གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རི་དགོན་པའི་ལོ་རྒྱུས།

pict0384ཁོད་པོ་བློ་གྲོས་ཐོགས་མེད་ཀྱིས་ ༡༣༠༡ ལོར་གཏེར་བཞེས་པའི་སྲིད་པ་རྒྱུས་ཀྱི་ཁ་བྱང་ལས། “ང་ཡི་མཆོག་གི་སྤུལ་པ་ལ། གཤེན་ལ་ཀླུ་དགའི་མཚན་ཅན་འབྱུང་། གསང་སེམས་གཉིས་ལས་ཐུགས་འབྱོངས་ནས། མཚོ་རྔ་བྲག་ལ་གཏེར་སྒོ་དབྱེ། བསྟན་པ་ཉི་མའི་ཟེར་བཞིན་སྤེལ།” ཞེས་ལུང་དུ་བསྟན་པའི་སྐྱེས་མཆོག་བསྟན་པའི་སྒྲོན་མེ་སྤྲུལ་སྐུ་གཤེན་ཆེན་ཀླུ་དགའ་ (༩༩༦-༡༠༣༥) ལོར་སྐུ་འཁྲུངས་པ་དེ་ཉད་ལ་བཀའ་བབས་ཀྱི་བུ་ཆེན་བཟི། རྒྱལ་མཚན་ཐོགས་པའི་མི་བཞི། ལྕོག་རོ་སྲིད་པའི་མ་ལྔ། ཉང་སྟོད་ཀྱི་དཔོན་བཞི། ཁ་འཁོར་བ་ཉེར་གཅིག་ལ་སོགས་མང་དུ་བྱུང་ཀྱང་། ཐུགས་སྲས་དམ་པ་མཆོག་ཏུ་གྱུར་པ་བསྟན་པ་ལ་བཀའ་དྲིན་ཆེ་བ་ནི། དབང་ལྡན་གཞུ་ཡས་ལེགས་པོ། བྲུ་ཆེན་ནམ་མཁའ་གཡུང་དྲུང་། བྲུ་ཤ་ཁྱུང་གི་རྒྱལ་མཚན། སྤོ་སྟོན་དཔལ་མཆོག་བཟང་པོ་སྟེ། བྲུ་ཞུ་སྤ་གསུམ་དུ་གྲགས་པ་དེ་རྣམས་ཡིན།

མཁས་པའི་དབང་པོ་བྲུ་ཆེན་ནམ་མཁའ་གཡུང་དྲུང་གིས་གཡུང་སྲུང་བོན་ལ་སྲོལ་བཏད་པ་ལུང་མཚན་ཉིད་སྲིད་པའི་མཛོད་ཕུག་ལ་ཏི་ཀ་བཏབས་ཏེ་འཆད་པ། རྩོད་པ། རྩོམ་པ་གསུམ་གྱི་སྲོལ་ལེགས་པར་ཕྱེས་པས། ཤིང་རྟའི་སྲོལ་འབྱེད་ཆེན་པོར་གྲགས་སོ། བླ་མ་་འདི་ཡི་ཞལ་སློབ་བྲུ་ཆེན་གཡུང་དྲུང་བླ མས་གཙང་ཐོབ་རྒྱལ་དུ་གདན་ས་གཡས་རུ་དབེན་ས་དགོན་སྡེ་ཆེན་པོ་ (༡༠༧༢) ལོར་ཕྱག་བཏབས་མཛད་ནས། གཡུང་དྲུང་གི་བོན་རིན་པ་ཆེར། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པ་རྒྱ་ཆེར་སྤེལ། གདན་ས་འདི་ན་བཤད་སྒྲུབ་མཐར་སོན་ཞིང་ཉམས་རྟོགས་རྒྱུད་ལ་ལྡན་པའི་མཁན་རབས་བཅོ་བརྒྱད་དམ་གཡས་རུའི་སྟོན་པ་བཅོ་བརྒྱད་བྱུང་། མཐར་དགོན་སྡེ་འདི་ཉིད་ཆུ་རྐྱེན་གྱིས་འཇིག་པས། དགོན་སྡེ་འདི་ན་བཤད་སྒྲུབ་མཐའ་སོན་པའི་དྲང་སྲོང་ཤེས་རབ་རྒྱལ་མཚན་ནམ་མཉམ་ (༡༣༥༦-༡༤༡༥) ལ་བཀའ་སྐྱོང་སྲུང་མ་རྣམས་ཀྱི་ལུང་བསྟན་དུ། བསྟན་པ་འདི་ཡི་རྒྱུད་འཛིན་གྱི་བཀའ་བབས་ཁྱེད་ཉིད་ཡིན་པས་རྒྱལ་བསྟན་སླར་གསོ་ཐུགས་འགན་བཞེས་དགོས་པ་སོགས་ཀྱི་རྟགས་མཚན་དུ་མ་བྱུང་ནས། རྗེ་འདི་ཉིད་ཀྱིས་གཙང་བཀྲ་ཤིས་སྨན་རི་གླིང་གི་དགོན་སྡེ་ ༡༤༠༥ ལོར་ཕྱབ་བཏབས་མཛད་ནས། ཁང་ཚན་བཅུ་གཉིས་གྲྭ་ཤགྷ་དྲུག་ཅུ་སོགས་རྫུ་འཕྲུལ་གྱིས་སྐད་ཅིག་ལ་གྲུབ་པ་ཡིན་ཞེས་བཤད་སྲོལ་ཡོད། དགོན་སྡེ་འདི་ན་ཡར་ངོས་ལ་འཆད་ཉན་དང་མར་ངོས་ལ་བསྙེན་སྒྲུབ་གནང་རྒྱུ་སོགས་ཀྱི་སྲོལ་ལེགས་པར་ཕྱེས་ནས་འཛིན་སྐྱོང་དང་། བོད་ཀྱི་བསྟན་པ་ཆབ་སྲིད་ ༡༩༥༩ འཁྲུགས་རྐྱེན་མ་ལང་གོང་བོད་ཆོལ་ཁ་གསུམ་དུ་གཏོགས་པའི་བོན་གྱི་གཞིས་དགོན་དང་བཤད་སྒྲུབ་ཀྱི་བསྟི་གནས་ཡོད་དོ་ཅོག་གི་མ་དགོན་དུ་བརྩི་བ་མ་ཟད་སློབ་གཉེར་གྱི་བསྟི་གནས་སམ་གདན་ས་གལ་ཆེ་ཤོས་སིག་ཀྱང་ཡིན་པ་རེད།

དེས་ན་གདན་འདི་ན་བཤད་སྒྲུབ་མཐའ་སོན་པ་དྲང་སྲོང་ངམ་དགེ་བཤེས་གང་ཡང་རུང་བ་ཞིག་བོད་སྟོད་སྨད་བར་གསུམ་དུ་གཏོགས་པའི་བོན་པོའི་སྤྱི་ཚོགས་ག་འདྲ་ཞིག་གི་ནང་བསྐྱོད་ཀྱང་། ཐོས་བསམ་བསྒོམ་གསུམ་མཐར་སོན་པའི་གཡུང་དྲུང་བོན་གྱི་དཔོན་གསས་བླ་མ་ཡང་དག་པར་ངོས་འཛིན་བྱེད་པ་དང་ཀུན་གྱིས་གོང་དུ་བསྐུར་གྱི་ཡོད་པ་རེད། སྟོད་མངའ་རིས་དང་མདོ་སྟོད་མདོ་སྨད་བཅས་ནས་གདན་ས་འདིར་གྲྭ་རྒྱུན་ཡོང་བའི་སྲོལ་ཡོད་པ་མ་ཟད། དེ་དག་ཀྱང་སློབ་གཉེར་དང་ཉམས་ལེན་ལ་བརྩོན་པ་ཤ་སྟག་ཡིན་པ་རེད།

གདན་ས་དེ་ཉིད་རྒྱ་གར་དུ་ཕྱག་བཏབས་ཚུལ་ནི། ༡༩༦༧ བོད་ཟླ་ལྔ་པའི་ཚེས་༢༢ ཉིན་བོན་གཞིས་ཐོབ་རྒྱལ་གསར་པ་ཞེས་ད་ཆ་རྒྱ་གར་ཧི་མ་ཅལ་མངའ་སྡེ། རྫོང་སིར་མོ་ཁོངས། རྡོ་ལན་ཇིར་ཐོག་མར་ཆགས་པ་རེད།

དེའི་སྐབས་སྨན་རིའི་ཁྲི་འཛིན་སོ་གཉིས་པ་སྐུ་མདུན་ཤེས་རབ་བློ་གྲོས་མཆོག་ཞལ་མ་བཞུགས་པ་དང་ཁྲི་འཛིན་སོ་གསུམ་པ་ཁྲི་བཞེངས་མ་གྲུབ་པའི་རྐྱེན་གྱིས་བསྟན་པའི་ཐུགས་འགན་རབ་ལེགས་གཡུང་་དྲུང་གླིང་གི་མཁན་ཆེན་ཤེས་རབ་བསྟན་པའི་རྒྱལ་མཚན་མཆོག་གིས་བཞེས་པ་དང་ཁོང་གིས་མཛད་མཆོག་བླ་ན་མེད་པའི་འོག་སྔར་སྲོལ་བཟང་པོ་དང་མཐུན་པར་རྗེ་མཉམ་མེད་བླ་མའི་ཁྲི་འཛིན་སྨན་རིའི་སྐུ་མདུན་གྱི་ཁྲི་བསྐོས་གནང་རྒྱུའི་ཆེད་གདན་ས་སྨན་རི་ནས་བཤད་སྒྲུབ་སློབ་གཉེར་མཐར་སོན་ཞིང་དཔོན་གསས་བླ་མ་དགེ་བའི་བཤེས་གཉེན་གྱི་མཚནརྟགས་བཞེས་ཟིན་པ་རྣམས་ཀྱི་མཚན་ཐོ་ཟན་ཏྲིལ་བུམ་པར་བཀད་ནས་ཉིན་བདུན་རིང་ཡི་དམ་གྱི་ལྷ་དང་བསྟན་སྲུང་དམ་ཅན་སྣ་ཚོགས་ལ་ཐུགས་དམ་གནང་བསྐུལ་གྱི་སྒོ་ནས་བུམ་དཀྲུགས་གནང་སྟེ། བོན་པོ་ཡོངས་ཀྱི་མགྲིན་གཅིག་ཏུ་གོང་དུ་བསྐུར་བའི་བླ་ཆེན་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་དཔོན་གསས་བླ་མ་ལུང་རྟོགས་བསྟན་པའི་ཉི་མ་མཆོག་ལ་ཡེ་ཤེས་ལྷ་ཡིས་ལུང་བསྟན་བབས་པས་འདི་ཉིད་ཁྲི་བསྐོས་མཛད།

དམ་པ་འདི་ཡིས་བོན་གཞིས་སུ་དཔལ་གཤེན་བསྟན་སྨན་རི་གླིང་གི་དགོན་སྡེ་གསར་བཞེངས་གནང་ནས་རྒྱལ་བ་སྨན་རི་བའི་རིང་ལུགས་མདོ་སྔགས་ཟུང་འབྲེལ་གྱི་ཕྱག་ལེན་རྗེ་མཉམ་མེད་ཆེན་པོའི་བཅའ་ཡིག་ལྟར་འཛིན་སྐྱོང་གནང་ནས་དེང་སྐབས་གྲྭ་པ་ཞལ་གྲངས་བརྒྱ་དང་ཉི་ཤུ་བཞུགས་པ་དང་། འདི་རྣམས་ཀུན་གྱིས་བོན་ཕྱི་ནང་གསང་གསུམ་ཐེག་པ་རིམ་དགུ་སོགས་ལ་ཐོས་བསམ་བསྒོམ་གསུམ་མཛད་བཞིན་གནས།

ལྷག་པར་དགེ་འདུན་ཞལ་གྲངས་ལྔ་བཅུ་ལྷག་གིས་བོན་མདོ་སྔགས་སེམས་གསུམ་ལ་བཤད་སྒྲུབ་ཀྱི་སློབ་གཉེར་གནང་བ་མ་ཟད། སྤྱི་ལོ་ ༡༩༧༧ ནས་བཟུང་འཆར་ཅན་ཉིན་ལྟར་སློབ་གཉེར་བྱེད་ཚུལ་རེའུ་མིག་འདི་ཡོད་ལྟར་འཆད་ཉན་ལེགས་པར་བསྐྱངས་ཏེ། སྤྱི་ལོ་ ༡༩༨༦ དང་ ༡༩༨༧ ལོ་ལ་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་ལ་བཤད་སྒྲུབ་མཐར་སོན་པ་དྲང་སྲོང་རྣམ་རྣམ་པ་དགུ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་ནས། བོད་གངས་ཅན་གྱི་བསྟན་སྲིད་ཡོངས་ཀྱི་བདག་པོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རང་གཞུང་ཆོས་དོན་དྲུང་ཆེ་མཆོག་ནས་ཀྱང་ཕྱག་རྟགས་དང་། དཔལ་གཤེན་བསྟན་སྨན་རི་གླིང་གི་རྗེ་མཉམ་མེད་བླ་མའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་མཆོག་ནས་ཀྱང་གཟེརངས་རྟགས་གསོལ་རས་སྩལ་པ་རེད། དེང་སྐབས་ཕྱི་ནང་ཁག་གི་མི་རིགས་ཀྱིས་བོན་གྱི་གྲུབ་མཐའི་འབྱུང་གནས་བསྟན་རྩ་ཆུ་འགོ་ལྟ་བུར་ངོས་འཛིན་བྱེད་བཞིན་ཡིན་པ་རེད།

བོན་སྒོ་འདོན་ཐེངས་དང་པོ་ལས་དྲངས།