གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ལ་བོན་འབངས་ཡོངས་ཀྱིས་བཀའ་དྲིན་རྗེས་དྲན་གྱི་མཎྜལ་བརྟན་བཞུགས་རྒྱས་འབུལ་ཞུས་པ།

Screen-Shot-2016-04-23-at-2_49_47-AM-600x190ཕྱི་ལོ་ ༢༠༡༦ ཟླ་བ་ ༠༤ ཚེས་ ༢༠ ནས་ཉིན་གསུམ་གྱི་རིང་བལ་ཡུལ་ཁྲི་བརྟན་ནོར་བུའི་རྩེ་ལ་སྲིད་གསུམ་སྐྱེ་འགྲོ་ཡོངས་ཀྱི་སྐྱབས་ཀྱི་དཔུང་གཉེན་དམ་པ་རྒྱུད་གསུམ་བསྟན་པའི་སྲོག་ཤིང་༧དཔལ་ལྡན་རྩ་བའི་བླ་མ་༧སྨན་རིའི་ཡོངས་འཛིན་སྨྲ་བའི་སེང་གེ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་སྐུ་ཚེ་ཧྲིལ་པོར་བསྟན་འགྲོར་སྨན་པའི་མཛད་ཆེན་བསྐྱངས་པའི་བཀའ་དྲིན་རྗེས་དྲན་དང་། སྐུའི་ཞབས་པད་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་འཕང་མཐོན་པོར་གཡོ་མེད་བསྐལ་བ་བརྒྱ་ཡི་བར་དུ་བརྟན་ཅིང་གསང་གསུམ་མཛད་འཕྲིན་ཀྱི་འོད་སྟོང་མཁའ་མཉམ་གདུལ་བྱའི་དཔལ་དུ་སྤྲོ་བཞིན་བཞུགས་པའི་གསོལ་འདེབས་སུ། བོད་ཕྱི་ནང་འཛམ་གླིང་ཤར་ནུབ་བོན་འབངས་ཡོངས་ཀྱིས་མནྜལ་བརྟན་བཞུགས་རྒྱས་འབུལ་ཞུས་པ།

13015532_1127885933942105_1157549332267860116_nདེ་ཡང་ཉིན་དང་པོ་ ༢༠༡༦། ༤།༢༠ ཉིན་གྱི་ཞོགས་པའི་འཁོར་ཚོད་བརྒྱད་དང་ཕྱེད་ཀའི་ཐོག་མཛད་སྒོ་དངོས་སུ་དབུ་འཛུགས་གནང་བ་དང་། མཛད་སྒོའི་ཚོགས་མགོན་དུ་གདན་ས་ཆེན་པོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་། ༧དཔལ་ཁྲི་བརྟན་ནོར་བུ་རྩེའི་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་གཙོས་དཔལ་ཁྲི་བརྟན་ནོར་རྩེའི་མཁན་སློབ་རྣམས་པ་དང་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་པ། ཕྱི་གླིང་ཚོགས་སྡེ་ཁག་ནས་ཕེབས་པའི་དད་ལྡན་ཕྱི་གླིང་བ་རྣམས་དང་།

13061997_1127885877275444_9106155285385727962_nདེ་བཞིན་ཧི་ལ་ཡའི་རི་རྒྱུད་སོགས་ནས་ཕེབས་པའི་དད་ལྡན་སེར་སྐྱ་ཡོངས་རྫོགས་མཛད་སྒོའི་ཚོགས་གུར་ཆེན་མོར་མཉམ་འཛོམས་གྲུབ་མཚམས་དད་ལྡན་སེར་སྐྱ་ཡོངས་ལ་གསོལ་ཇ་དང་བཞེས་གྲོ་འདེགས་འབུལ་ཞུས་པ་དང་། དེ་ནས་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་མཆོག་ནས་བརྟན་བཞུགས་གོ་སྒྲིག་ཚོགས་པའི་ཚོགས་གཙོའི་ཚབ་ཞུས་ཏེ་མཛད་སྒོ་འདིའི་ཐོག་མཐའ་བར་གསུམ་གྱི་རྒྱུད་རིམ་རྣམས་ངོ་སྤྲོད་དང་འབྲེལ་༧སྐྱབས་རྗེ་སྨྲ་དབང་སྨན་རིའི་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་སྐུ་ཚེ་ཧྲིལ་པོར་བསྟན་འགྲོའི་མཛད་པ་བསྐྱང་ཚུལ་སོགས་ཀྱི་སྐོར་ནས་གསུང་བཤད་ཟབ་རྒྱས་གནང་བ་དང་། དེ་རྗེས་ས་སྟེང་སྐྱེ་འགྲོ་ཡོངས་ཀྱི་ཕན་བདེའི་གཞི་རྩ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་ཡང་སྒོས་སུ་༧རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་གི་སྐུ་ཚེ་མི་འགྱུར་གཡུང་དྲུང་གི་གཤིས་སུ་གྲུབ་ཅིང་དགེ་འདུན་སེམས་དཔའི་སྡེ་ཚོགས་དར་ཞིང་རྒྱས་ཕྱིར་དུ་གྲྭ་མང་འདུས་པ་རྒྱ་མཚོས་བོན་སྐྱོང་སྲུང་མ་རྣམས་ལ་འཕྲིན་ལས་ནན་གྱིས་བསྐུལ་ཏེ་བསང་གསོལ་རྒྱས་གཏོང་དང་ཀུ་བསྭོའི་ལྷ་རྒྱལ་བཅས་སྔ་དྲོའི་མཛད་རིམ་མཇུག་གྲུབ་པར་བྱས།

13087421_1127885917275440_5543387213355232558_nཕྱི་དྲོའི་ཆུ་ཚོད་གཉིས་པའི་ཐོག་མཁན་སློབ་དང་དགེ་བའི་བཤེས་གཉེན་རྣམས་པ་གཙུག་ལག་ཁང་ཆེན་མོའི་ནང་དུ་ཚོགས་ནས་ཆུ་གཏོར་གསུངས་པ་དང་། དེ་མིན་བླ་གྲྭ་རྣམས་མཛད་སྒོའི་ཚོགས་གུར་ཆེན་མོར་འཛོམས་ཏེ་འབུམ་ཉི་མ་དགུ་ཤར་དང་མདོ་མང་གཟུངས་འདུས་སོགས་དག་ཀློག་བྱས། དད་ལྡན་མི་མང་རྣམས་ཚོ་གཉིས་སུ་བྱས་ནས་ཚྭ་ཚྭ་གདབས་པ་དང་ལམ་འཕྲང་བཅོས་པ་བཅས་ཉིན་དང་པོའི་མཛད་རིམ་མཇུག་གྲུབ་པར་བྱས་སོ། །

13055562_454738371391536_3999915503285763127_nཉིན་གཉིས་པ། ༢༠༡༦། ༤། ༢༡ ཉིན་གྱི་སྔ་དྲོའི་འཁོར་ཚོད་བརྒྱད་དང་ཕྱེད་ཀའི་ཐོག་སྨྲ་དབང་མི་ཡི་རྣམ་པར་རོལ་བ་༧སྐྱབས་རྗེ་རྩ་བའི་བླ་མ་རིན་པོ་ཆེ་མཆོག་གླིང་བུ་དང་སྤོས་སྣས་སྤྱན་དྲངས་ཏེ་མཛད་སྒོའི་ཚོགས་གུར་ཆེན་མོར་ཞབས་སོར་འཁོད་མཚམས་འདུས་མང་ཡོངས་ནས་ཤེས་རབ་ལྷ་མཆོག་སྨྲ་བའི་སེང་གེའི་ཚེ་སྒྲུབ་ཀྱི་གཞུང་བསྲང་བ་དང་། སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནས་མནྜལ་གྱི་བཤད་པ་ཕུལ་བ་དང་། མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་མཆོག་དང།  བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་དང་། བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོ་རྣམ་པ་གསུམ་གྱིས་མནྜལ་འདེགས་འབུལ་ཞུས་པ་དང་། བརྟན་བཞུགས་བཀོད་སྒྲིག་ཚོགས་པའི་གཙོ་འཛིན་པ་རྣམས་དང་། ཚོགས་སྡེ་ཁག་གི་སྐུ་ཚབ་སོགས་ཀྱིས་༼ཨེ་མ་འབྱུང་ལྔའི་༽དང་༼རིན་པོ་ཆེའི་གསོལ་འདེབས་༽དབྱངས་སུ་གྱེར་ནས་བརྟན་བཞུགས་ཀྱི་མཆོད་རྫས་རྣམས་རིམ་གྱིས་ཕུལ་བ་དང། མཆོད་སྤྲིན་གྱི་འབུལ་བ་རྣམས་ལེགས་པར་གྲུབ་མཚམས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ནས་དད་ལྡན་མཇལ་ཞུ་བ་རྣམས་ལ་བཀའ་སློབ་བཀའ་དྲིན་བསྩལ། དེ་བཞིན་དད་ལྡན་ཕྱི་གླིང་གི་བོན་ཞུ་བ་རྣམས་པའི་ཆེད་དུ་ཁྱིམ་གསར་བླ་མ་མཆོག་ནས་དབྱིན་སྐད་དུ་བསྒྱུར་གནང་མཛད་པ་དང་མཐར་བསྔོ་བ་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་ཏེ་སྔ་དྲོའི་མཛད་རིམ་མཇུག་གྲུབ་པར་བྱས།

IMG_1361-600x400ཕྱི་དྲོའི་ཆུ་ཚོད་གཉིས་དང་ཕྱེད་ཀ་ནས་བཞི་བའི་བར་དུ་སེར་སྐྱ་མི་མང་རྣམས་མཛད་སྒོའི་ཚོགས་གུར་ཆེན་མོར་མཉམ་དུ་འཛོམས་ནས་༧དཔལ་ལྡན་བླ་མའི་སྐུ་ཕྱྭའི་ཞབས་རིམ་དུ་བྱམས་མ་སྔགས་ཀྱི་བསྟོད་པ་དང་དྲན་པ་ཚེ་སྒྲུབ་ཀྱི་བསྙེན་པ་སོགས་བསགས་སྒྲུབ་གནང་སྟེ་ཉིན་གཉིས་པའི་མཛད་རིམ་འཇུག་གྲུབ་པར་བྱས།

IMG_6895-600x400ཉིན་གསུམ་པ། ༢༠༡༦། ༤། ༢༢ ཉིན་གྱི་ཞོགས་པ་ཆུ་ཚོད་ལྔ་བའི་ཐོག་སྒྲུབ་གཤེན་རྣམས་ཀྱིས་སྒྲུབ་ཁང་དབང་དྲག་ལྷ་ཁང་དུ་དྲན་པའི་ཚོགས་འཁོར་གསུངས་པ་དང་། འཁོར་ཚོད་དགུ་བའི་ཐོག་༧སྐྱབས་རྗེ་སྨྲ་དབང་ཡོངས་འཛིན་རིན་པོ་ཆེ་མཆོག་མཛད་སྒོའི་ཚོགས་གུར་ཆེན་མོར་ཕེབས་སྟེ་སེར་སྐྱ་མི་མང་ཡོངས་ལ་དྲན་པ་ཚེ་སྒྲུབ་ཀྱི་བཀའ་དབང་བཀའ་དྲིན་བསྩལ་གནང་བ་དང་། དེ་ནས་༧སྐྱབས་རྗེ་མཁན་སློབ་རྣམས་པ་དང་སེར་སྐྱ་མི་མང་རྣམས་པ་རིམ་གྱིས་མཇལ་ཁ་ཞུས་སྟེ་ཉིན་གསུམ་པའི་སྔ་དྲོའི་མཛད་རིམ་མཇུག་གྲུབ་པར་བྱས།

09b1633857a594a2404c461555c3fe9cཕྱི་དྲོ་ཆུ་ཚོད་གསུམ་པའི་ཐོག་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེ་མཆོག་ནས་དད་ལྡན་མང་ཚོགས་ཡོངས་ལ་བྱམས་མ་སྔགས་བསྟོད་ཀྱི་ཁྲིད་ལུང་གནང་བ་དང་། དད་ལྡན་ཕྱི་གླིང་བ་རྣམས་ཀྱི་ཆེད་དུ་ཁྱིམ་གསར་བླ་མ་ལགས་ནས་དབྱིན་སྐད་དུ་བསྒྱུར་གནང་མཛད། དེ་ནས་སྣང་གསལ་འོད་ཀྱི་མར་མེའི་ཞལ་ཕྱེས་ཏེ་མར་མེ་སྨོན་ལམ་དང་བསྔོ་སྨོན་རྣམ་པར་དག་པས་མཚམས་སྦྱར་རྗེས་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་མཆོག་ནས་མཛད་སྒོ་ཆེན་མོ་འདིའི་མཇུག་སྡོམ་གྱི་གཏམ་བཤད་དང་བཅས་མནྜལ་བརྟན་བཞུགས་རྒྱས་འབུལ་གྱི་མཛད་སྒོ་ཆེན་མོ་རྒྱལ་ཁའི་ངང་མཐར་ལེགས་པར་གྲུབ།

 

ཨ་རིའི་རྒྱལ་གཤེན་བོན་ཚོགས་ནས་གནས་ཚུལ་དང་པར་རིས་མཐུན་འགྱུར་གནང་།