གཡུང་དྲུང་བོན་གྱི་དྲྭ་རྒྱ།

དྲི་མེད་གཟི་བརྗིད། སྨན་རིའི་གླིང་ནས་དེབ་གཟུགས་སུ་དཔར་བསྐྲུན་བྱས་པ། (པོད་བཅུ་གཉིས།)

IMG_3357དཔེ་སྐྲུན་གསལ་བཤད། དེ་ཡང་གངས་ཅན་ལྗོངས་ཞེས་ཕྱི་ཡི་བཀོད་པ་ཕུན་སུམ་ཚོགས་པ་ནང་གི་རིག་གཞུང་ཁྱད་དུ་འཕགས་པ་བོད་མགོ་ནག་འཕྲེང་བཟུང་ཚང་གི་རིག་གཞུང་གི་སྲོལ་བཏོད་མཁན་ཐར་ལམ་གྱི་བྱེད་པོ་བོད་ཡུལ་མུན་པའི་གླིང་ན་བྱམས་སེམས་ཀྱི་རྩ་བ་བཙུགས་ཤེས་རིག་གི་སྒྲོན་མེ་སྤར་མཁན་ཞེས་སྤོབས་བའི་ང་རོ་ཕྱི་ནང་གང་ནས་སྒྲོག་ཅིང་དཔའ་ངར་གྱི་མགོ་བོ་སྨད་དོན་མེད་པའི་ངེས་དོན་གྱི་བོད་ལ་བཀའ་དྲིན་ཅན་རྣམ་འདྲེན་བརྒྱད་པ་༧རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ཁོང་ཉིད་ཀྱིས་སྔོན་སློབ་པ་ལམ་གྱི་སྐབས་སུ་སེམས་བསྐྱེད་དང་སྨོན་ལམ་རླབས་པོ་ཆེའི་མཐུ་དཔལ་ལས་མངོན་སངས་རྒྱས་པའི་དུས་རྟིང་ལ་གདུལ་དཀའི་སེམས་ཅན་འདུལ་བའི་དོན་དུ་འགྲོ་བ་རང་མཐུན་གྱི་ཆ་ལུགས་སུ་ཡུལ་རྟག་གཟིགས་འོལ་མོ་ལུང་རིང་དུ་ཡབ་རྒྱལ་བོན་ཐོད་དཀར་གྱི་སྲས་སུ་སྐྱེ་བ་བཞེས། དུས་དེ་ནས་བཟུང་བསྟན་དང་འགྲོ་བའི་དོན་དུ་མཛད་འཕྲིན་གྱི་སྣ་ཞགས་རིང་དུ་བསྐྱངས་ཤིང་འགྲོ་བ་མི་ཡི་གཤིས་སྤྱོད་གྱི་ཚུལ་བསྟན་ནས་ཐོས་བསམ་གྱིས་རིག་པའི་རྩལ་སྦྱངས་རྒྱལ་ཁྲིམས་ཀྱིས་འབངས་གསོས། གཞོན་ནུའི་རོལ་རྩེད་དང་དུ་བླངས་ཡང་མཐར་འཁོར་བའི་ཡོ་བྱད་ལ་བློ་ལྡོག་རབ་བྱུང་ངུར་སྨྲིག་གི་ཞིང་ལ་བློ་འཁྲེང་ནས་འཁོར་དང་རྒྱལ་སྲིད་བློས་བཏང་སྟེ་ཟང་ཟིང་གི་འདུ་འཛིས་དབེན་ཞིང་ཉམས་རྟོགས་ངང་གིས་འཕེལ་བའི་དགོན་པར་སེམས་བསྐྱེད་ཀྱི་གཞི་བཏང་ཏིང་འཛིན་གྱིས་རྩིས་བཟུང་ནས་བསྒོམ་པར་མཛད། སྐུ་ཐོག་དེ་ལ་འཇིག་རྟེན་ལ་མཁོ་བའི་བོན་དང་མྱང་འདས་ལ་བསྒྲོད་པའི་བོན་སོགས་ཚང་ལ་མ་ནོར་བ་གྲངས་ལས་འདས་པ་ཞིག་གསུངས་ནས་བློ་ཡང་རབ་ཀྱི་གཤེན་པོ་དག་ལ་བསྟན་པ་རྗེས་བཞག་གི་ཆོ་ག་མཛད་ནས་ཆེ་ཆུང་ལ་ཁྱད་པར་མེད་པར་བྱས་པ་འཇིག་བའི་གཤིས་ལུགས་དང་མཐོ་དམན་ལ་དབྱེ་བ་མེད་པར་མི་རྟག་འཆི་བའི་རང་བཞིན་བསྟན་ཕྱིར་མྱ་ངན་ལས་འདས་པའི་ཚུལ་བསྟན།

མདོར་ན་སྐུ་ཐོག་དེ་ལ་ལྐུགས་ཁ་འབྱེད་པའི་མན་ངག་གི་འཆིང་བཞག སེམས་རྩ་གྲོལ་བའི་གདམས་ངག་གི་བཅུད་བླུགས། སྒྲིབ་པ་སྤངས་བའི་ཐར་ལམ་གྱི་སྒོ་ཕྱེ། རྨོངས་མུན་སེལ་བའི་ཤེས་རབ་ཀྱི་མིག་བསྩལ། ལེགས་ཉེས་གསལ་བའི་འཇིག་རྟེན་གྱི་ཁྲིམས་བཞག་ནས་རྒྱལ་བོས་རྒྱལ་སྲས་ལ་དཀོར་འབོག་པའི་ཚུལ་བཞིན་ཐུགས་བརྩེ་བ་ཆེན་པོས་ངང་ནས་འགྲོ་ལ་ཚེ་འདིའི་འགྲོ་སྟངས་ཕྱི་མའི་སྒྲུབ་ལུགས་སོགས་གང་ལ་གང་དགོས་ཀྱི་ཡོན་ཏན་གནང་བའི་ཕྱི་མོ་དེ་ཉིད་ང་ཚོའི་སེམས་ཁུངས་ནས་ནམ་ཡང་ཡལ་དུ་མེད་པ་ཞིག་རེད།

སྤྱིར་རྒན་པ་དག་རིམ་པར་འདས་ནས་འཇིག་རྟེན་གསར་རྙིང་གི་སོ་མཚམས་ལ་སླེབས་དུས་ང་ཚོ་ལ་བཀའ་དྲིན་ཅན་མང་བོ་ཞིག་གི་མཛད་རྣམ་གསལ་གསལ་བདེན་བདེན་ཞིག་ཕར་ཞོག་མིང་གི་ཟུར་ཙམ་ཡང་མེད་པར་འགྱུར་བའི་སྐབས་ལ་འཕྲད་རྒྱུ་ཡོད་པ་མ་འོངས་སྔོན་དཔག་བྱེད་ཐུབ་པ་ཞིག་ཡིན་པས་བོད་རྒྱལ་བསྟན་ཡོངས་ཀྱི་ཕྱི་མོ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་གཙོ་བོ་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་མཛད་རྣམ་ལ་རྒྱས་འབྲིང་བསྡུས་གསུམ་ཡོད་པ་ལས་ད་ལམ་སྟོན་པའི་མཛད་རྣམ་རྒྱས་པ་མདོ་དྲི་མེད་གཟི་བརྗིད་རིན་པོ་ཆེ་པོ་ཏི་བཅུ་གཉིས་ཅན་གྱི་བདག་ཉིད་དེ་དཔར་སྐྲུན་བྱེད་འཆར་ཡོད་པ་བཞིན་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱི་བཀའ་དྲིན་ལས་ལག་ལེན་ལ་བསྟར་རྒྱུ་བྱུང་བར་སྙིང་ནས་དགའ་བ་དང་གུས་འདུད་ཡོད། དེའི་ཕྱིར་རྣམ་པ་ཚོས་རྒྱལ་བའི་མཛད་རྣམ་རིན་པོ་ཆེ་མཆོད་པའི་རྟེན་ཙམ་དུ་མ་བཞག་པར་སྟོན་པ་ཉིད་རང་ཅག་རྣམ་ལ་བཀའ་དྲིན་ཆེ་ཚུལ་དང་བོད་ཀྱི་རིག་གཞུང་དང་ཇི་ལྟར་འབྲེལ་བ་གྲུབ་ཚུལ་སོགས་ལ་ཐུགས་བསམ་ཡང་ཡང་གནང་བའི་རེ་འབོད་ཀྱང་ཞུ།

ཕྱག་དཔེ་འདིའི་མ་དཔེ་ཁྲོ་སྐྱབས་རྒྱལ་པོའི་ཤིང་དཔར་མ་དེ་ལ་གཞི་བཅོལ་ནས་སྒྲིག་པ་ཞིག་ཡིན། ཞུ་དག་དང་དཔེ་བསྡུར་སྐབས་དྭོགས་གནད་ཅན་དང་མ་དཔེ་ལ་མི་གསལ་བ་ཁག་བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གི་དེབ་གཟུགས་ཅན་( )རྟགས་འདི་དང་ཀུན་གྲོལ་དཔར་མ་ཅན་<>རྟགས་འདིར་བཅུག་ཡོད། དེ་མིན་ཞུ་དག་པས་དྭོགས་པ་བྱུང་རྣམས་རྟགས་༼༽འདིའི་ནང་དུ་བཀོད་ཡོད། གཞན་ཞུ་དག་བྱེད་སྐབས་བརྡ་དོན་མི་འཁྲོལ་བའི་ཐ་སྙད་མང་ཤོས་མ་དཔེ་ལྟར་རང་སོར་བཞག་ཡོད། དེ་མིན་དཔེ་སྒྲིག་གི་ཉམས་མྱོང་ཞན་ཁར་སྐྱོན་ནོར་ཡོད་ངེས་པས་རྒྱ་ཆེའི་གཟུར་གནས་མཁས་པ་རྣམས་ཀྱིས་ལམ་སྟོན་ཡོ་བསྲང་གནང་བར་མཛོད་ཞུ།

གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་སོ་དྲུག་པའི་རྒྱུན་ལས་ཡིག་ཚང་ནས། ཕྱི་ལོ་༢༠༡༦ཟླ་བ་༥ཚེས་༡༥ལ།

 

གླེང་བརྗོད།

བདག་ཅག་གི་སྟོན་པ་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གི་ཞལ་སྔ་ནས། ‘’གསུང་དང་ཐུགས་ཀྱི་བསྟན་པ་རིམ་གྱིས་འབྱུང། །དེ་ཚེ་ང་ཉིད་མི་འབྱོན་ཡི་གེ་འབྱོན། །རྒྱལ་བའི་བསྟན་པ་ཡི་གེས་འཛིན་དགོས་པས། །འཕྲུལ་གྱི་ཡི་གེ་འདི་ལ་ཀུན་གྱིས་བཀུར། །’’ཞེས་གསུངས་པ་ལྟར་སྟོན་པ་བཀའ་དྲིན་ཅན་དེ་ཉིད་ཀྱིས་གདུལ་བྱའི་ཁམས་དང་བསྟུན་ཏེ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གཏན་ལ་ཕབས་པའི་གཞུང་ལུགས་རྒྱ་མཚོ་ཆེན་པོར་སྔར་བྱོན་མཁས་གྲུབ་རིམ་བྱོན་རྣམས་ཀྱིས་བདག་དོན་དུ་ཐོས་བསམ་སྒོམ་གསུམ་དང་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་སྟེ། བྱ་བ་ལས་ཀྱི་འཁོར་ལོ་རྣམ་པ་གསུམ་གྱི་སྒོ་ནས་རྒྱལ་བསྟན་རིན་པོ་ཆེ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གནང་བ་ལ་བརྟེན་ནས་དཀའ་ཚེགས་ཀྱི་ལམ་འཕྲང་ཀྱག་ཀྱོག་གི་མི་ལོ་སྟོང་ཕྲག་མང་པོར་བརྒྱུད་དེ་ད་བར་དུ་ཉམས་པ་མེད་པར་འཇིག་རྟེན་འདིར་འོད་སྟོང་འབར་བཞིན་དུ་གནས་མུས་ཡིན།

དེས་ན་རྒྱལ་བསྟན་རིན་པོ་ཆེ་འདི་ཉིད་མི་ཉམས་ཡུན་རིང་དུ་གནས་དགོས་ན་སྟོན་པ་སངས་རྒྱས་མཆོག་གིས་གསུངས་པའི་གདམས་པ་རྣམས་མཆོད་བཤམ་གྱི་དཀྱིལ་འཁོར་ནང་དུ་སྒྲིག་བཀོད་ཀྱིས་ཕྱག་མཆོད་བྱེད་པ་ཙམ་གྱིས་མི་ཆོག་པར། གཞུང་དོན་ཟབ་མོ་དག་ལ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་སྟེ་མཁས་པའི་བྱ་བ་གསུམ་གྱི་སྒོ་ནས་བཀའ་ཡི་དགོངས་དོན་ནམ་བླང་དོར་གྱི་གནད་རྣམས་ལེགས་པར་ངེས་ཏེ། བསྟན་པ་འཛིན་སྐྱོང་དང་རང་རྒྱུད་ལ་འབྱོར་བའི་འབད་བརྩོན་གནང་བ་ཡིན་ན་དེ་ཡིས་རང་རྒྱུད་གྲོལ་ཅིང་རྒྱལ་བསྟན་ཡུན་རིང་དུ་གནས་པའི་ཆ་རྐྱེན་བླ་མེད་དུ་འགྱུར་ངེས་ཡིན།

དེ་མིན་གླེགས་བམ་བྲག་རི་ལྟར་བརྩེགས་ནས་གསོལ་བ་བཏབ་ཀྱང་བཀའ་ཡི་བྱིན་རླབས་ཙམ་ལས་རང་རྒྱུད་ཀྱི་ཉོན་མོངས་གཞིལ་བར་མི་ནུས་པར་མ་ཟད་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུ་རྐྱེན་དུའང་འགྱུར་བར་དཀའ། དེས་ན་ཕྱིས་རབས་རྗེས་འཇུག་པ་རྣམས་ནས་ཀྱང་སྦྱིན་པའི་བདག་པོས་རྒྱུ་གྲོན་ཚད་མེད་བཏང་བ་རྣམས་ཆུད་ཟོས་སུ་མི་འགྲོ་ཕྱིར་རྒྱལ་བས་གསུངས་པའི་བླང་དོར་གྱི་ཡིན་ཚུལ་རྣམས་ལ་ཕྲ་ཞིང་ཕྲ་བ་ནས་ལེགས་པར་བརྟག་ཅིང་དཔྱད་དེ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་བྱ་བར་ཞུགས་ཏེ། སྤྱིར་རྒྱལ་བསྟན་རིན་པོ་ཆེ་འདི་ཉིད་འགྲོ་བའི་དཔལ་དུ་ཡུན་རིང་གནས་པ་དང། བྱེ་བྲག་ཏུ་རང་ཉིད་དལ་རྟེན་གྱི་མི་ལུས་རིན་པོ་ཆེ་ཐོབ་པའི་དགོས་པ་འབྱུང་བའི་ཆེད་དུ་དེ་ལྟར་ཉམས་སུ་ལེན་རྒྱུ་ནི་སྦྱིན་པའི་བདག་པོའི་གཙོས་པའི་དཔར་བསྐྲུན་འདི་ཉིད་དང་འབྲེལ་བའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ལས་ཀྱི་སྣེ་མོར་གཏོགས་པ་བ་རྣམས་ཀྱི་མཐར་ཐུག་གི་དམིགས་འདུན་ཀྱང་དེ་ལས་མ་མཆིས།

དེས་ན་ད་ལམ་༧ཞྭ་དཀར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་སུམ་ཅུ་སོ་དྲུག་པའི་ལས་སྣེ་རྣམས་ནས་མ་བསྐུལ་དང་བླང་གིས་མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་པོད་བཅུ་གཉིས་ཅན་འདི་ཉིད་དཔར་བསྐྲུན་གྱི་ལས་གཞི་རྒྱ་ཆེར་གནང་བ་དང་། དེ་བཞིན་གཏོང་ཕོད་ཅན་གྱི་སྦྱིན་པའི་བདག་པོ་རྣམས་ནས་ཀྱང་ལྷག་བསམ་རྣམ་པར་དག་པས་རྒྱུ་སྦྱོར་བླ་མེད་དུ་བསྩལ་གནང་བར་ངོས་ནས་རྗེས་སུ་ཡི་རངས་དང་བཀའ་དྲིན་ཆེ་ཞེས་ཞུ།

སྨན་རིའི་དཔོན་སློབ་ཡང་སྟོན་པ་འཕྲིན་ལས་ཉི་མས། ཕྱི་ལོའི་༢༠༡༦ཟླ་༠༥ཚེས་༣༡བཟང་པོར།

 

མཇུག་བྱང་།

འདི་ལྟར་བདེན་པ་བོན་གྱི་བྱིན་རླབས་དང་སྐྱབས་ཡུལ་གོང་མ་རྣམ་གྱི་མཛུབ་སྟོན་འོག་གཡུང་དྲུང་སྤུན་གྲོགས་དག་གི་སྡོང་གྲོགས་ལ་བརྟེན་ནས་ད་ལམ་འགྲོ་བའི་འདྲེན་པ་ཆེན་པོ་བསྐལ་བ་བཟང་བོ་སངས་རྒྱས་སྟོང་རྩ་གཉིས་ལས་ཚེ་ལོ་བརྒྱ་བའི་ཚེ་དམིགས་ལ་གདུལ་དཀའི་འགྲོ་བ་འདུལ་བའི་དོན་དུ་སྔོན་སློབ་པ་ལམ་གྱི་སྐབས་སུ་སྨོན་ལམ་དང་སེམས་བསྐྱེད་ཀྱི་རྨང་བཏབས་པ་བཞིན་དམུ་རིགས་གཤེན་གྱི་རྒྱུད་འཛིན་ཡབ་རྒྱལ་བོན་ཐོད་དཀར་གྱི་སྲས་སུ་སྐུ་སྐྱེ་བ་མི་རུ་བཞེས་ནས་བསྟན་འགྲོའི་དོན་དུ་མཛད་པ་ཨུཏྤལ་འདབ་ཕྲེང་ཕྱོགས་བཅུ་ཀུན་ཏུ་རྒྱས་ཞིང་གཞན་ཕན་ཐུགས་སྟོབས་ཀྱི་ཟླ་བའི་ཆ་ཤས་ཡོངས་སུ་རྫོགས་པ་བདག་ཅག་གི་སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་པ་དེ་ཉིད་ཀྱི་རྣམ་ཐར་རྒྱས་པ་མདོ་དྲི་མེད་གཟི་བརྗིད་རིན་པོ་ཆེ་དཔར་བསྐྲུན་ཞུས་ཐུབ་པ་བྱུང་བ་རང་ཅག་ཀུན་ཀྱི་ཐར་བ་དགེ་བའི་རྒྱུ་རླབས་པོ་ཆེ་ཞིག་བསགས་ཐུབ་སོང་སྙམ་ནས་དགའ་དད་སྤྲོ་གསུམ་འཕེལ་གྱི་ཡོད།

ད་ལམ་དཔེ་བསྐྲུན་སྐབས་དཔར་རྩའི་མ་དཔེ་ཀླུ་ཕུག་དགོན་གྱི་མཆོག་སྤྲུལ་ཀུན་གསལ་སྙིང་པོ་མཆོག་གིས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དེབ་གཟུགས་སུ་དཔར་སྐྲུན་གནང་བའི་ཁོང་ནས་མ་དཔེ་རྒྱལ་རོང་ཁྲོ་ཆེན་ཤིང་དཔར་ལ་གཞིར་བཟུང་སྟེ་དཔེ་བསྡུར་དང་ཞུ་དག་གནང་བའི་དཔར་རྩ་འདི་བཞིན་བཀའ་འགྱུར་དཔེ་སྒྲིག་ཁང་གི་དཔེ་སྒྲིག་འགན་ཁུར་བ་སྐུ་ཞབས་གཡུང་དྲུང་རབ་གསལ་ལགས་ནས་མཁོ་འདོན་གནང་བ་དང་། དེ་མིན་དཔེ་སྐྲུན་འཆར་འགོད་པ་ཁྲི་གཡུང་དྲུང་ལགས་དང་། དེ་བཞིན་མ་དཔེ་ལ་བསྐྱར་དུ་ཞུ་དག་དང་མ་དཔེ་མི་འདྲ་བ་ཁག་གསུམ་ལ་གཤིབ་བསྡུར་གནང་མཁན་གྱི་འདི་ག་སྨན་རིའི་དགེ་བཤེས་དང་བཤད་སྒྲུབ་སློབ་གཉེར་བ་རྣམས་དང་། ལྷག་པར་དུ་གཏོང་ཕོད་ལྡན་པ་མ་དངུལ་གྱིས་རོགས་སྐྱོར་དང་ཞལ་འདེབས་གནང་མཁན་སྦྱིན་པའི་བདག་པོ་རྣམས་ལ་ངེད་སྐབས་སོ་དྲུག་པའི་རྒྱུན་ལས་ཐུན་མོང་ནས་སྙིང་ཐག་པ་ནས་བཀའ་དྲིན་ཐུགས་རྗེ་ཆེ་ཡང་ཡང་ཞུ་བཞིན་ཡོད།

མཐར་མདོ་དྲི་མེད་གཟི་བརྗིད་རིན་པོ་ཆེ་དཔར་བསྐྲུན་ཞུས་པའི་བསོད་ནམས་རྣམ་དཀར་དགེ་བའི་མཐུ་དཔལ་ལས་རྒྱལ་བསྟན་ཡར་ཚེས་ཟླ་བ་བཞིན་གོང་ནས་གོང་དུ་འཕེལ་ཞིང་དེར་འཛིན་གྱི་སྐྱེས་བུ་སོས་ཁའི་རྩི་ཐོག་ལྟར་གྲངས་མང་བའི་དབུས་ན་རྒྱུ་སྐར་ཁྲོད་ནས་ཟླ་བ་འཕགས་པ་བཞིན་རང་ཅག་རྣམས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་མཁན་སློབ་རྣམ་གཉིས་ཀྱི་སྐུ་ཚེ་མི་འགྱུར་གཡུང་དྲུང་གི་ཁམས་སུ་བརྟན་ནས་མཛད་བཟང་བསྐལ་བའི་མཐར་ཡང་ནུབ་པ་མེད་པའི་རྒྱུ་རུ་འགྱུར་བར་ཤོག་ཅིག  མངྒ་ལམ། ཐ་ཚན་མུ་ཙུག་སྨར་རོ། །

༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་སྐབས་སོ་དྲུག་པའི་རྒྱུན་ལས་ཡིག་ཚང་ནས། ཕྱི་ལོ་ ༢༠༡༦ ཟླ་བ་ ༦ ཚེས་པ་ ༡ ཉིན།