བོན་གྱི་དཔེ་རྙིང་ལྟ་བའི་ཕྱོགས་སོ་ཞེས་པ་མཚམས་སྦྱོར་ཙམ་ཞུ་བའི་སྐོར།

2012052221490913དེ་ཡང་འཛམ་གླིང་ཤར་ནུབ་ཀྱི་“རིག་གནས་ཀྱི་ཁྲམ་པ”མང་པོའི་གཡོ་ཟོལ་དང་རྐུ་འཕྲོག་ལ་བརྟེན་ནས་བོད་ཀྱི་དཔེ་རྙིང་རྩ་ཆེན་པོ་མང་ཤོས་ཤིག་མེད་བརླག་ཏུ་འགྲོ་བའི་ཉེན་ཁ་ཧ་ཅང་ཚབས་ཆེ་བ་ཞིག་རེད། དཔེར་ན་རྒྱལ་རོང་ཁོག་ནས་ཕྱི་གླིང་བ་ཞིག་གིས་བོན་གྱི་དཔེ་རྙིང་ཤིག་ཀྲུང་སྒོར་ཁྲི་བརྒྱ་ལྷག་གིས་ཉོས་ནས་ཕྱིན་སོང་བའི་གནས་ཚུལ་ཡོད་པ་དང་འདིས་དཔལ་འབྱོར་ལ་བརྟེན་ནས་བོད་ཀྱི་གནའ་དཔེ་མེད་བརླག་ཏུ་འགྲོ་བའི་ངོ་བོ་མཚོན་ནུས་པ་དང་། གཞན་རང་རེའི་ནང་ཁུལ་ནས་ཐོབ་ཐང་དང་གཡོ་འཕྲུལ་ལ་བརྟེན་ནས་སྦ་བཞེད་དང་བླ་བཞེད་སོགས་ལྷ་སའི་ནང་འཁོར་གྱི་དཔེ་རྙིང་རྩ་ཆེན་དག་སྒེར་བཟུང་བྱས་ནས་མེད་བརླག་ཏུ་འགྲོ་བའི་རྒྱུ་ཚོགས་ཚང་བར་འབད་བཞིན་པ་ནི་གོ་གནས་དང་ཐོབ་ཐང་ལ་བརྟེན་ནས་བོད་ཀྱི་གནའ་དཔེ་མེད་བརླག་ཏུ་འགྲོ་བའི་ངོ་བོ་མཚོན་ནུས་ལ་མདོར་ན་ཕྱི་ནང་གི་རིག་གནས་ཀྱི་ཁྲམ་པ་མང་པོའི་སྐྱ་འཐབ་པའི་རྒྱུ་རྐྱེན་ལ་བརྟེན་ནས་རང་རེའི་ཡང་མེས་དག་གི་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་འཁྲུངས་བའི་ནོར་བུ་འདི་དག་ད་ལྟ་ཨ་ཙ་མའི་གནས་སུ་ལྷུང་ཡོད་ཅེས་བློ་ལྡན་ཁྲེལ་ཡོད་དག་ལ་སྙན་སྐུལ་ཞུས་པ་ཡིན།

དེ་ལྟར་ལྒིང་འདོད་པའི་གཏམ་ཙམ་སྔོན་དུ་ཞུས་ནས་བོན་གྱི་དཔེ་རྙིང་རྩ་ཆེན་པོ་ཞིག་སྟེ་བོད་ཀྱི་གནའ་བོའི་རིག་གཞུང་ཞིབ་འཇུག་ལ་ཕན་འབྲས་རྒྱ་ ཆེན་པོ་ཡོད་པ་ཞིག་རི་བོ་གངས་ཅན་རྒྱུད་ཀྱི་རིས་སུ་མ་ཆད་པའི་བོད་ཀྱི་ཞིབ་འཇུག་པ་ཡོངས་ལ་ལེགས་སྐྱེས་ཀྱི་ཚུལ་དུ་མཚམས་སྦྱོར་ཞུ་རྒྱུ་ཡིན་ལ་ཆབས་ཅིག་ གཞུང་འདིའི་དཔྱད་ཞིབ་རྒྱས་པ་སོགས་གུད་དུ་ཡོད་པས་མི་འགྱངས་པར་མཇལ་ཐུབ་པ་ཡོད།
དཔེ་ཆ་འདིའི་ཁ་བྱང་ལ《ལྟ་བའི་ཕྱོགས་སོ》ཞེས་སུ་འབོད་ཅིང་ཤོག་བུ་ལྡེབ་མ་སུམ་ ཅུ་སོ་བདུན་ཡོད་ལ་དབུ་མེད་ཕྱག་བྲིས་མ་ཞིག་ཡིན། དཔེ་ཆ་འདིར་ཁྱོན་བསྡོམས་ལེའུ་སུམ་ཅུ་ཐམ་པ་ཡོད་ཅིང་མིང་མཐའི་འ་ཆུང་སོགས་དོར་མེད་པའི་ཚུལ་ལ་གཞིགས་ན་བསྟན་པ་སྔ་དར་གྱི་དུས་སུ་ཡིན་པ་ཐག་གིས་ཆོད་ཀྱང་དཔེ་ཆའི་ནང་དོན་སོགས་ལ་གཞིགས་ན་དེ་ལས་སྔ་བའི་དཔང་རྟགས་གསལ་བོ་ཡོད་པ་མ་ཟད་དཔེ་ ཆའི་ཤོག་ལྡེབ་དང་ པོར་“རུ་ཁུའི་བཤེས་ཉེས་མུ་ཁོར་གྱིས། མདོ་ཁམ་བསེའ་སྒྲོམ་མར་པོ་ནས་སྙེད།

རོམ་བྱེར་སྟོན་པ་ལ་བརྒྱུད།། དེས་ཏྲེ་སྟོན་ཡ་རྒྱལ་ལ་བརྒྱུད”ཅེས་འཁོད་ཡོད་པ་དང་མཛད་བྱང་ན“བོན་འདིའ་རོམ་ཚར་སྟོན་པའི་བཀའ་།ཏྲེ་སྟོན་ཡ་རྒྱལ་གྱེར་། སྒོམ་པ་འོད་པོ་གསུང་། ད་སྟོན་དབང་ཆེན་སྒྲོགས་། དའ་ཏོན་དར་པོ་ལ་། ×××གྱི་ཞུས་པ་ལགས་སོ། ཞང་ཞུང་ཁྲོ་འཕན་གྱིས་བྲིས”ཞེས་འཁོད་པ་ལས་བོན་གྱི་དཔེ་རྙིང་འདིའི་བརྒྱུད་རིམ་སོགས་ཅུང་ཟད་ངེས་པ་ཐུབ་པ་མ་ཟད་ཁྱད་པར་དུ་ཞང་ཞུང་ཁྲོ་འཕན་ཞེས་པ་དེ་ནི་འཇའ་ལུས་འཕོ་ཆེན་དུ་གཤེགས་པའི་ཞུང་ཞུང་སྙན་རྒྱུད་ཀྱི་བླ་མ་ཉེར་བཞིའི་ནང་ཚན་ཞང་ཞུང་ཁྲི་འཕེན་ཞུ་བ་དེ་ཉིད་ཡིན་པར་ཆ་འཇོག་བྱེད་ནུས་པ་དང་དེ་ལྟར་ན་ཕལ་ཆེར་ཁྲི་སྲོང་ལྡེ་བཙན་གྱི་ཡན་ཆོད་ཅིག་ལ་ཁེལ་གྱི་ཡོད་དམ་སྙམ་པས་ད་དུང་དཔྱད་གཞིར་ལུས་ཡོད།

གང་ལྟར་དཔེ་རྙིང་འདིའི་ནང་དུ་བོད་རང་སའི་ཐུན་མོང་མ་མ་ཡིན་པའི་སྒོང་སྐྱེས་ལྟ་བ་ཁྱད་མཚར་བ་སོགས་གནའ་བོའི་གནམ་ས་ཆགས་རིམ་དང་ལོ་ཟླའི་བྱུང་རིམ་སོགས་བཀོད་ཡོད་པས་བོད་ཀྱི་གནའ་བོའི་རིག་གཞུང་གི་ངོ་བོ་མཚོན་ནུས་པའི་དཔེ་རྙིང་ཤིག་ཡིན་པར་ཐེ་ཚོམ་ མེད་ལ་བདག་གིས་སོག་སྡེ་སྤྲུལ་སྐུས་སྒྲིག་གནང་མཛད་པའི་བོན་གྱི་བསྟན་འགྱུར་ཀློག་པའི་དུས་སུ་འདི་འདྲའི་བརྗོད་བྱ་དང་ཚིག་རིས་གཅིག་པ་ཁ་ཤས་རྙེད་སོང་ཡང་ཟུར་དུ་དཔྱད་ནས་ཡོད་པས་འདིར་མང་བོ་མི་སྤྲོ་ལ་ཞིབ་འཇུག་པ་རྣམས་ལ་མཐོང་ཆེན་ གྱི་ཚུལ་དུ་གཞུང་འདིའི་དཀར་ཆག་བདག་གིས་སྒྲིག་པ་ཞིག་ངོ་སྤྲོད་ཞུས་ན་གཤམ་གསལ་ལྟར།

དང་པོ། གནམ་སའི་གྲི་ཕུགས་ཀྱི་ལེའུ།
གཉིས་པ། སྤྱན་འདྲེན་གྱི་ལེའུ།
གསུམ་པ། ལྷ་བོ་བྱུང་ཁུངས་ཀྱི་ལེའུ།
བཞི་བ། ལྷ་བོ་ཆོས་སུ་བཞུགས་པའི་ལེའུ།
ལྔ་པ། ལྷ་བོ་འཕྲུལ་ཆས་བཙལ་ཁུངས་ཀྱི་ལེའུ།
དྲུག་པ། ལྷ་བུའི་ལམ་པའི་ལེའུ།
བདུན་པ། ལྷ་གླུའི་ལེའུ།
བརྒྱད་པ། ལྷ་བོ་སྤ་ཀོང་དང་ཤེ་བཅད་པའི་ལེའུ།
དགུ་བ། ལྷ་བོ་བོན་སྐོར་གྱི་ལེའུ།
བཅུ་བ་། དབལ་གྱི་ཆེ་ཚིག་གི་ལེའུ།
བཅུ་གཅིག་པ། ལྷ་བོ་སྨོན་དྲིན་གྱི་ལེའུ།
བཅུ་གཉིས་པ། དབལ་གྱི་གདུང་བཤིག་རྣམ་གསུམ་གྱི་ལེའུ།
བཅུ་གསུམ་པ། དབལ་གྱི་གདུང་ཤིག་གི་ལེའུ།
བཅུ་བཞི་པ། སྙུན་གསོལ་གྱི་ལེའུ།
བཅོ་ལྔ་བ། སྒྲིབ་ཤིང་གི་ལེའུ།
བཅུ་དྲུག་པ། དབལ་བོན་ཁ་སྟོན་གྱི་ལེའུ།
བཅུ་བདུན་པ། དབལ་གྱི་ཡང་རྒོལ་གྱི་ལེའུ།
བཅོ་བརྒྱད་པ། སྡིག་པ་རྒྱབ་སྐལ་གྱི་ལེའུ།
བཅུ་དགུ་པ། ཁྱུང་གི་རུ་སྐོལ་སྐོལ་མདོའི་ལེའུ།
ཉི་ཤུ་བ། དབལ་བོན་རྨི་ལམ་གྱི་ལེའུ།
ཉེར་གཅིག་པ། དབལ་པོ་སྐུངས་སའི་ལེའུ།
ཉེར་གཉིས་པ། དབལ་བོན་ཐེན་ཐན་རྣམ་གསུམ་གྱི་ལེའུ།
ཉེར་གསུམ་པ། ལྷ་བོ་ཞུ་ལོག་ཡང་སྙིང་གི་ལེའུ།
ཉེར་བཞི་བ། གཉེར་སྟད་གྱི་ལེའུ།
ཉེར་ལྔ་བ། སྟེན་ཕུར་གྱི་ལེའུ།
ཉེར་དྲུག་པ། ཡོན་ཐང་གི་ལེའུ།
ཉེར་བདུན་པ། དབལ་མཁར་སྒོ་དབྱེ་བའི་ལེའུ།
ཉེར་བརྒྱད་པ། དབལ་གྱི་ཞུས་བཤད་ཆེན་པོའི་ལེའུ།
ཉེར་དགུ་པ། གྲི་རྒོད་སྙིང་ཐིག་ལས་གཤེགས་ལུགས་ཀྱི་ལེའུ།
སུམ་ཅུ་བ། འབྱམ་ཕྱག་གི་ལེའུ།

བན་ཤུལ་དཔལ་མཁར་རྒྱལ།

1,948 total views, 2 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།