གཡུང་དྲུང་བོན་གྱི་དྲྭ་རྒྱ།

འབྲས་ལྗོངས་སོག་གཡུང་དྲུང་གླིང་དགོན་པའི་དབུ་འབྱེད་མཛད་སྒོ།

img_5880img_5881

ཕྱི་ལོ་༢༠༡༦ཟླ་༡༢ཚེས་༡༤ཉིན་ནས་རྒྱ་གར་བྱང་ཕྱོགས་འབྲས་ལྗོངས་སུ་མཁན་པོ་ཡོན་ཏན་རྒྱ་མཚོས་གསར་བཞེངས་མཛད་པའི་སོག་གཡུང་དྲུང་གླིང་དགོན་པའི་དབུ་འབྱེད་སྔོན་འགྲོ་མཛད་སྒོའི་སྟ་གོན་ལ་ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་སྲེག་དབུ་འཛུགས་གནང་སྟེ་༢༨ཉིན་མཇུག་གྲུབ་པ་དང་།
img_5878 img_5879

གོང་ཚེས་༢༩ཉིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་མཁན་པོ་བསྟན་པ་གཡུང་དྲུང་རིན་པོ་ཆེ། ༧དཔལ་ལྡན་ཁྲི་བརྟན་ནོར་རྩེའི་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ། སོག་གཡུང་དྲུང་གླིང་གི་མཁན་པོ་ཡོན་ཏན་རྒྱ་མཚོ་རིན་པོ་ཆེ། དེ་བཞིན་དུ་ཞུ་གཡུང་དྲུང་ཀུན་གྲགས་གླིང་གི་དགོན་བདག་དགེ་བཤེས་ཉི་མ་སེང་གེ་མཆོག ལ་དྭགས་གཡུང་དྲུང་ལྷ་རྩེའི་དགོན་བདག་དགེ་བཤེས་ལུང་རིག་ཉི་མ་མཆོག་དང་། བོན་སྤྱི་དགེ་བཤེས་སྨོན་ལམ་མཐར་ཕྱིན། བོན་སྤྱི་བ་ར་ཚེ་དབང་བཀྲ་ཤིས། སྐུ་ངོ་བཀྲ་ཤིས་དབང་འདུས། ༧དཔལ་གཤེན་བསྟན་སྨན་རིའི་གླིང་དང་། ༧དཔལ་ལྡན་ཁྲི་བརྟན་ནོར་རྩེ། ཞུ་གཡུང་དྲུང་གླིང་བཅས་ཀྱི་གྲྭ་ཚང་གི་གཉེར་པ་རྣམ་པ་གཙོས་པའི་དགེ་འདུན་པ་དྲུག་ཅུ་ལྷག་ཅིག་ཆེད་ཕེབས་གནང་ཡོད་པ་དང་ཕྱོགས་མཐའ་ཁག་ནས་སྐུ་མགྲོན་རྣམ་པ་གཙོས་པའི་དད་ལྡན་མང་ཚོགས་བཞི་བརྒྱ་ལྷག་ཅིག་འཛོམས་ཡོད།

img_5882 img_5887

གོང་ཚེས་༢༩ཉིན་གྱི་སྔ་དྲོའི་ཕྱག་ཚོད་༡༠ནས་༡༢བར་སོག་གཡུང་དྲུང་གླིང་དགོན་པའི་གཙུག་ལག་ཁང་དུ་བཀྲ་ཤིས་མངའ་དབུལ་རབ་གནས་ཚོགས་ཡོད་པ་དང་། ཕྱི་དྲོ་ཕྱག་ཚོད་གཉིས་པའི་ཐོག་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གིས་ཚེ་སྒྲུབ་བཀའ་དབང་བཀའ་དྲིན་བསྩལ་ཏེ་ཉིན་གཉིས་པའི་མཛད་རིམ་མཇུག་གྲུབ་པ་དང་།

img_5883 img_5886

ཉིན་གསུམ་པ་སྟེ་ཕྱི་ཚེས་༣༠ཉིན་གྱི་སྔ་དྲོའི་ཕྱག་ཚོད་༩།༣༠ཐོག་སྐུ་མགྲོན་གཙོ་བོ་འབྲས་ལྗོངས་མངའ་སྡེའི་སོ་ནམ་བློན་ཆེན་མཆོག་སོག་གཡུང་དྲུང་གླིང་དུ་ཞབས་སོར་འཁོད་དེ་གཙུག་ལག་ཁང་དབུ་འབྱེད་གནང་སྟེ་བཀྲ་ཤིས་པའི་ཚིག་བརྗོད་གསུང་རྗེས་སུ་མཛད་སྒོ་དངོས་གཞིའི་ཚོགས་ཡུལ་དུ་སྐུ་མགྲོན་གཙོ་བོ་འབྲས་ལྗོངས་མངའ་སྡེའི་(Sikkim)སོ་ནམ་བློན་ཆེན་མཆོག་དང་། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག ༧དཔལ་ལྡན་ཁྲི་བརྟན་ནོར་རྩེའི་མཁན་རིན་པོ་ཆེ་མཆོག དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་འབྲས་ལྗོངས་མངའ་སྡེའི་དྲུང་ཆེ། བོན་སྤྱི་རྣམ་པ་གཉིས། ས་གནས་རྫོང་དཔོན། ས་གནས་ཁྲིམས་དཔོན། ར་ཝང་ལ་ཀུན་ཕན་གླིང་གི་ས་གནས་འགོ་འཛིན་གཙོས་པའི་ཚོགས་སྡེ་ཁག་གི་མཛད་གཙོ་རྣམ་པ་དང་། དགོན་སྡེ་ཁག་གི་བླ་སྤྲུལ་དགེ་འདུན་སྡེ་དང་ཕྱོགས་མཐའ་ཁག་ནས་ཆེད་ཕེབས་གནང་བའི་དད་ལྡན་མང་ཚོགས་བཅས་འདུ་འཛོམས་གནང་སྟེ་སོག་གཡུང་དྲུང་གླིང་གི་མཁན་པོ་ཡོན་ཏན་རྒྱ་མཚོ་མཆོག་གིས་མཛད་སྒོའི་ངོ་སྤྲོད་དང་དགོན་པ་གསར་བཞེངས་མཛད་པའི་བརྒྱུད་རིམ་སྐོར་གསུང་བཤད་གནང་།

img_5888img_5884

དེ་རྗེས་མཁན་པོ་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་བཀའ་སློབ་གནང་། དེ་རྗེས་སྐུ་མགྲོན་གཙོ་བོ་འབྲས་ལྗོངས་སོ་ནམ་བློན་ཆེན་Somnath Poudyal་མཆོག་གིས་གསུང་བཤད་གནང་རྗེས་སུ་བླ་སྤྲུལ་དགེ་འདུན་རྣམས་ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་སྲེག་གི་དཀྱིལ་འཁོར་མེ་ཐབ་འཁྲིས་སུ་ཕེབས་ནས་གྲུབ་མཆོད་སྨོན་ལམ་གསུང་སྟེ་བཀྲ་ཤིས་བདེ་ལེགས་ངང་དུ་སོག་གཡུང་དྲུང་གླིང་གི་དགོན་པའི་དབུ་འབྱེད་མཛད་སྒོ་མཇུག་ལེགས་པར་གྲུབ་པའི་གནས་བསྡུས་ཙམ་དུ།
ཨ་ཀྲོང་རིན་ཆེན་རྒྱལ་མཚན་ནས།