངས་འཛིན་གནང་བཞིན་ཡོད། བོད་ཀྱི་གསོ་བ་རིག་པའི་སློབ་གཉེར་ཁང་གི་དེབ་སྐྱེལ་བྱེད་ཕྱོགས་རྩ་འཛིན་སྒྲིག་གཞི་དགོངས་དོན་ཚོགས་ཆུང་ནས་རྟོགས་ཞིབ་ལས་བསྡོམས་དང་དགོས་འཁོའི་ཡིག་ཆ་ཁག རྟོགས་ཞིབ་ཚོགས་མི་སོ་སོའི་དགོངས་ཚུལ་འགེངས་ཤོག་བཅས་ལྷན་ཚོགས་སུ་ཕུལ་ཞིང་ལྷན་ཚོགས་ཚོགས་ཐེངས་ ༢༥ པའི་ཐོག་གྲོས་བསྡུར་ཐག་གཅོད་ཀྱིས་ཁྲིམས་མཐུན་དེབ་སྐྱེལ་ངོས་ལེན་གནང་ཡོད་པའི་གནས་བསྡུས་ཙམ་དུ་གཡུང་དྲུང་བོན་དྲ་ཚིགས་ཁང་ནས་སྤེལ་བ་དགེའོ། །

གསོ་རིག་འབུམ་བཞིའི་ལོ་རྒྱུས་རྒྱས་པ་འདི་ན་ཡོད།