གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་སྐུ་གཟུགས་བདེ་ཐང་ཡིན་སྐོར་དང་འབྲེལ་བའི་གསལ་བསྒྲགས།

 

IMG_0744IMG_0778

རྒྱལ་ཕྱི་ནང་གང་སར་བཞུགས་པའི་དད་ལྡན་བོན་འབངས་ཡོངས་ལ་གསལ་བསྒྲགས་ཞུ་སྙིང།

img017༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧དཔོན་གསས་བླ་མ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་ཕྱི་ལུགས་སྨན་དཔྱད་ལེགས་པར་གྲུབ་ནས་སྐུ་གཟུགས་གསལ་དྭངས་ངང་སྟོན་འཁོར་ལྷན་རྒྱས་བཅས་ཕྱི་ལོ་༢༠༡༦ཕྱི་ཟླ་༠༨ཚེས་༠༧ཉིན།  ༧ཨ་མེ་རི་ཁ་ནས་གདན་ས་སྨན་རིར་བདེ་བླག་ངང་ཞབས་སོར་འཁོད་ཐུབ་པར་བྱུང་བས་དེ་དོན་ཐུགས་འཇགས་ཞུ་རྒྱུ་དང་། 

དེས་ན་དེ་རིང་གི་གནས་ཚུལ་བཟང་པོ་འདི་བཞིན་གཙོ་བོ་གཞིས་བྱེས་གཉིས་སུ་བཞུགས་པའི་དགོན་སྡེ་ཁག་གི་དབུ་བླ་རྣམས་ཀྱི་གཙོས་འབྲེལ་ཡོད་ལས་ཀྱི་སྣེ་མོར་གཏོགས་པ་རྣམས་དང་།  དེ་བཞིན་རྒྱལ་ཕྱི་ནང་དུ་བཞུགས་པའི་དད་དམ་གཡོ་བ་མེད་པའི་བོན་པོ་ཡོངས་ནས་མ་བསྐུལ་དང་བླངས་ཀྱིས་སྐུ་ཕྱྭའི་ཞབས་རིམ་ཉིན་མཚན་ལྟོས་མེད་བསྒྲུབས་དང་སྒྲུབ་བཞིན་པ་བཅས་ཀྱི་ཐུགས་རྗེའི་བཀའ་དྲིན་དང་། ཁྱད་པར་དུ་བོན་བསྟན་སྐྱོང་བར་ཞལ་གྱིས་བཞེས་པའི་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་མཐུ་དཔུང་སྡོང་གྲོགས་ལ་བརྟེན་ནས་དུས་ལས་མ་འགྱངས་པར་དེང་རབས་ཚད་མཐོའི་སྨན་དཔྱད་ཀྱི་ཕྱག་ལེན་ཟུང་དུ་འབྲེལ་བ་སོགས་ཕུན་སུམ་ཚོགས་པའི་རྟེན་འབྲེལ་སྣ་མང་གི་བརྒྱུད་ནས་བྱུང་བ་ཡིན་པར་ཡིད་ཆེས་གཙང་མ་ཞུ་བཞིན་ཡོད།   

དེ་ཡང་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རི་བ་སྐུ་ཉིད་ཀྱི་ཞལ་སྔ་ནས་ཀྱང་ད་ཆ་ང་རང་གཟུགས་གཞི་བདེ་ཐང་ཡོད་པ་འདི་ཁྱེད་རྣམས་ཀྱིས་ལྷག་བསམ་ཟོལ་མེད་དང་དད་དམ་གཡོ་བ་མེད་པས་ཞབས་རིམ་སྨིན་སྒྲུབ་དུས་ནས་དུས་སུ་ཞུས་དང་ཞུ་བཞིན་པའི་བཀའ་དྲིན་ཡིན་པས་གཞིས་བྱེས་བོན་འབངས་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་བཀའ་གསུང་སྤྱི་བོར་ཕེབས་དོན་ལྟར། 

༧དེས་ན་འདི་ག་གདན་ས་སྨན་རིའི་འདུས་མང་ནས་རྒྱལ་ཕྱི་ནང་གང་སར་བཞུགས་པའི་བོན་འབངས་ཡོངས་ལ་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་དང་།  སླད་མར་ཡང་༧སྐྱབས་རྗེ་མཆོག་གི་སྐུ་ཕྱྭའི་ཞབས་རིམ་སྒྲུབ་ཕྱོགས་ཐད་རང་ནུས་གང་ལྕོགས་ཀྱི་འབད་འབུངས་གནང་རྒྱུའི་རེ་འདུན་དང་།   ཁྱད་པར་དུ་ནུབ་ཕྱོགས་ཨ་རིའི་རྒྱལ་ཁབ་ཀྱི་ཕྱི་ལུགས་ཚད་མཐོའི་སྨན་པ་གྲགས་ཅན་doctor ira jacobsonམཆོག་དང་།  བསྟན་སྦྱིན་ཆེན་མོ་richard lanier,mary lanier རྣམ་གཉིས།   ཟླ་བ་དྲུག་གི་རིང་ཉིན་མཚན་བར་མེད་ངལ་བ་ཁྱད་དུ་བསད་ནས་ནུབ་ཕྱོགས་ཨ་རིའི་རྒྱལ་ཁབ་ཏུ་༧སྐྱབས་རྗེ་མཆོག་ལ་ཞབས་ཞུ་གནང་བ་པོ་ཨ་རི་བོན་གཤེན་གླིང་གི་དབུ་འཛིན་སྨན་རིའི་དགེ་བཤེས་སྐྱོང་སྤྲུལ་བསྟན་འཛིན་རྣམ་རྒྱལ་རིན་པོ་ཆེ་མཆོག་དང་།  སྨན་རིའི་དགེ་བཤེས་མཁན་པོ་བསྟན་འཛིན་དར་རྒྱས་རིན་པོ་ཆེ། དེ་བཞིན་༧སྐྱབས་རྗེ་མཆོག་གི་གསོལ་དཔོན་ཚེ་དབང་ལྷ་སྒྲོན།  གཞན་ཡང་དེར་བཞུགས་དངོས་ཤུགས་བརྒྱུད་གསུམ་ནས་རང་ནུས་གང་ལྕོགས་ཀྱིས་སྲི་ཞུ་ཞབས་འདེགས་གནང་མི་ཕྱི་གླིང་བོན་གྱི་ཚོགས་སྡེ་ཁག་གི་དབུ་འཛིན་དང་ཚོགས་མི་ལྷན་རྒྱས་སོགས།  ཕྱི་གླིང་དད་ལྡན་སེར་སྐྱ་མང་ཚོགས་ཡོངས་ལ་འདི་ག་གདན་ས་སྨན་རིའི་འདུས་མང་ཡོངས་ནས་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན།

 ད་ལྟའི་ཆར་རིན་པོ་ཆེ་མཆོག་གི་སྐུ་གཟུགས་སྔར་ལས་དྲག་སྐྱེད་ཆེ་བ་དང་སྨན་སྦྱོར་རྣམས་ཀྱང་སྐུ་ཁམས་དང་འཕྲོད་ཅིང་ཕན་ནུས་ཆེ་བ་བཅས་ཀྱི་དགེ་མཚན་གསལ་བར་མངོན་བཞིན་འདུག་ན་རྣམ་པ་ལྷན་རྒྱས་ཐུགས་བློ་བདེ་མོར་བཞུགས་ ཆོག་པའི་གསལ་བསྒྲགས་སུ།    

༧དཔལ་ལྡན་སྨན་རིའི་བླ་སྤྱི་ནས་ཕྱི་ལོ་༢༠༡༦།༠༨།༠༨ཉིན་ཕུལ།  

 

ཟུར་ཞུ།

IMG_0804IMG_0781

ཕྱི་ལོ་༢༠༡༦ཟླ་༠༨ཚེས་༨ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་པ་ཙམ་ལ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་ནས་གོ་སྒྲིག་འོག་༧རྒྱལ་བ་སྨན་རི་བའི་ཞབས་འཁོར་ཨ་རིའི་བོན་གཤེན་གླིང་གི་དབུ་འཛིན་སྨན་རིའི་དགེ་བཤེས་སྐྱོང་སྤྲུལ་བསྟན་འཛིན་རྣམ་རྒྱལ་རིན་པོ་ཆེ་མཆོག་དང་།  སྨན་རིའི་དགེ་བཤེས་མཁན་པོ་བསྟན་འཛིན་དར་རྒྱས་རིན་པོ་ཆེ་རྣམ་གཉིས་ནས་སྨན་རིའི་གླིང་གི་བླ་གྲྭ་འདུས་སྡེ་ཡོངས་ལ་༧ཁྲི་འཛིན་རིན་པོ་ཆེའི་སྐུའི་སྨན་བཅོས་དང་སྐུ་གཟུགས་གནས་སྟངས་སྐོར་ལ་ད་ཆར་ཁྱད་དུ་འཕགས་པའི་གྲུབ་འབྲས་བྱུང་ཡོད་སྐོར་དང་ཨ་རི་ནས་སྨན་བཅོས་འཕྲོད་ལས་གནང་སྟངས་སྐོར་གྱི་ལོ་རྒྱུས་བརྒྱུད་རིམ་ཞིབ་ཕྲ་གསལ་བསྒྲགས་བཀའ་སློབ་གནད་དུ་སྨིན་པ་བྱུང་ཡོད།

IMG_0807IMG_0743

དེ་ནས་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་བཤད་སྒྲུབ་མཁན་སློབ་རྣམ་གཉིས། གཡུང་དྲུང་བོན་སྤྱི་དགེ་བཤེས་སྨོན་ལམ་མཐར་ཕྱིན་བཅས་ནས་བོད་གཞིས་བྱེས་ཡོངས་ཀྱི་ཚབ་བྱས་ཏེ་སྐུའི་ཞབས་འཁོར་སྨན་རིའི་དགེ་བཤེས་སྐྱོང་སྤྲུལ་བསྟན་འཛིན་རྣམ་རྒྱལ་རིན་པོ་ཆེ་མཆོག་དང་།  སྨན་རིའི་དགེ་བཤེས་མཁན་པོ་བསྟན་འཛིན་དར་རྒྱས་རིན་པོ་ཆེ་རྣམ་གཉིས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་དར་ཁ་གཟིགས་གསོལ་ཕུལ་གནང་ཡོད་པ་དང་། དེ་བཞིན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་ནས་ཀྱང་ད་ལོར་གསར་དུ་དཔར་བསྐྲུན་ཞུས་པའི་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་པོད་བཅུ་གཉིས་ཅན་ཚར་རེ་བཀའ་དྲིན་ཐུགས་རྗེ་ཆེ་ཞུའི་དོད་དུ་ཕུལ་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ།

གཡུང་དྲུང་བོན་དྲ་ཚིགས་རྒྱུན་ལས་ཁང་ནས།