གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་ནེའུ་ཡོག་ལ་བཀའ་ཁྲིད་གནང་བ།


imageཕྱི་ལོ་ ༢༠༡༦ ལོའི་ཟླ་ ༥ ཚེས་ ༢༧ ནས་ ༣༠ བར་ཨ་རིའི་ནེའུ་ཡོག་ཁུལ་དུ་བརྟན་གཞི་བྱས་པའི་བོན་གྱི་ཚོགས་སྡེ་བོན་གཤེན་གླིང་གིས་གོ་སྒྲིག་འོག་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་ནོར་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་༧ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དཔལ་བཟང་པོ་མཆོག་གིས་དད་ལྡན་བོན་འབངས་ཁག་ཅིག་ལ་དགོངས་མཛོད་རི་ཁྲོད་ཆེན་པོས་མཛད་པའི་ཟབ་མོ་གནད་ཀྱི་གདམས་པ་རྫོགས་ཆེན་ཨ་ཁྲིད་ཀྱི་ཁྲིད་ལུང་རྒྱས་པ་དང་རིག་འཛིན་ཚེ་ཡི་རྒྱལ་པོའི་བཀའ་དབང་བཅས་གནང་།
imageཉིན་དང་པོའི་དགོང་དྲོར་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཆེན་པོ་མཆོག་གིས་སྐུ་ཚེའི་མཛད་རྣམ་རྒྱས་པ་ཞིག་རང་རྣམ་གྱི་ཚུལ་གྱིས་གསུངས་རྗེས་དད་ལྡན་མང་ཚོགས་ལ་དུས་དང་རྣམ་པ་ཀུན་ཏུ་སྡིག་སྤོང་དགེ་སྒྲུབ་ཀྱི་བྱ་བར་བརྩོན་རྒྱུ་གལ་ཆེ་བ་དང་། གཡུང་དྲུང་གི་བོན་ཉམས་སུ་ལེན་པར་མི་རིགས་ཁ་དོག་གི་དབྱེ་བ་མེད་ལ་གྲགས་སྙན་ཕྱུག་དབུལ་གྱི་ཁྱད་པར་མེད། མདོར་ན་མི་ཞིག་ཡིན་ཕྱིན་སྨྲ་ཤེས་ཤིང་དོན་གོ་བ་ཞིག་ཏུ་སྐྱེས་པ་རེད།

imageཁྱད་པར་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་དགོངས་དོན་ངོ་མའམ་མཁས་གྲུབ་སྐྱེས་ཆེན་རིམ་བྱོན་གྱིས་གསུངས་པའི་བོན་རིན་པོ་ཆེ་ཇི་ལྟར་ཉམས་སུ་ལེན་ཐུབ་ཚེ་དལ་འབྱོར་གྱི་རྟེན་ཆུད་ཟོས་སུ་མ་སོང་བའམ་མི་ལུས་བཟང་པོ་ཞིག་རྙེད་པའི་དོན་གོ་ཆོད་སོང་བ་རེད་ལ། དེས་ནི་སྐྱེ་བ་འདི་ལ་ཕན་པ་དང་། ཕྱི་མ་ལའང་ཕན་པའི་ཚུལ་སོགས་དཔེ་མཚོན་སྣ་ཚོགས་ཀྱི་སྒོ་ནས་མ་ཡིས་བུ་ལ་གདམས་པ་ལྟ་བུའི་བཀའ་སློབ་བཀའ་དྲིན་ཅན་བསྩལ།

imageཉིན་གཉིས་པའི་ཕྱི་དྲོར་རྫོགས་པ་ཆེན་པོ་ཨ་ཁྲིད་ཀྱི་གཞུང་ལྟར་སྔོན་འགྲོའི་དབུ་བཙུགས་ཏེ་སྐྱབས་གནས་དཀོན་མཆོག་གསུམ་མམ་ཡུལ་མཆོག་གནས་བཞིར་སྐྱབས་སུ་སོང་བའི་ཕན་ཡོན་དང་དགོས་པ།  ཐེག་པ་ཆེན་པོའི་སེམས་བསྐྱེད་པའི་རླབས་ཆེན་གྱི་དགེ་བ། དཔལ་ལྡན་བླ་མ་རྩེ་གཅིག་ཏུ་སྒོམ་པའི་བློ་གཏད་དང་རྣལ་འབྱོར། སྒོ་གསུམ་དག་པས་འཚལ་བའི་ཕྱག་འཚལ་བའི་རྒྱུ་མཚན་དང་ཕན་ཡོན། མཆོད་འབུལ་མནྡལ་སོགས་ཀྱི་དགོས་པ་དང་རྒྱུ་མཚན་སྐོར་ཕྲ་ཞིང་ཞིབ་པའི་གསུང་འགྲེལ་རྒྱས་སྤྲོས་གནང་། ཁྱད་པར་དུ་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་གསུངས་དོན་སྔོན་མའི་ལུགས་སྲོལ་བྱས་ན་རྫོགས་ཆེན་གྱི་སྔོན་འགྲོ་ཞུ་བའི་ལྟ་གོན་སྐབས་ཁྲུས་གསོལ་དང་གླུད་རྫོང་སོགས་བྱས་པའི་ལུགས་སྲོལ་ཡོད་ཅེས་བཀའ་བསྩལ་ཏེ་སྔ་རབས་ཀྱི་སྲོལ་རྒྱུན་ལམ་བཟང་ཇི་ལྟར་གནང་།

imageཉིན་གསུམ་པའི་སྐབས་ཨ་ཁྲིད་ཐུན་མཚམས་ཀྱི་རིམ་པ་ལྟར་དངོས་གཞིའི་བཀའ་ཁྲིད་མུ་མཐུད་ནས་གསུངས་ཁྲིད་གནང་བ་དང་། དད་ལྡན་མང་ཚོགས་རྣམས་ལ་ཨ་ཡིག་དཀར་པོ་རེ་གནང་སྟེ་ཨ་གཏད་ཇི་ལྟར་བྱ་ཚུལ་དང་། བློ་ལིང་གིས་ཇི་ལྟར་རྩེ་གཅིག་ཏུ་གཞོལ་ཚུལ། མཚན་བཅས་ཨ་ལ་གཏད་པས་དགོས་དོན་གཙོ་ནི་ནམ་ཞིག་འཁྲུལ་རྟོག་ཉོན་མོངས་ཀྱི་འདུ་བ་སྣ་ཚོགས་རང་སར་ཞི་ཞིང་མ་བཅོས་མ་གཡོས་འོད་གསལ་སེམས་ཀྱི་རང་ཞལ་གསལ་ལྷང་ངེ་བ་ངོས་ཟིན་པར་ཕན་ཐོག་ཆེ་ཚུལ་མྱོང་རྟོགས་བྱིན་རླབས་ཀྱིས་སྣེ་དྲངས་ཏེ་འགྲོ་བའི་ཤེས་རྒྱུན་སྨིན་པའི་བཀའ་ཁྲིད་ཟབ་མོ་བསྩལ།

imageཉིན་བཞི་པར་རིག་འཛིན་ཚེ་ཡི་རྒྱལ་པོའི་ཚོགས་འཁོར་བསྡུས་པ་དང་། བཀྲ་ཤིས་སྨོན་ལམ། རྗེས་བྱ་བསྔོ་སྨོན་རྣམ་པར་དག་པས་མཚམས་སྦྱར་བ་བཅས་རྒྱལ་བའི་བཀའ་ཁྲིད་དང་བཀའ་དབང་ཟབ་མོའི་མཇུག་ལེགས་པར་གྲུབ་པའོ། །

 

 

རྒྱལ་གཤེན་དྲ་བ་ལས་དྲངས།