བོན་གྱི་བཀའ་འགྱུར་ཞུ་སྒྲིག་དང་དེབ་གཟུགས་དཔར་སྐྲུན་བྱ་བའི་གྲོས་ཚོགས་ཀྱི་དབུ་འབྱེད་མཛད་སྒོ་སི་ཁྲོན་ཁྲིན་ཏུའུ་ལ་སྤེལ་བ།

360ce564278c4373cda0ea8d299ac01a༢༠༡༦ལོའི་ཟླ་༩པའི་ཚེས་༢༤ཉིན་གྱི་སྔ་དྲོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་བོན་གྱི་༼བཀའ་འགྱུར༽དཔེ་སྐྲུན་ལས་གཞིའི་དབུ་འབྱེད་དང་མ་དཔེ་སྒྲིག་ཞུ་གཏན་འབེབས་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ཚོགས་འདུར་ཤིས་ཚིག་ཕུལ་བ་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་ཡི་ལག་རོགས་པ། བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་འོད་ཟེར་གྱིས་ཚོགས་འདུར་གཙོ་སྐྱོང་གནང་། ཚོགས་འདུའི་ཐོག་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཚེ་རིང་ཐར་དང་། བོད་ཀྱི་མཁས་དབང་ཟླ་བ་བློ་གྲོས། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་དོན་གྲུབ་ལྷ་རྒྱལ་སོགས་བོད་ཀྱི་ཆེད་མཁས་པ་མི་གྲངས་༡༩དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འབྲེལ་ཡོད་འགོ་ཁྲིད་དང་རྩོམ་སྒྲིག་པ་བཅས་ཁྱོན་བསྡོམས་མི་བཞི་བཅུ་ཙམ་ཚོགས་ཞུགས་གནང་ཡོད།

 
ཚོགས་འདུའི་ཐོག་དགེ་རྒན་ཆེན་མོ་ཚེ་རིང་ཐར་ལགས་ཀྱིས། བོན་གྱི་༼བཀའ་འགྱུར༽ནི་བོད་རང་གི་རིག་གནས་ཡིག་ཚགས་གལ་ཆེན་ཞིག་ཡིན་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་ཤུལ་བཞག་རིག་གནས་རྩ་ཆེན་ཞིག་དང་། འགྲོ་བ་མིའི་རིགས་ཀྱི་རིག་གནས་ཤུལ་བཞག་ཅིག་ཡིན་པས། ད་རེས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་དབུ་འབྱེད་གནང་བར་དོན་སྙིང་ཆེན་པོ་ལྡན་ཞེས་བཀའ་འགྱུར་དཔེ་སྐྲུན་བྱ་བར་གདེང་འཇོག་དང་སློབ་སྟོན་གནང་།
དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས། བོན་གྱི་བཀའ་འགྱུར་དཔེ་སྐྲུན་བྱ་བའི་ལས་གཞི་འདི་ནི་ལོ་རྒྱུས་ཞིབ་འཇུག་བྱེད་པར་ཤིན་ཏུ་ཕན་ཏེ། བོད་ཀྱི་ཤེས་རིག་གི་ལོ་རྒྱུས་ལ་དུས་རབས་བདུན་པ་ཙམ་མ་གཏོགས་ཡར་འདེད་ཐུབ་ཀྱིན་མེད་པར་བློ་ཕམ་བྱུང་། དེ་བས་བོན་གྱི་༼བཀའ་འགྱུར༽དཔེ་སྐྲུན་བྱས་པ་ཡིན་ན་དུས་རབས་བདུན་པའི་ཡན་གྱི་བོད་ཀྱི་ཤེས་རིག་ལོ་རྒྱུས་ལ་ཁ་བསྐོང་མཛད་ཐུབ་ཅེས་དང་། བཀའ་འགྱུར་དཔེ་བསྡུར་བྱེད་པའི་གོ་རིམ་ཁྲོད་གང་བྱུང་དུ་མ་ཡིག་ལ་བཟོ་བཅོས་བརྒྱག་མི་རུང་བའི་དགོངས་འཆར་བཏོན།
རྒན་གཉའ་ཟླ་བ་བློ་གྲོས་ལགས་ཀྱིས་བོན་ལ་ལྟ་ཚུལ་ངན་པ་འཛིན་པ་ནི་རང་གི་ཨ་མེས་ཡང་མེས་ལ་ལྟ་ཚུལ་ངན་པ་འཛིན་པ་དང་གཅིག་པ་རེད། དེ་བས་ང་ཚོས་ཆོས་ལུགས་དང་སྤྱི་ཚོགས་གང་གི་ཆ་ནས་ཀྱང་མཐུན་སྒྲིལ་བྱ་གལ་ཤིན་ཏུ་ཆེ། དཔེ་སྐྲུན་གྱི་ལས་གཞི་རྒྱ་ཆེན་པོ་འདི་དག་ནི་ཉེ་བའི་ལོ་འགའི་རིང་བྱུང་བའི་དགའ་འོས་པའི་དོན་དག་གལ་ཆེན་ཞིག་རེད། དེ་བས་ཀྱང་ད་རེས་རྒྱལ་ཁབ་ཀྱིས་འགྲོ་སོང་བཏང་ནས་བོན་གྱི་༼བཀའ་འགྱུར༽དཔེ་སྐྲུན་བྱ་རྒྱུའི་ཚོགས་འདུ་འདི་ནི་བོད་གངས་ཅན་ལ་མཚོན་ན་བཀྲ་ཤིས་འཕྲིན་བཟང་ཞིག་རེད་ཅེས་གསུངས།
ཚོགས་འདུའི་ཐོག་དགེ་རྒན་ཆེན་མོ་ཚེ་རིང་ཐར་གཙོས་པའི་ཆེད་མཁས་པ་རྣམས་ཀྱིས་བོན་གྱི་༼བཀའ་འགྱུར༽དཔེ་སྐྲུན་ལས་གཞི་དབུ་འབྱེད་གནང་བར་ཤིས་ཚིག་ཕུལ་བ་དང་སྦྲགས། མ་དཔེ་སྒྲིག་ཞུ་གཏན་འབེབས་བྱ་བའི་ཐད་དོན་སྙིང་ལྡན་པའི་དགོངས་འཆར་དང་མཛུབ་སྟོན་ཟབ་མོ་གནང་ཞིང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱིས་ཆེད་མཁས་པ་རྣམས་ཀྱི་དགོངས་འཆར་དང་དུ་བླངས་ཏེ། བོན་གྱི་༼བཀའ་འགྱུར༽དཔེ་སྐྲུན་དང་མ་དཔེ་སྒྲིག་ཞུ་གཏན་འབེབས་ཀྱི་སྔོན་འགྲོའི་ལས་ཀ་རྣམས་ལེགས་པར་གྲུབ། ཐེངས་འདིའི་ཚོགས་འདུ་བརྒྱུད་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱིས་༼བཀའ་འགྱུར༽དཔེ་སྐྲུན་བགྱི་བའི་ཐད་ནས་གྲ་སྒྲིག་གང་ལེགས་ཡོང་བར་ནུས་པ་ཆེན་པོ་ཐོན།
098dd74e9752ebbe367705c1472e504aབོན་གྱི་གསུང་རབ་༼བཀའ་འགྱུར༽ནི་སྟོན་པ་གཤེན་རབ་མི་བོ་ཆེའི་བཀའ་ཆོས་བསྡུ་རུབ་གནང་ནས་གྲུབ་པ་ཞིག་ཡིན་ལ། འདིར་ཁྱོན་བསྡོམས་པོད་གྲངས་༡༧༨བཞུགས་ཡོད། བཀའ་འགྱུར་རིན་པོ་ཆེ་འདི་ཉིད་ཀྱི་ཁོངས་སུ་ཆོས་ལུགས་དང་མཚན་ཉིད་རིག་པ། གཏན་ཚིགས་རིག་པ། རྩོམ་རིག སྒྱུ་རྩལ། སྐར་རྩིས། གསོ་རིག བཟོ་སྐྲུན། དམངས་སྲོལ་སོགས་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ཤེས་བྱ་ཇི་སྙེད་འདུས་ཡོད་པས།བོན་གྱི་༼བཀའ་འགྱུར༽ནི་བོད་ཀྱི་གཙུག་ལག་རིག་གནས་གསལ་བའི་ཤེས་བྱ་ཀུན་འདུས་ཆེན་མོ་ཞིག་རེད་ཅེས་བཤད་ཆོག། དེ་ཡང་ཆུ་མགོ་གངས་ལ་ཐུག་པའི་དཔེ་བཞིན་ལོ་ངོ་སྟོང་ཕྲག་འགའི་རིང་བརྒྱུད་པའི་བོད་ཀྱི་རིག་གནས་ཀྱི་འགོ་ཁུངས་ནི་༼བཀའ་འགྱུར༽གྱིས་མཚོན་པའི་གནའ་བོའི་བོན་གྱི་རིག་གནས་འདི་ཉིད་ལ་ཐུག་ཡོད་པས། འཛམ་གླིང་ཤར་ནུབ་ཀྱི་གཟུར་གནས་མཁས་པ་ཀུན་གྱིས། བོད་ཀྱི་ངོ་མཚར་བའི་རིག་གནས་ཀྱི་གསང་བ་འབྱེད་པའི་གསེར་གྱི་ལྡེ་མིག་ཅེས་བོན་གྱི་༼བཀའ་འགྱུར༽ལ་བསྔགས་བརྗོད་གནང་བཞིན་ཡོད། མདོར་ན། གནའ་དཔེ་རིན་ཐང་བྲལ་བ་འདི་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་ཡིས། རྒྱལ་ཕྱི་ནང་གི་རིག་གཞུང་ཞིབ་འཇུག་པའི་སྡེ་ལ་ཡིད་རྟོན་རུང་བའི་དཔྱད་གཞིའི་རྒྱུ་ཆ་ཕུན་སུམ་ཚོགས་པ་ཞིག་མཁོ་འདོན་བྱས་ཡོད་པར་མ་ཟད།མི་རིགས་རང་གི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་བའི་ཐད་དུའང་ཕན་པ་རྒྱ་ཆེན་བསྐྲུན་ཡོད་དོ། །
ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་བོན་གྱི་༼བཀའ་འགྱུར༽དཔེ་སྐྲུན་ལས་གཞི་མ་དཔེ་སྒྲིག་ཞུ་གཏན་འབེབས་གནང་བའི་སྐོར་ལ་ཆེད་རམས་པ་རྣམས་ཀྱིས་དགོངས་འཆར་རིན་ཐང་ཅན་མང་པོ་བཏོན་གནང་བ་དང་། ལས་གཞི་འདི་ནི་༢༠༡༦ལོའི་རྒྱལ་ཁབ་རིམ་པའི་གསར་འགྱུར་དཔེ་སྐྲུན་བཅོས་བསྒྱུར་འཕེལ་རྒྱས་ཀྱི་རྣམ་གྲངས་མཛོད་དུ་ཚུད་ཡོད་ལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱིས་བོན་གྱི་༼བཀའ་འགྱུར༽དཔེ་སྐྲུན་ལས་གཞི་འགན་ལེན་གྱིས། རྣམ་གྲངས་ཆེན་པོས་སྐུལ་ཁྲིད་བྱ་བའི་འཐབ་ཇུས་ལག་བསྟར་བྱས་ཏེ་བོད་ཀྱི་སྲོལ་རྒྱུན་རིག་གནས་མ་ཉམས་གོང་སྤེལ་དང་ཉམས་པ་སོར་ཆུད་ཡོང་བར་ཕན་ནུས་ཆེན་པོ་ལྡན་ཡོད།
ཉི་གཞོན་དྲ་བ་སོགས་ལས་བསྡུ་སྒྲིག་བྱས་པ་ཡིན།

1,310 total views, 2 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།