གཡུང་དྲུང་བོན་གྱི་དྲྭ་རྒྱ།

མདའ་གཞུ་ཁུར་བའི་དགེ་སློང་། ལྷ་ལུང་དཔལ་རྡོར་གྱི་མི་ཚེའི་བྱུང་བ་བརྗོད་པའི་སྐོར།

2011033014131384“ང་ལོ་གསུམ་གྱིས་བསད་པ་སྔས། ཡང་ན་ལོ་གསུམ་གྱིས་བསད་པ་ཕྱིས།” བཙན་པོའི་དཔའ་གཏམ།
ལྷ་ལུང་དཔལ་རྡོར་ནི་དུས་རབས་བརྒྱད་པའི་ལོ་རབས་བདུན་ཅུ་བ་ཙམ་དུ་འབྲོམ་སྟོད་གུར་མོ་ཆེར་༼༡༽སྐྱེས་ཤིང་། ཡུལ་དེ་ནི་དིང་སང་གི་སྟག་རྩེ་རྫོང་འབྲོམ་སྟོད་ཤང་སྙན་རོང་ཡུལ་གྱི་ཉེ་འདབས་སུ་གུར་པ༼༢༽ཞེས་པའི་ས་ཆར་ཡོད། ཁོང་གི་ལོ་ན་ཆུང་ངུའི་དུས་ཀྱི་སྐྱ་མིང་ལ་སྟག་ཉ་བཟང ༼༣༽ དུ་འབོད་ཅིང་གཙང་གི་གྲོ་ཤོད་སོགས་ལ་དབང་བསྒྱུར་ནས་དམག་དཔོན་བྱས་སྟབས་ཕྱིས་སུ་མཚན་ལའང་དཔོན་སྟག་ཉ་བཟང་ཞེས་ཐོགས་པ་ཞིག་རེད། རང་ལོ་བཅུ་བདུན་པར་སྤ་གྲོ་སྟག་ཚངས ༼༣༽ ཞེས་པའི་ས་ཆར་སྐབས་དེའི་བོད་ཁམས་སུ་གྲགས་ཆེ་བའི་རྒྱ་གར་གྱི་གསང་སྔགས་སློབ་དཔོན་ཆེན་མོ་པདྨ་སམ་བྷ་ཝ་ལ་མཇལ་ཁ་ཞུས་ཡོད། དེ་ནི་སྐབས་དེ་གའི་མཐོ་རིམ་མི་སྣ་དང་ཞང་བློན་སོགས་ཀྱིས་ངེས་པར་དུ་བརྒྱུད་པའི་གོ་རིམ་ཤིག་ཡིན་ནའང་སྟག་ཉ་བཟང་གིས་སྐབས་དེ་ག་རང་དུ་ཆོས་སོགས་ཞུས་པའི་གནས་ཚུལ་གང་ཡང་བྱུང་མེད་དོ།།

དེ་ནས་རང་ལོ་ཉི་ཤུའི་སྟོད་ཙམ་དུ་སླེབས་སྐབས་སུ་སྤྱི་ལོ༧༩༨ལོའི་རྒྱ་བོད་གཡུལ་འཁྲུག་ཆེན་མོའི ༼༤༽ འགོ་དངོས་སུ་བརྩམས་ཤིང་།བོད་ཁམས་སྤྱི་ནས་བློན་ཆེན་སྟག་སྒྲ་ཀླུ་གོང་སོགས་དྲག་གྲས་རྣམས་དམག་དཔོན་ལ་འདེམས་བསྐོ་གནང་དུས་སུ་དཔོན་སྟག་ཉ་བཟང་ཡང་དེའི་ཁོངས་སུ་ཚུད་དེ་དམག་འཐབ་ལ་ཞུགས་ཡོད། ཁོང་གིས་དཔའ་ངར་ཞུམ་མེད་སྒོ་ནས་རྒྱ་བོད་བྱེ་མའི་ཐོག་ཏུ་རྒྱའི་དམག་རྣམས་བཏུལ་བ་༼༥༽དང་རྒྱ་བོད་ས་མཚམས་བསྲུང་བའི་༼༦༽ལས་ལ་འབད་སྟབས་རིན་པོ་ཆེ་གཡུའི་གཡུང་དྲུང་གི་གོ་ཐོབ་༼༧༽ དང་སྟོང་སྡེ་ཡི་བྲན་ཁྱིམ་སོགས་ཀྱང་བྱ་དགར་བསྩལ་ཡོད།
ཡིན་ནའང་དུས་ཕྱིས་སུ་དཔོན་སྟག་ཉ་བཟང་ལ་དམག་རྒྱག་པའི་བསམ་བློ་དེ་རིམ་བཞིན་ཉམས་ནས་དམངས་བྱིངས་དང་འདྲ་བར་ཆོས་ཉམས་ལེན་བྱེད་པའི་ཕྱོགས་སུ་བསྐྱོད་འགོ་ཚུགས་ཡོད་ལ་ལན་གཅིག་སྟག་ཉ་བཟང་གི་རྨོག་གི་ཏོག་གཟུངས་སུ་ཡི་གེ་ཞིག་སྦས ༼༨༽ ཡོད་ཅིང་དེས་བོད་ཁམས་ཀྱི་སྐབས་དེ་གའི་མི་རྣམས་ཀྱི་བསམ་བློ་མཚོན་ཐུབ་ལ་ཡི་གེ་དེ་ནི། བྲ་ཉེ་ལ་ནི་གང་སྐྱེས་པ།། རྐང་མཐིལ་རྨེ་བ་དམར་པོ་ཅན།།ཤི་ནས་དམྱལ་བར་སྐྱེ་བར་འགྱུར།།༼༩༽ཞེས་འཁོད་པ་དེ་ཡིན།
ཡི་གེ་དེ་ནི་སྐབས་དེ་གའི་རྒྱ་གར་ནང་བའི་ཆོས་སྤེལ་བ་དག་གི་རིགས་ལམ་དང་བོད་ཀྱི་ཆོས་ལ་དགའ་ཞིང་སྟག་ཉ་བཟང་གི་གནས་ཚུལ་དངོས་ཤེས་པའི་ཆོས་བློན་དག་མཉམ་འབྲེལ་སྒོས་བོད་ཀྱི་འཇིག་རྟེན་པའི་མི་དྲག་རྣམས་ཆོས་ཕྱོགས་སུ་འགུགས་པའི་ཐབས་ལམ་ཤིག་ཡིན་ངེས་སོ་སྙམ་ཡང་ད་དུང་དཔྱད་གཞི། དེ་ནས་སྟག་ཉ་བཟང་གིས་སྐབས་དེ་གའི་ཆོས་ཀློག་མཁན་ཤིག་ལ་དེ་ཀློག་དུ་བཅུག་ནས་ཡི་གེ་དེར་གོ་བ་བླངས་ཤིང་རང་ལ་ཁྱད་ཆོས་དེ་ལྟར་ཚང་བ་ཤེས་ནས་སྤུན་གསུམ་གྱིས་འཇིག་རྟེན་པའི་ཕུན་སུམ་ཚོགས་པའི་ནོར་ལོངས་སྤྱོད་སོགས་ཕངས་མེད་དུ་དོར་ཏེ་རབ་ཏུ་བྱུང་འགོ་བརྩམས་ཡོད། སློབ་དཔོན་པདྨ་འབྱུང་གནས་ཀྱི་བཀའ་ཕབ་ནས་གདན་དྲངས་ཡོང་ཤིང་འཕགས་ཡུལ་ནུབ་ཕྱོགས་གླང་བོའི་ཚལ་ནས་ཡིན་པའི་སློབ་དཔོན་ཆེན་མོ་བི་མ་ལ་མི་ཏྲ་༼༡༠༽རབ་བྱུང་བའི་མཁན་པོ་བྱས་ནས་གཙུག་ཕུད་བཞེས་པ་དང་སློབ་དཔོན་པདྨ་འབྱུང་ནས་ལས་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་ཏེ་སྟག་སྐྱ་བོའི་རབ་ཏུ་བྱུང་བའི་ཆོས་མིང་ལ་དཔལ་གྱི་རྡོ་རྗེ་ཞེས་འབོད་པ་དང་སྤུན་མཆེད་གཞན་གཉིས་ཀྱི་མིང་ལ་རབ་འབྱོར་དབང་བོ་དབྱངས་དང་དཔལ་གྱི་དབྱངས ༼༡༡༽ཞེས་བཏགས་ཡོད།
ཐོག་མར་གྲིབ་ཀྱི་དཀར་མོ་རོང་ནས་ཆོས་ལ་སློབ་སྦྱོང་བྱས་ནས་སྒོམ་སྒྲུབ་ཉམས་ལེན་གནང་བ་དང་ཕྱིས་སུ་སྐད་གྲགས་ཆེ་བའི་བསམ་ཡས་དགོན་པར་ཕེབས་ཏེ་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་ར༼༡༢༽རྩ་བའི་ཡོངས་འཛིན་དུ་བསྟེན་ནས་ནང་བའི་རིག་གཞུང་ལ་སློབ་གཉེར་གནང་སྟེ་རིམ་བཞིན་སྐབས་དེའི་བོད་ཁམས་ན་གྲགས་ཆེ་བའི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་རའི་སློབ་མ་དཔལ་གྱི་མིང་ཅན་བརྒྱད་ཀྱི་གྲས་༼༡༣༽སུ་ཚུད་ཡོད། ཕྱིས་སུ་རིམ་བཞིན་སྙན་པའི་གྲགས་པ་ཆེར་རྒྱས་ནས་བསམ་ཡས་མཁན་རབས་དགུ་བར་༼༡༤༽ཕེབས་པ་དང་དགེ་སློང་དཔལ་གྱི་རྡོ་རྗེ་༼༡༥༽ཞེས་པའི་འཇའ་ས་གནང་བ་དེ་ཡང་དིང་སང་བྲག་ཡེར་བར་བཞུགས་ཡོད།
ཕལ་ཆེར་དགུང་ལོ་ལྔ་བཅུའི་༼༡༦༽སྟོད་ཙམ་དུ་བཙན་པོ་ལྷ་སྲས་དར་མའི་ནང་བློན་དབས་རྒྱལ་ཏོ་རེ་དང་ཕྱི་བློན་རྒྱལ་ཚ་ཁྲི་འབུམ་སོགས་ཀྱིས་ཆོས་ཁྲིམས་ལ་འགལ་བ་མང་དུ་བྱས་ནས་༼༡༧༽སྲིད་ལུགས་གསར་བསྒྱུར་གྱི་དབུ་བརྩམས་ཤིང་སྐབས་དེའི་རབ་བྱུང་བའི་གྲངས་ཀར་བཀག་སྡོམ༼༡༨༽མཛད་པས་བོད་རུ་བཞིའི་ཆོས་གྲྭ་ཀུན་ལ་བཤད་ཡམས་སྣ་ཚོགས་དར་བ་དང་ཁྱད་པར་དུ་སྐབས་དེའི་ཆོས་ཀྱི་ལྟེ་གནས་བསམ་ཡས་དགོན་པ་ཟང་ཟིང་ལང་ལོང་དུ་གྱུར་བའི་དུས་སུ་ལོ་ཙཱ་བ་སོགས་མཆོད་གནས་རྣམས་ཀྱིས་རྗེ་མངའ་བདག་རལ་བ་ཅན་གྱིས་ཆོས་དང་མཐུན་པར་མཛད་པ་འབངས་ཀྱི་སོ་ཚིལ་སོགས་ལ་འདི་ལྟར་ལགས་༼༡༩༽ཞེས་རྒྱལ་བོ་ལ་ཞི་བའི་སྒོ་ནས་ཆིངས་འགྲིག་ཡོང་བར་འབད་བརྩོན་གནང་ཡོད་ནའང་མཐའ་མར་བཙན་པོའི་ཆབ་སྲིད་ཀྱི་བཀའ་ལ་བཟློག་ཐབས་མེད་པ་ཤེས་ནས་རྒྱལ་བོ་བཀྲོངས་བའི་ཇུས་འགོད་ནི་སྣུབས་སངས་རྒྱས་ཡེ་ཤེས་༼༢༠༽སོགས་ཀྱིས་བྱས་ཤིང་དེའི་ལས་འགན་ནི་དགུང་ལོ་རྒན་ཡང་ཤེད་རྩལ་དང་དམག་ཇུས་ལ་མྱོང་བ་དངོས་ཡོད་པའི་བསམ་ཡས་མཁན་པོ་ལྷ་ལུང་དཔལ་རྡོར་གྱིས་དང་དུ་བླངས་ཏེ་རྒྱལ་པོ་བཀྲོངས་པ་རེད།
ཡིན་ནའང་རྒྱལ་རབས་ལོ་རྒྱུས་རྣམས་སུ་རྒྱལ་བོ་བཀྲོངས་བའི་གནས་ཚུལ་བྱུང་ཡོད་པ་དེར་ཡ་མཚར་བ་གང་ཡང་མེད་ཀྱང་བོད་རྒྱལ་བཀྲོངས་བའི་ཕྱིས་ཀྱི་བོད་ཁམས་ཀྱི་གནས་ཚུལ་ལ་བསམ་བློ་ཁྱོན་ནས་གཏོང་མ་ཐུབ་པའམ་དེའི་སྐོར་གྱི་འཆར་གཞི་གང་ཡང་མེད་པ་དེ་ནི་སྐབས་དེའི་རྒྱ་གར་དང་བོད་ཀྱི་སེར་མོ་བ་ཆབ་སྲིད་ལ་མིག་རྒྱང་ཐུངས་བ་དག་གིས་མཉམ་སྦྲེལ་བྱས་ནས་བཟོས་པའི་ལོ་རྒྱུས་ཀྱི་ནག་ཉེས་ཚབས་ཆེན་ཡིན་པ་མགྲིན་པ་གཟེངས་སུ་གཏོད་ནས་བཤད་ཆོག་པ་ཡིན། དེ་ནས་རྒྱལ་པོའི་མཐའ་འཁོར་གྱི་བློན་པོ་ནུས་མེད་དག་གིས་ལྷ་ལུང་དཔལ་རྡོར་གྱི་རྗེས་འདེད་བྱས་ཡོད་ནའང་ཁོང་ལ་སྔོན་ནས་བཟུང་དམག་རྩལ་སྦྱོང་བརྡར་དང་དེའི་ཉམས་མྱོང་ཡོད་ལ་ཁྱད་པར་དུ་རྒྱལ་པོ་བཀྲོངས་བར་འཆར་གཞི་ཡང་ངེས་ཅན་ཡོད་སྟབས་འཛིན་བཟུང་བྱེད་ཐུབ་མེད་པར་བྲག་ཡེར་བ་རུ་ཅུང་ཟད་ཡིབ་ནས་བསྡད་དེ་ཕྱིས་སུ་མདོ་སྨད་ཀྱི་ས་ཁོངས་ཏན་དིག་དུ་བྲོས་པའི་སྐོར་གསལ་ཡོད་ལ་རིམ་བཞིན་དགོན་ལུང་སོགས་སུ་ཕེབས་ནས་སྨད་འདུལ་སླར་གསོ་ལ་རམ་འདེགས་ཅུང་ཟད་བྱས་ཏེ་ཉིན་ཡིབ་མཚན་སྦས་སྒོས་བྲོས་བྱོལ་གྱི་འཚོ་བ་བསྐྱལ་ནས་སྐུ་ཚེ་ཡི་འཕེན་པ་རྫོགས་པར་མངོན་ནོ།།

དཔྱད་གཞིའི་ཡིག་ཆ་དང་མཆན།
༼༡༽《ཡེར་བའི་དཀར་ཆགས་ལྷ་ལུང་དཔལ་རྡོར་བསྟན་པ་དར་རྒྱས་མ་བཞུགས་པ་ལགས་པས་གཟིགས་མཛོད་ཨང》བྲག་ཡེར་བའི་དཀར་ཆགས་ལྷ་ལུང་དཔལ་རྡོར་གྱིས་མཛད་པ། དཔེ་རྙིང་ཕྱག་བྲིས་མ།ཤོག་ལྡེབ༡ན་གསལ།
༼༢༽《གྲོང་ཁྱེར་ལྷ་སའི་རིག་གནས་ལོ་རྒྱུས་དེབ་དང་པོ་སྟག་རྩེ་རྫོང》གྲོང་ཁྱེར་ལྷ་སའི་རིག་གནས་རྩོམ་སྒྲིག་ཁང་ནས་རྩོམ་འབྲི་བྱས། ༡༩༩༡ལོར་དཔར་བསྐྲུན་བྱས། ཤོག་ངོས༦༨ན་གསལ།
༼༣༽《བྲག་ཡེར་བའི་དཀར་ཆག་བླ་མ་ཟངས་རི་བས་ཡེར་པ་བསོས་པའི་སྤེའུ་སེར་ནས་ཐོན་པ་བཞུགས》བླ་མ་ཟངས་རི་བས་གཏེར་ནས་བཏོན། དཔེ་རྙིང་ཕྱག་བྲིས་མ། ཤོག་ལྡེབ༡ན་གསལ།
༼༤༽《དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས》ཞེས་པ《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཞེས་པར་བསྡུས་ཡོད།བོད་མིིང་དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྱུར་བ།༡༩༨༠ལོར་མི་རིགས་དཔེ་བསྐྲུན་ཁང་ནས་དཔར་བསྐྲུན་བྱས། ཤོག་ངོས༤༠ན་གསལ།
༼༥༽ ༼༧༽《ཡེར་བའི་དཀར་ཆགས་ལྷ་ལུང་དཔལ་རྡོར་བསྟན་པ་དར་རྒྱས་མ་བཞུགས་པ་ལགས་པས་གཟིགས་མཛོད་ཨང་》བྲག་ཡེར་བའི་དཀར་ཆགས་ལྷ་ལུང་དཔལ་རྡོར་གྱིས་མཛད་པ། དཔེ་རྙིང་ཕྱག་བྲིས་མ། ཤོག་ལྡེབ༡ན་གསལ།

བན་ཤུལ་དཔལ་མཁར་རྒྱལ་གྱིས་བརྩམས།