གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣་པ་མཆོག་གི་བཀའ་དྲིན་རྗེས་དྲན་མཎྜལ་བརྟན་བཞུགས་རྒྱས་འབུལ་ཞབས་རིམ་སྐོར་གྱི་མཛད་རིམ།

IMG_0438ཉིན་དང་པོ།

བསླབ་གསུམ་འདུས་མང་ཡོངས་ནས་ཡི་དམ་ཕུར་པའི་ཚོགས་མཆོད་རྒྱས་འབུལ་དང་། དད་ལྡན་མང་ཚོགས་རྣམས་ནས་རྒྱུན་བཞིའི་གེགས་སེལ་གང་རྒྱས་ཀྱི་རྣམ་དཀར་དགེ་སྒྲུབ་གནང་རྒྱུ།

ཉིན་གཉིས་པ།

IMG_0395དགེ་འདུན་འདུས་མང་ནས་བོན་སྐྱོང་གསོལ་ཁ་རྒྱས་པ་དང་འབྲེལ་ཞོགས་ཀ་ཕྱག་ཚོད་ ཐོག་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་དང་དེ་བཞིན་གཞིས་དགོན་གཉིས་ཀྱི་སྐྱ་སེར་མང་ཚོགས་ལྷན་འཛོམས་ཐོག་ལྷ་རྒྱལ་རི་རྩེར་རླུང་རྟ་དང་བསང་གསོལ་རྒྱས་པ་གནང་རྒྱུ།

ཉིན་རྒྱབ་ཕྱག་ཚོད་

༢་༣༠་ ཐོག་སྐྱ་སེར་ཡོངས་རྫོགས་༸དཔལ་གཤེན་བསྟན་སྨན་རིའི་འདུལ་ཁང་དུ་རྒྱས་འཛོམས་ཀྱིས་བོན་སྐྱོང་མངའ་གསོལ་དང་འབེན་ཟློག་གསུང་གནང་རྒྱུ། དེ་བཞིན་གོང་གསལ་ཉིན་དང་པོ་དང་གཉིས་པ་གཉིས་ཀྱི་རིང་༧བཙུན་དགོན་རདྞ་སྨན་གླིང་དུ་བསླབ་གསུམ་སེམས་མའི་འདུས་ཚོགས་ཀྱིས་བོན་སྐྱོང་ཚོགས་འཁོར་རྒྱས་འབུལ་གནང་རྒྱུ།

ཉིན་གསུམ་པ།

IMG_0008ཞོགས་པ་དགེ་འདུན་འདུས་མང་ནས་ཚེ་དབང་བྱ་རི་མའི་ཚོགས་འཁོར་གསུང་རྒྱུ་དང་། ཕྱག་ཚོད་༩་༣༠་ ཐོག་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དུང་གླིང་དང་སྤྱན་རྒྱ་སྤོས་སྣེས་དྲངས་ཏེ་༸དཔལ་གཤེན་བསྟན་སྨན་རིའི་གཙུག་ལག་ཁང་དུ་གདན་ཞུས་དང་འབྲེལ་སེར་སྐྱ་ཡོངས་རྗོགས་འདུལ་ཁང་དུ་རྒྱས་འཛོམས་བྱུང་མཚམས་ཚེ་སྒྲུབ་བཀའ་དབང་དབུ་འཛུགས་གནང་རྒྱུ་དང་། བཀའ་དབང་གི་བར་གསེང་དུ་སེར་སྐྱ་མང་ཚོགས་ཡོངས་ལ་རྟེན་འབྲེལ་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུ་རྒྱུ། བཀའ་དབང་མཇུག་གྲུབ་རྗེས་སེར་སྐྱ་ཚང་མ་མགྲིན་དབྱངས་གཅིག་གིས་༸སྐྱབས་རྗེ་མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱི་གསོལ་འདེབས་དང་། ཚེ་སྙིང་གསོག་སྒྲུབ་དང་། བསྟན་འབར་སྨོན་ལམ་བཅས་དབྱངས་སུ་གྱེར་གནང་རྒྱུ།

ཉིན་རྒྱབ་ཕྱག་ཚོད་༣པའི་ཐོག་༸དཔལ་གཤེན་བསྟན་སྨན་རིའི་གཙུག་ལག་ཁང་དུ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་སྐྱ་སེར་མི་མང་ཡོངས་ལ་སྙིང་པོ་རྣམ་གསུམ་ཁྲིད་ལུང་དང་།

བོན་སྤྱོད་སྐྱབས་སེམས་སྐོར་ལས་འཕྲོས་པའི་དགེ་སྒྲུབ་སྡིག་སྤོང་གི་བླང་དོར་རྣམ་བཞག་སོགས་བོན་ཁྲིད་བཀའ་དྲིན་བསྩལ་གནང་རྒྱུ།

གཞན་ཡང་ཉིན་གསུམ་གྱི་རིང་དད་ལྡན་མང་ཚོགས་ཡོངས་ནས་ཚེ་སྙིང་དང་།

སངས་རྒྱས་སྨན་ལྷའི་བསྟོད་གཟུངས། བར་ཆད་ལམ་སེལ་སོགས་གསོག་སྒྲུབ་དང་། ཕྱག་སྐོར་སྒྲིབ་སྦྱོང་གི་བོན་སྤྱོད་ཆུ་བོའི་རྒྱུན་བཞིན་བསྐྱང་གནང་རྒྱུ་བཅས་སོ།

ས་གནས་བརྟན་བཞུགས་གོ་སྒྲིག་ཚོགས་མི་ཐུན་མོང་ནས།

ཕྱི་ལོ་༢༠༡༦་ཟླ་༤་ཚེས་༧་ཉིན།