གཡུང་དྲུང་བོན་གྱི་དྲྭ་རྒྱ།

བརྟན་བཞུགས་གོ་སྒྲིག་ཚོགས་པའི་གསལ་བསྒྲགས་གཏམ་བཟང་།

img_1318img_5251

༅༅།། འཛམ་གླིང་རྒྱལ་ཁབ་ཕྱི་ནང་གང་སར་བཞུགས་པའི་ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་རྗེས་སུ་འཛིན་པའི་རྒྱ་ཆེའི་བོན་འབངས་རྣམས་ཀྱི་སྙན་དབང་དུ་བཀྲ་ཤིས་པའི་གཏམ་བཟང་ཞུ་དོན། 

འཛམ་གླིང་བོན་གྱི་གཙུག་རྒྱན༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་ལ་བཀའ་དྲིན་རྗེས་དྲན་མཎྚལ་བརྟན་བཞུགས་བསྟར་འབུལ་གྱི་མཛད་རིམ་གསལ་བསྒྲགས་སྔོན་སོང་ལྟར།

ཕྱི་ལོ་༢༠༡༦ཟླ་༡༠ཚེས་༣༡ནས་ཟླ་བ་༡༡ཚེས་༠༢བར་ཉིན་གསུམ་གྱི་རིང་ལ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སྐྱབས་རྗེ་མཁན་སློབ་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་བརྟན་བཞུགས་རྒྱས་འབུལ་གོ་སྒྲིག་ཚོགས་པ་ལ་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་དང་བཤད་སྒྲུབ་འདུས་སྡེ། སྨན་རིའི་གྲྭ་ཚང་བཅས་གཙོས་པའི་ཚོགས་པ་ཆེ་ཕྲ་ཁག་གིས་མཐུན་འགྱུར་དང་དཔུང་འདེགས་རྒྱ་ཆེར་མཛད་ནས་གོ་སྒྲིག་ཞུས་པ་བཞིན།

༡༽ཉིན་དང་པོར་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གི་བཀའ་དགོངས་བཞིན་༧སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་བོད་ཕྱི་ནང་གཉིས་དང་ནུབ་ཕྱོགས་ཡུལ་གྲུ་ཁག་ནས་ཆེད་ཕེབས་གནང་བའི་བླ་སྤྲུལ་སེར་སྐྱ་དད་ལྡན་ཡོངས་ལ་སྙིང་པོ་རྣམ་གསུམ་གྱི་ལྗགས་ལུང་དང་བཀའ་འཁྲིད་བསྩལ་ཡོད་པ་དང་།

དེ་རྗེས་བླ་སྤྲུལ་དགེ་བཤེས་རྣམས་དང་དགེ་འདུན་པ་དང་བཙུན་མ་ཡོངས་ཀྱིས་དཔལ་གཤེན་བསྟན་སྨན་རིའི་ཚོགས་ཁང་ཆེན་མོ་ལ་རྒྱལ་བའི་གསུང་རབ་མདོ་འབུམ་ལྗགས་ཀློག་གནང་ཡོད་པ་དང་། དད་ལྡན་མང་ཚོགས་རྣམས་ཀྱིས་ལམ་འཕྲང་བཅོས་པ་དང་། ཚ་ཚ་གདབ་པ་སོགས་རྒྱུན་བཞིའི་གེགས་སེལ་རིགས་ལ་འབད་འབུངས་གནང་ཡོད་པ་རེད།

༢༽ཉིན་གཉིས་པར་སྐྱབས་རྗེ་སྨན་རི་བ་མཆོག་གི་སྐུའི་བླ་གཟའི་ཉིན་ཞོགས་པ་ཐོག་མར་སྐྱ་སེར་མི་མང་ཚང་མ་ལྷ་རྒྱལ་རི་རྩེར་འདུ་འཛོམས་ཀྱིས་དཀར་ཕྱོགས་སྐྱོང་བའི་ལྷ་ཚོགས་ལ་བསང་གསོལ་རྒྱས་འབུལ་དང་འབྲེལ་རླུང་དར་སྒྲོན་འཛུགས་དང་ཀི་བསྭོ་ལྷ་རྒྱལ་གནང་ཡོད་པ་དང་།

དེ་རྗེས་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་སྨན་རིའི་གླིང་གི་ཚོགས་ཆེན་འདུ་ཁང་གི་རིན་ཆེན་གཅན་ལྔས་བཏེགས་པའི་གསེར་གྱི་ཁྲི་ལ་བཞུགས་སུ་གསོལ་བ་དང་འབྲེལ་དངོས་གཞིའི་བརྟན་བཞུགས་དབུ་འཛུགས་ཀྱིས་ཆོ་ག་གཞུང་གིས་ཚིག་བཤད་ལྟར་འབུལ་ཚན་ཁག་རིམ་བཞིན་འདེགས་འབུལ་དང་མཇལ་ཁ་ཞུས་གནང་སོང་།

ཕྱི་དྲོ་བརྟན་བཞུགས་གོ་སྒྲིག་ཚོགས་པའི་ཚོགས་མི་ལྷན་རྒྱས་ལ། དཔལ་ལྡན་སྨན་རིའི་བླ་བྲང་དུ་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་གིས་བཀའ་སློབ་གསུང་བཤད་དང་ཐུགས་རྗེ་ལེགས་གསོལ་དང་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་དམ་རྫས་བྱིན་མདུད་བཅས་གསོལ་རས་གནང་སོང་།

༣༽དེ་རིང་ཉིན་མཐའ་མའི་ཞོགས་པར་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་ནས་དད་ལྡན་མང་ཚོགས་རྣམས་ལ་དྲན་པ་ཚེ་སྒྲུབ་ཀྱི་བཀའ་དབང་བསྩལ་གནང་མཛད་ཡོད་དང་།

དེ་རྗེས་སྐུ་མགྲོན་རྣམ་པ་དང་སེར་སྐྱ་མི་མང་ལྷན་རྒྱས་བོན་ཕྲུག་བདེ་དོན་རྩེད་ཐང་བརྟན་བཞུགས་དགའ་སྟོན་མཛད་སྒོའི་ཚོགས་གུར་དུ་གདན་འཛོམས་གནང་ནས། བརྟན་བཞུགས་གོ་སྒྲིག་ཚོགས་པའི་ཚོགས་གཙོ་ཀུན་གསལ་ཟླ་བ་ཡིས་བརྟན་བཞུགས་འདིའི་བྱུང་རིམ་དང་ཐུགས་རྗེ་ལེགས་གསོལ་ཞུ་དགོས་རིགས་ཡོངས་ལ་ཞུས་གནང་སོང་།

དེ་རྗེས་གཞས་སྣ་འཁྲབ་སྟོན་རིམ་པ་བཞིན་མཛད་མཐར་༧གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དགེ་བཤེས་ཟླ་བ་དར་རྒྱས་ལགས་ཀྱིས་དཔལ་གཤེན་བསྟན་སྨན་རིའི་གླིང་གི་འདུས་སྤྱིའི་ཚབ་ཞུས་ཏེ་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་གཙོ་བོར་གྱུར་པའི་སེར་སྐྱ་མང་ཚོགས་ལ་ཐུགས་རྗེ་ལེགས་འབུལ་གསུང་བཤད་དང་བཅས་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་ཁ་དགེ་བཀྲ་ཤིས་པའི་ངང་ནས་མཇུག་ཡོངས་སུ་ལེགས་པར་གྲུབ་སོང་།

མཐའ་དོན་དུ་སྨན་རིའི་གླིང་ནས་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་གཙོས་པའི་བླ་སྤྱི་གྲྭ་མང་ཡོངས་དང་གཞིས་འགོ་སློབ་སྤྱི་བཙུན་དགོན་སོགས་ཚོགས་པ་ཆེ་ཕྲ་ཁག་གིས་མཐུན་འགྱུར་དང་གོ་སྒྲིག་རྒྱ་ཆེར་མཛད་གནང་བ་དང་། དེ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་དང་ལྷག་པར་དུ་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་འབྲེལ་རྒྱ་ཆེར་མཛད་གནངས་པའི་འཛམ་གླིང་བོན་འབངས་ཡོངས་ལ་ངེད་བརྟན་བཞུགས་གོ་སྒྲིག་ཚོགས་པས་སྙིང་དབུས་ནས་བཀའ་དྲིན་ཆེ་གྲངས་མང་ཞུ་རྒྱུ་ཡིན།

ཞེས་བཀའ་དྲིན་རྗེས་དྲན་མཎྜལ་བརྟན་བཞུགས་གོ་སྒྲིག་ཚོགས་པའི་རྒྱུན་ལས་ཐུན་མོང་ནས།།

སྤྱི་ལོ་༢༠༡༦/༡༡/༠༢ཉིན་དཔལ་གཤེན་བསྟན་སྨན་རིའི་གླིང་ནས།།

བསྟན་པའི་སྙིང་པོ་སངས་རྒྱས་གཡུང་དྲུང་བོན།།

བསྟན་འཛིན་སྐྱེས་བུའི་ཞབས་པད་བསྐལ་བརྒྱར་བརྟན།།

བསྟན་སྦྱིན་མངའ་ཐང་ལོངས་སྤྱོད་རྒྱས་པ་དང་།།

བསྟན་པ་ཕྱོགས་བརྒྱར་འཕེལ་ཞིང་རྒྱས་པར་ཤོག།

ཐ་ཚན་མུ་ཙུག་སྨར་རོ།