གཡུང་དྲུང་བོན་གྱི་དྲྭ་རྒྱ།

བསྟན་པ་བོན་གྱི་ཀླད་དོན་དཔར་དུ་བསྐྲུན་པ།

Cover (1)བསྟན་པ་བོན་གྱི་ཀླད་དོན་གྱི་མཛད་པ་པོ་ལུང་རིགས་སྨྲ་བའི་དབང་ཕྱུག་སྒ་རིགས་ཀྱི་སྟོན་པ་ཚུལ་ཁྲིམས་རྒྱལ་མཚན་མཆོག་ནི། བོད་ས་ཁྱི་ཕྱི་ལོ་༼༡༢༣༨༽༡ལོར་ཤར་ཕྱོགས་རྒྱལ་མོ་རོང་གི་ས་གནས་ཆུ་ཆེན་དུ་ཡབ་གེ་ཁོད་བྱ་བའི་སྲས་སུ་འཁྲུངས། སྐུ་ན་ཆུང་ངུའི་སྐབས་སུའང་ཐུགས་རིག་གཞན་དང་མི་འདྲ་བའི་རྟགས་སུ། ཤིག་ལ་སྤུ་དང་སོ་སེན་ཡོད་པ་དང༌། སྲོ་མ་ལ་ཁ་མིག་དོད་པ། སྤུ་དཀར་ནག་ལ་ཁོང་གསེང་དང་སྦུ་གུ་ཡོད་པ་སོགས་ཆུ་བུར་མིག་ཤེས་ཀྱིས་སྤྱོད་ཡུལ་དུ་གྱུར་མི་ནུས་པའི་ཕྲ་བའི་འདུས་བྱས་ཀྱི་བོན་མང་པོ་ཞིག་མངོན་སུམ་དུ་གཟིཊ་པར་གྲགས།

ཕྱིས་གཙང་དུ་ཕེབས་ནས་སྟོད་ལུང་ཤེར་བཟང་དང༌། གཤེན་དར་ལྡིང་དུ་སློབ་དཔོན་བསོད་རིན་སོགས་ཀྱི་དྲུང་ནས་སྡེ་སྣོད་གསུམ་གྱི་གཞུང་ལུགས་ལ་བློ་རྩལ་སྦྱང་སྟེ། འཆད་རྩོད་རྩོམ་གསུམ་གྱི་འཁོར་ལོའི་རྩིབས་སྟོང་རྣམ་པར་བསྒྱུར་ཞིང༌། འཇིགས་བྲལ་བློ་གྲོས་ཀྱི་སྤོབས་པ་ཆེན་པོ་ཐོབ་པར་མཛད་དེ་མཁས་པའི་གོ་འཕང་མངོན་དུ་བསྙེས་པར་བྱས། ཁྱད་པར་དུ་གསུང་རྩོམ་རྣམས་ལན་གཉིས་རེ་མཛད་ཀྱང༌། དུས་ཀྱི་འཕེལ་འགྲིབ་དང་འབྱུང་བའི་ཆག་འཇིག་ལ་བརྟེན་ནས་སྔར་རྩོམ་ཁག་ནུབ་ཅིང་ཕྱིས་རྩོམ་རྣམས་བསྟན་འགྲོའི་དཔལ་ཡོན་དུ་བཞད་པར་གྱུར།

དེ་ཡང་མཛོད་ཀྱི་སྐོར་ལ་གསུང་རྩོམ་ཐེངས་གསུམ་རེ་མཛད་ཅེས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་ཞུས་པའི་མཛོད་གཞུང་གི་མཇུག་བྱང་དུ་ “འདི་ནི་མཛོད་ཀྱི་རྣམ་བཞག་ལན་གསུམ་མཛད་པའི་ཕྱི་མའོ།” ཅེས་གསལ་རུང༌། རྒྱ་གར་ལྡི་ལི་ནས་པར་བསྐྲུན་གནང་བའི་མཛོད་ཀྱི་མཇུག་བྱང་དུ་དེ་ལྟར་མི་འདུག་པས་བརྟག་དགོས་པར་སེམས། འདི་ནི་ཞོར་འཕྲོས་ཙམ་ཡིན་ལ། དེ་རྗེས་སྟོན་པ་དེ་ཉིད་ཀྱིས་གཡས་རུ་དབེན་ས་ཁའི་བསྟན་བདག་ཆེན་པོ་མཁས་བཙུན་རྒྱལ་བ་གཡུང་དྲུང་གི་སྐུ་མདུན་ནས། བོན་ཐུན་རེ་ཙམ་གསན་པས་ཉམས་རྟོགས་བློ་གྲོས་ཀྱི་གདེངས་ཐོབ་ཅིང༌། བསླབ་གསུམ་མཁས་མང་འདུས་སྡེ་རྒྱ་མཚོའི་ཚོགས་དབུས་སུ་ལེགས་བཤད་ལུང་རིག་སྨྲ་བའི་དམ་འཇོག་སྐབས་“ཁྱབ་པ་མ་གྲུབ་”ཅེས་གསུངས་ལན་མང་དུ་བསྩལ་བར་བརྟེན། རྩོད་གྲྭ་བ་རྣམས་ཀྱིས་“སྟོན་པ་ཁྱབ་པ་མ་གྲུབ་”ཅེས་མཚན་འདོགས་ཀྱང་ཕུལ་བའི་ལོ་རྒྱུས་ཡོད། དུས་མཚུངས་སུ་གདན་ས་ཆེན་པོ་སྙེ་མོ་བཟང་རི་ལ་བྱོན་ནས། སུམ་སྟོན་བཟང་པོ་དཔལ་གྱི་དྲུང་དུ་བསྙེན་པར་རྫོགས་ཤིང༌། ཉིན་ཞིག་རྫོགས་ཆེན་གྱི་བོན་ཡོངས་རྩེ་ཀློང་ཆེན་གྱི་ཕྱག་དཔེ་ཞིག་གཟིགས་སྐབས། “ང་འདི་དང་འཕྲད་པ་འཕྱིས་འདུག དེ་མིན། ན་སོ་དར་བའི་དུས་དང་འཕྲད་ན་སྔ་ས་ནས། འཕུར་ནུས་པའི་ཡོན་ཏན་མངའ་བ་ཡིན་”གསུངས་ཏེ་བླ་མེད་རྫོགས་པ་ཆེན་པོའི་ལྟ་དགོངས་ལ་ཐུགས་གཏད་གནང༌། ཕྱིས་འབྲོག་སྡེ་ཞིག་ཏུ་ལྡོམ་བུ་མཛད་པའི་སྐབས་ཤ་ཁྱི་མང་པོས་དེད་པའི་ཚེ་ཕྱག་གཉིས་གདངས་ནས། བྱ་རྒོད་གཅིག་གི་མགྱོགས་བུལ་ཙམ་དུ་འཕུར་ཏེ་ཕེབས་པ་ཡུལ་མི་མང་པོའི་མཇལ་ཡུལ་དུ་གྱུར་བ་སོགས་ངོ་མཚར་གྱི་དན་རྟགས་མང་པོ་བཞག

སྟོན་པ་ཆེན་པོའི་ཞལ་སློབ་ཏུའང་བོན་བསྟན་འཛིན་པའི་སྐྱེས་བུ་ཆེས་མང་བ་དང༌། གྲགས་ཆེ་བར་ཀུན་མཁྱེན་ཤེས་རབ་འོད་ཟེར་དང་ཤེས་རབ་བློ་གྲོས་སོགས་མང་དུ་བྱོན་ཅིང༌། རོང་སྟོན་ཤཱཀྱ་རྒྱལ་མཚན་ཞེས་ཆོས་ཕྱོགས་སུ་མཚན་སྙན་ལྡན་པའི་མཁས་པ་དེའང་བླ་མ་འདིའི་སློབ་རྒྱུད་དུ་གཏོགས་པར་གསུངས།

འོ་ཅག་རྗེས་འཇུག་པ་རྣམས་ཀྱི་བོན་སྐལ་དུ་དམིགས་ཏེ་གདམས་པའི་བོན་ལ་ཡང་༼ཀུན་ལས་བཏུས་པ་སྲིད་པའི་མཛོད་ཕུགས་ཀྱི་གཞུང༌།༽དང༌། དེའི་རང་འགྲེལ་༼བདེན་པའི་མཛོད་ཕུགས་རྣམ་པར་འབྱེད་པའི་ལྡེ་མིག༽༼ཐེག་པ་ཆེན་པོའི་གཞི་ལམ་འབྲས་བུའི་གསལ་བྱེད།༽ ༼ཐེག་པ་ཆེན་པོའི་གཞི་ལམ་འབྲས་བུའི་རང་འགྲེལ་གསལ་བྱེད་མེ་ལོང༌།༽ ༼བསྟན་པའི་ཤན་འབྱེད་འཕྲུལ་གྱི་མེ་ལོང་རབ་གསལ་སྒྲོན་མེ།༽ ༼བསྟན་པ་ཐམས་ཅད་ཀྱི་ཀླད་དོན་བོན་གྱི་རྣམ་དབྱེ།༽ གཞན་ཡང་༼མཛོད་ཀྱི་མཆན།༽ ཞེས་པ་ཞིག་ཀྱང་ཡོད་པ་སློབ་དཔོན་སྐལ་བཟང་དར་རྒྱས་མཆོག་གིས་དུས་འགྱུར་ཀྱི་སྔོན་ཙམ་དུ་རབ་ལེགས་གཡུང་དྲུང་གླིང་གི་དཔེ་མཛོད་དུ་བཞུགས་པའི་དཔེ་མིང་ཐོ་འགོད་གནང་བའི་དེབ་ཆུང་ཞིག་ནས་གསལ།དེ་ལྟར་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་བཟང་པོས་ཀུན་ནས་བརྒྱན་པའི་སྒ་རིགས་ཀྱི་སྟོན་པ་མཆོག་དེ་ཉིད་ཀྱིས། རང་ཅག་ཕྱི་རབས་པ་རྣམས་ལ་ཆེད་དུ་བགོས་པའི་བོན་སྐལ་མང་པོ་ཞིག་མཛད་མོད། ཕྱི་རབས་སེམས་ཅན་གྱི་བསོད་ནམས་ཀྱིས་མ་ལྕོགས་པའམ་དུས་ངན་གྱི་ལོ་ཟླའི་འོག་གང་གིས་གསུངས་བའི་བོན་སྡེ་མང་པོ་ཞིག་འཇའ་ལྟར་ཡལ་བ་སྨྲོས་མ་དགོས། མདོར་ན་མཁས་མཆོག་དེ་ཉིད་སྡེ་སྣོད་གཞུང་བརྒྱའི་བོན་ལ་མཁྱེན་པའི་རིག་རྩལ་རྫོགས་པའི་རྩོད་བྲལ་གྱི་དཔའ་བོ་ཆེན་པོ་དང༌། སྒོམ་སྒྲུབ་ཉམས་ལེན་གྱི་ཕྱོགས་སུའང་འདོད་ཡོན་བདུད་དུ་ཤེས་ཏེ་འདིར་སྣང་བློས་བཏང་གི་བྱ་བྲལ་ལ་གནས་པའི་རྣལ་འབྱོར་བ། གཏད་མེད་རང་གྲོལ་གྱི་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་དཀའ་ཐུབ་དོན་དུ་སྤྱོད་པའི་དྲང་སྲོང་ཆེན་པོ་ཞིག་ཡིན་ཏེ། དེ་ཡང་སྐུ་གཤེགས་པའི་སྔ་རོལ་དུ་གཟིམ་ཁང་ན་རྫོགས་ཆེན་ཡོངས་རྩེ་ཀློང་ཆེན་པོད་གཅིག་དང༌། ཧོས་རུ་སྟེ་མཁར་བསིལ་གཅིག་ལས་གཞན་བདོག་པའི་དངོས་པོ་ཅི་ཡང་མི་འདུག་པའི་ཕྱོགས་སུ་སྤྱན་གྱིས་གཟིགས་ཏེ། འདི་ལྟར་གསུངས། བྱབྱབྱ་བྲལ་ཟེར་ན་ང་འདྲ་བ་ཞིག་ཡིན་བྱབྱ གསུངས་ནས་སྐུ་ཡལ་བར་གྲགས།སྐབས་དེར་ནམ་ཟླ་དགུན་དཀྱིལ་ཡིན་ཀྱང་ས་ཆུ་ཐམས་ཅད་ལྷོད་དེ་རི་ལུང་ཀུན་ལ་མེ་ཏོག་རྒྱས་པ་སོགས། འཇིག་རྟེན་པའི་སྣང་ངོར་ཆེས་ངོ་མཚར་བའི་རྟགས་མང་པོ་དང་བཅས་རེ་ཞིག་སྐུའི་དགོངས་པ་ཞིང་ཁམས་གཞན་དུ་གཤེགས་པར་མཛད་དོ།། །།

༡ མཆན། སྒ་རིགས་ཀྱི་སྟོན་པ་འདི་ཉིད་འཁྲུངས་འདས་ཀྱི་ལོ་ཚིགས་གསལ་ཁ་ཉུང་བ་དང༌། ཡོད་པ་དེ་དག་ཀྱང་གོང་འོག་འཁྲུགས་པ་མང་བས་འདིར་འཁྲུངས་ཚིགས་བསྟན་འབྱུང་ཀེ་ཏ་ཀའི་དགོངས་པ་ལྟར། གོང་འོག་ལོ་ཚིགས་བསྒྲིགས་ཏེ་བཀོད་པའོ།

སྨན་རིའི་སློབ་མིང་བ་འཕྲིན་ལས་ཉི་མས།།

བསྟན་པ་བོན་གྱི་ཀླད་དོན་གྱི་དཀར་ཆག

དང་པོ་བརྗོད་པ་བོན་གྱི་རྣམ་དབྱེ།……………………………… 11

ཐུན་མོང་གི་དོན།…………………………………………………. 11

སོ་སོའི་དོན།………………………………………………………. 14

སྟོན་པའི་བཀའ།………………………………………………….. 14

ཕུན་སུམ་ཚོགས་པ་ལྔ།……………………………………………. 14

བདག་རྐྱེན་གྱི་སྒོ་ནས་དབྱེ་བ།…………………………………… 21

བྱིན་གྱིས་རླབས་པའི་བཀའ།…………………………………….. 21

ཞལ་ནས་གསུང་པའི་བཀའ།…………………………………….. 22

རྗེས་སུ་གནང་བའི་བཀའ།……………………………………….. 22

དགོས་ཆེད་ཀྱི་སྒོ་ནས་དབྱེ་བ།…………………………………… 23

བཀའ་བརྟེན།…………………………………………………….. 23

རྩིས་འགོ་རྣམ་པ་ལྔ།……………………………………………… 23

ཕྱི་འདུལ་ཁྲིམས།………………………………………………….. 30

ནང་རིག་འཛིན་སྔགས།………………………………………….. 36

གསང་བ་བྱང་ཆུབ་སེམས།……………………………………….. 37

རྒྱུད་ལུང་མན་ངག་གསུམ།……………………………………….. 45

སྒོ་བཞི་མཛོད་དང་ལྔ།……………………………………………. 48

འབུམ་སྡེ་བཞི།……………………………………………………. 54

གཉིས་པ་བློ་སྟོབས་ཐེག་པའི་འཛེག་རིམ།……………………….. 64

༡ཕྱི་ནང་གཉིས།………………………………………………….. 65

༢ཆེ་ཆུང་གཉིས།………………………………………………….. 67

༣རྒྱུ་འབྲས་གཉིས།………………………………………………… 67

༤མདོ་སྔགས་གཉིས།…………………………………………….. 68

༥འཛེགས་རིམ་ཐེག་པ་རིམ་དགུ།……………………………….. 69

 

གསུམ་པ་གནོད་མེད་བདེན་པའི་བཞེད་ལུགས།………………… 71

ཐུན་མོང་གི་དོན།…………………………………………………. 71

བདེན་པའི་མཚན་ཉིད།………………………………………….. 71

༡གཞན་ལུགས་དགག་པ།………………………………………… 71

༢རང་ལུགས་བཞག་པ།………………………………………….. 73

༣ དེ་ལ་རྩོད་པ་སྤང་བ།………………………………………….. 73

སྒྲ་དོན།……………………………………………………………. 74

མཚན་ཉིད་གསུམ།……………………………………………….. 74

མཇུག་དོན།……………………………………………………….. 76

 

དཔེ་རྙིང་གི་མ་ཡིག………………………………………………. 77