གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་དཔོན་སློབ་རིན་པོ་ཆེ་ཡང་སྟོན་འཕྲིན་ལས་ཉི་མ་མཆོག་གི་མཛད་རྣམ།

dsc00589img_8987

རྒྱལ་གཤེན་ཡ་ངལ་གྱི་གདུང་ལས་བྱོན་པའི་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གི་མཛད་རྣམ་རགས་བསྡུས།

(སྨན་རིའི་དཔོན་སློབ་རིན་པོ་ཆེའི་ཐུགས་འགན་བཞེས་ནས་མི་ལོ་ཉི་ཤུ་རྩ་ལྔ་འཁོར་བར་བཀྲ་ཤིས་བདེ་ལེགས་ཞུ།)

༡༽ རྒྱལ་གཤེན་ཡ་ངལ་ཆེན་པོའི་བྱུང་རབས།

དེ་ཡང་རྒྱལ་གཤེན་ཡ་ངལ་ལམ་ཡང་སྟོན་ཆེན་པོའི་གདུང་རྒྱུད་ཀྱི་གྲོལ་ཕུགས་ནི་ཐོག་མར་འོད་གསལ་ལྷ་ལས་མཆེད་ཅིང༌། དེ་ཡང་སྟོན་པ་སངས་རྒྱས་འཇིག་རྟེན་དུ་མ་བྱོན་གོང་ནས་ཡོད་པར་ངེས་པ་སྟེ། མཛད་མདོ་དྲི་མེད་གཟི་བརྗིད་ལས། “རི་རབ་ཀྱི་ཁ་ཁྱེར་རྩུབ་འགྱུར་དྲེགས་པའི་ཚལ་དུ་སྟོན་པས་འཇིག་རྟེན་དྲེགས་པ་ཅན་རྣམས་དབང་དུ་བསྡུ་བའི་ཕྱིར་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གར་གྱི་དབང་ཕྱུག་ཏུ་སྤྲུལ་བའི་དུས་སུ་ས་གཡེན་ཆེ་བ་བཅུ་གཅིག་གི་གྲལ་ནས་སྲིན་བོན་ཡ་ངལ་སྲིན་ཁམས་དང་བཅས་པ་སྟོན་པའི་དྲུང་དུ་འཁོད་དོ།” ཞེས་གསལ་ཞིང༌།

དེ་རྗེས་བོད་དུ་བོད་རྗེ་གཉའ་ཁྲི་བཙན་པོའི་སྐུ་དུས་སུའང་ཡ་ངལ་མཚེ་གཅོ་གསུམ་གྱིས་ཉམ་སྒྲིབ་སེལ་ཆེད་“ཕ་བ་ཡ་ངལ་སྤྱན་དྲངས་ནས་སེལ་དང་བསང་བྱས། གཤེན་ལ་སྔ་བ་ཡ་ངལ་མཚེ་གཅོ་གསུམ། བོན་ལ་སྔ་བ་སྤྱི་སྤུངས་གསང་བའི་སྐོར།” ཞེས་སོགས་རྒྱལ་གཤེན་ཡ་ངལ་ཆེན་པོའི་གདུང་རྒྱུད་ནི་བོད་ཀྱི་ལོ་རྒྱུས་ནང་ཆེས་གོ་ཐོབ་ཡོད་པའི་གདུང་རྒྱུད་རྩ་ཆེན་ཞིག་ཡིན་ལ། གདུང་རྒྱུད་རིམ་པས་བོད་རྒྱལ་རིམ་བྱོན་གྱི་སྐུ་གཤེན་དང་བློན་པོ་གནང་མྱོང་བར་མ་ཟད་གསོ་རིག་ལ་མཁས་པའི་གྲུབ་པ་ཐོབ་པ་ཡང་སྟོན་སྨན་ཚེ་ཞུ་བ་བཅས་ཞང་བོད་ཀྱི་རིག་གཞུང་ལ་བྱས་རྗེས་ཆེ་བའི་མཁས་པའང་མང་དུ་འཁྲུངས།

ཕྱི་ལོའི་སྔོན་གྱི་དུས་རབས་བདུན་པའི་ནང་བོད་རྒྱལ་གྲི་གུམ་བཙན་པོས་གཡུང་དྲུང་བོན་གྱི་བསྟན་པ་ལ་སྡང་རྐྱེན་མཛད་སྐབས། སྐུ་གཤེན་ཡ་ངལ་ཆེན་པོའང་ཐུགས་ཆད་དེ་སྤུ་ལྡེ་གུང་རྒྱལ་དང་ལྷན་རྐོང་ཡུལ་དུ་གཤེགས་ནས་བོན་རི་དམུ་རི་སྨུག་པོར་“ཡང་དགོན་མཐོང་གྲོལ་གླིང༌།”ཕྱག་བཏབ་ནས་དེར་བཞུགས་མཛད།

བོད་རྒྱལ་སྲོང་བཙན་སྒམ་པོར་མཛངས་བློན་མི་བདུན་བྱུང་བའི་ལྔ་པ་སྙགས་ཀྱི་ཕྲི་བཟང་ཡ་ངལ་ཞུ་བའང་རྒྱལ་གཤེན་ཡ་ངལ་ཆེན་པོའི་གདུང་རྒྱུད་ཡིན་ལ། རྒྱལ་པོ་ཁྲི་རལ་སྐབས་ཀྱི་སྐུ་གཤེན་ཡ་ངལ་གསས་རྒྱལ་ཞུ་བ་དང༌། གྲུབ་ཆེན་མི་ལ་རས་པའི་ཡུམ་ཡ་ངལ་བཟའ་བསམ་གཏན་སྒྲོན་མ་བྱ་བའང་རྒྱལ་གཤེན་ཡ་ངལ་གྱི་སྲས་རྒྱུད་ཡིན།

ཐོག་མར་རྒྱལ་པོ་གཉའ་ཁྲིའི་སྐུ་གཤེན་ཡ་ངལ་མཚེ་གཅོ་ཞུ་བ་ཡར་ལུང་སོག་ཁར་བཞུགས་པའི་སྐབས་ཤིག་ལ་ཞང་ཞུང་སྙན་རྒྱུད་ཀྱི་སྲུང་མ་གཙོ་བོ་རྒྱལ་པོ་ཉི་པང་སད་གཙོས་ལྷ་སྲུང་དམ་ཅན་རྒྱ་མཚོར་བཀའ་བགོས་དམ་བདར་མཛད་སྐབས་ནམ་མཁའ་ནས་བྱ་ཞིག་འཕུར་བ་གཟིགས་ཤིང༌། བྱ་དེ་གཙང་སྟོད་སྟག་རྩེ་ལ་བབས་པ་བརྡ་རྟགས་རྟེན་འབྲེལ་དུ་དགོངས་ནས་སྐུ་གཤེན་གྱིས་གཙང་སྟོད་དུ་ཡུལ་བཟུང་བའི་རྒྱུ་མཚན་ལ་བརྟེན་ཕྱིས་སུ་སྟག་རྩེ་བྱ་རི་ཞེས་ད་ལྟའང་འབོད། བྱ་དེ་སླར་ཡང་བོད་ཀྱི་ལྷོ་ངོས་ཏེ། བལ་ཡུལ་བྱང་རྒྱུད་དུ་འཕུར་བས་སྐུ་གཤེན་གྱི་ཐུགས་ལ་ཕྱིས་སུ་ཡ་ངལ་བའི་སྲས་རྒྱུད་ཀྱི་བསྟན་པ་གློ་དོལ་པོའི་ཕྱོགས་སུ་ཚུགས་པའི་ལྷ་བླའི་ལུང་བསྟན་བྱུང་བ་བཞིན་ད་ལྟའི་བར་ཡ་ངལ་གྱི་གདུང་རྒྱུད་ཟམ་མ་ཆད་པར་བྱོན།

༢༽ ཡང་སྟོན་ཆེན་པོ་ཤེས་རབ་རྒྱལ་མཚན་སོགས་ཀྱི་སྐོར།

ཡང་སྟོན་གདུང་རྒྱུད་དེ་དག་གི་ནང་ནས་ཀྱང་ཕྱི་ལོ་༡༠༧༧མེ་སྦྲུལ་ལོར་ཁྱད་དུ་འཕགས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་ཡ་ངལ་སྟོན་པ་ཤེས་རབ་རྒྱལ་མཚན་ནམ་བླ་མ་ཡང་སྟོན་ཆེན་པོ་“སྐབས་དེ་ནས་བཟུང་ཡ་ངལ་གྱི་སྟོན་པ་རིམ་བྱོན་ལ་ཡང་སྟོན་ཞེས་སུ་གྲགས་པར་མ་ཟད་ཡ་ངལ་བའི་རྒྱུད་འཛིན་རྣམས་ལ་ཡང་སྟོན་ཞེས་གྲགས་”ཞེས་ཡོངས་སུ་གྲགས་པ་དེ་འཁྲུངས་ནས་ཁོང་གིས་མཁས་པ་ཚུལ་ཁྲིམས་དཔལ་ཆེན་གྱི་མདུན་དུ་ཕྱི་མཚན་ཉིད་སྡེ་ལྔའི་བོན་ལ་སྒྲོ་འདོགས་བཅད། རྗེ་འོར་སྒོམ་ཀུན་འདུལ་དང༌། རོང་སྒོམ་རྟོག་མེད་ཞིག་པོའི་མདུན་དུ་ནང་གསང་སྔགས་ཀྱི་རིམ་པ་བླ་མེད་རྫོགས་པ་ཆེན་པོར་ཉམས་ལེན་ཕུལ་དུ་ཕྱིན་པར་མཛད་ནས་ཉམས་ཁྲིད་རྒྱས་བསྡུས་ཀྱི་གདམས་ངག་རྣམས་ཕྱོགས་གཅིག་ཏུ་དྲིལ་ཏེ་ཉམས་རྒྱུད་ཡི་གེར་ཐོག་མར་བཀོད་པ་སོགས་བསྟན་དོན་ལ་ཆེས་སྨན་པའི་མཛད་འཕྲིན་རྒྱ་ཆེར་བསྐྱངས།

ཡང་སྟོན་ཆེན་པོའི་སྐུ་ཚེའི་སྟོད་ལ་གསང་ཡུམ་བཞེས་ནས་སྲས་སུ་ཡང་སྟོན་དམ་པ་འབུམ་རྗེ་དང་ཡང་སྟོན་བཀྲ་ཤིས་རྒྱལ་མཚན་དང་ཡ་ངལ་ཇོ་ལྕམ་འཁྲུངས་ཤིང༌། དམ་པ་འབུམ་རྗེ་ནི་རྫོགས་པ་ཆེན་པོར་གྲུབ་པ་མངའ་བརྙེས་པས་བཀའ་རྒྱུད་རིག་འཛིན་དགུ་ཡི་གྲལ་དུ་འཁོད། གཅུང་བཀྲ་ཤིས་རྒྱལ་མཚན་ནམ་འགྲོ་མགོན་ཀླུ་བྲག་པ་ནི་གློ་དོལ་པོའི་ཡུལ་དུ་ཕེབས་ནས་སྐུ་ཚེའི་སྟོད་ལ་གསང་ཡུམ་བཞེས་ཤིང་ཡ་ངལ་གྱི་སྲས་རྒྱུད་སྤེལ། སྐུ་སྲས་ཡང་སྟོན་སྔགས་པ་ཞུ་བས་དོལ་པོའི་ཕྱོགས་སུ་ཡང་སྟོན་གྱི་གདུང་རྒྱུད་སྤེལ་ཀྱང་སྲས་དྲང་སྲོང་བྷ་སུ་ནས་དོལ་པོའི་ཕྱོགས་སུ་ཡང་སྟོན་གྱི་གདུང་རྒྱུད་ཆད་པར་བརྟེན། སྔ་མའི་ཡབ་མེས་འབྱོན་ཡུལ་གཙང་སྟོད་སྟག་རྩེ་བྱ་རི་ནས་ཡང་སྟོན་རྒྱལ་མཚན་རིན་ཆེན་གདན་ཞུས་གནང་ནས་ཡང་དགོན་༼བདེ་ལྡན་བསམ་གཏན་གླིང་༽ཕྱག་བཏབ་མཛད་ཅིང་ཡང་སྟོན་གྱི་གདུང་རྒྱུད་འཛིན་པའི་སྐྱེས་བུ་རིམ་གྱིས་འཕེལ་རྒྱས་སུ་གྱུར། ཡང་སྟོན་གྱི་དགོན་སྡེ་མང་དུ་མཆིས་པའི་ནང་ནས་ཐོག་མར་ཡང་སྟོན་བཀྲ་ཤིས་རྒྱལ་མཚན་གྱིས་ཕྱག་བཏབ་པའི་༼ཀླུ་བྲག་ཉི་ཞབས་དགོན་༽དང༌།

ཡང་སྟོན་རྒྱལ་མཚན་རིན་ཆེན་གྱིས་ཕྱག་བཏབ་པའི་༼བདེ་ལྡན་བསམ་གཏན་གླིང༌།༽ ཡང་སྟོན་གཙུག་ཕུད་རྒྱལ་མཚན་གྱིས་ཕྱག་བཏབ་པའི་༼སྟར་རྫོང་ཕུན་ཚོགས་གླིང༌།༽ ཡང་སྟོན་དཔལ་ལྡན་བཟང་པོས་ཕྱག་བཏབ་པའི་༼ཚྭ་དགའ་གཡུང་དྲུང་ཉི་ཤར་དགོན།༽ ཡང་སྟོན་དགེ་བཤེས་བཀྲ་ཤིས་རྒྱལ་མཚན་གྱིས་ཕྱག་བཏབ་པའི་༼ཡང་དགོན་མཐོང་གྲོལ་ཕུན་ཚོགས་གླིང་༽བཅས་སྔགས་དགོན་དང་འདུལ་དགོན་མང་དུ་འཕེལ།

 

༣༽ སྨན་རིའི་དཔོན་སློབ་རིན་པོ་ཆེའི་མཆོག་གི་མཛད་རྣམ་དངོས།

རྒྱལ་གཤེན་ཡ་ངལ་ཆེན་པོའི་གདུང་རྒྱུད་ཟམ་མ་ཆད་པར་རིམ་པར་བྱོན་པའི་ནང་ནས་ད་ལྟ་སྐུ་དངོས་སུ་བཞུགས་པ་ྋསྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནི་བལ་པོའི་བྱང་ནུབ་སྟེ་དོལ་ཕྱོགས་གྲུ་བཞི་ལས་བན་ཚང་ཚོ་གསུམ་གྱི་ནང་ཚན་ཚྭ་དགའ་བྱ་བར་ཡབ་ཡང་སྟོན་བསྟན་འཛིན་བསམ་འགྲུབ་དང༌། ཡུམ་བསྟན་འཛིན་ཆོས་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཆུ་ཡོས་༼ཕྱི་ལོ་༡༩༦༣།༡།༡༥ཉིན་༽ལོར་སྐུ་འཁྲུངས།

ཕྱི་ལོ་༼༡༩༧༥༽ནས་ཞང་པོ་པད་མ་དབང་འདུས་དང་གཅེན་པོ་བཀྲ་ཤིས་རྒྱལ་མཚན་གྱི་མདུན་ནས་ཡི་གེ་འབྲི་ཀློག་དང་ཡིག་གཟུགས་སྦྱོང་བརྡར་སོགས་ཡུན་རིང་མ་འགོར་བར་ཚེགས་མེད་དུ་མཁྱེན། དེ་ནས་ལོ་གསུམ་རིང་༼ཡང་དགོན་སྟར་རྫོང་ཕུན་ཚོགས་གླིང་༽དུ་ཡི་དམ་གསས་མཁར་མཆོག་ལྔ་གཙོས་གསང་སྔགས་ཕྱི་ནང་གསང་གསུམ་གྱི་བསྙེན་བསྒྲུབ་ལ་ལོ་གསུམ་མཚམས་ལ་བཞུགས་གནང་བ་སོགས་བོན་ཕྱོགས་ཀྱི་ཆོག་ཁྲིག་ཀུན་ལ་སྦྱང་བརྩོན་དཔྱིས་ཕྱིན་པར་མཛད།

ཕྱི་ལོ་༼༡༩༧༩༽ལོར་གཅེན་པོ་བཀྲ་ཤིས་རྒྱལ་མཚན་དང་ལྷན་རྒྱ་གར་དུ་ཕེབས་ནས་ཞྭ་དཀར་བསྟན་པའི་གཙུག་རྒྱན་ྋསྐྱབས་རྗེ་ྋརྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང༌། ྋསྨན་རིའི་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ཀྱི་མདུན་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་ཞུས་ཤིང་མཚན་དུ་འཕྲི༵ན་ལ༵ས་ཉི༵་མ༵་ཞེས་བསྩལ།

ལོ་དེར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་འཛུལ་ཞུགས་གནང་སྟེ་ྋསྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་མདུན་ནས་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་གཙོས་བོན་ཕྱི་ནང་གསུམ་གྱི་དབང་ལུང་ཁྲིད་གསུམ་དང།

དེ་བཞིན་རྩེ་དྲུག་སྒྲུབ་གྲྭའི་མཁན་པོ་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་བརྩོན་འགྲུས་རྒྱལ་མཚན་དྲུང་ནས་ཀུན་མཁྱེན་ཤར་རྫ་པའི་བཀའ་ཕལ་ཆེ་བའི་ལུང་རྒྱུན་ཐོབ། ཕྱུག་མཚོ་མཁན་རིན་པོ་ཆེ་མཆོག་གི་དྲུང་ནས་ཁྱུང་དམར་གྱི་དབང་སོགས་དབང་ལུང་ཀྱང་མང་དུ་ཐོབ། ཞར་དུ་བཅུ་ཕྲག་རིག་པའི་གནས་ཀུན་ལ་གསན་བསམ་རྒྱ་ཆེར་གནང་བར་མ་ཟད། དགེ་བཤེས་གཡུང་དྲུང་རྣམ་རྒྱལ་༼དགེ་བཤེས་བརྩོན་འགྲུས་དགོངས་འཕེལ་༽གྱི་མདུན་ནས་ཀྱང་བོན་གྱི་གཞུང་ལུགས་ཁག་གི་ཟུར་རྒྱན་དུ་གཞན་སྡེའི་དབུ་ཚད་སོགས་ལ་ཐུགས་བཞེས་ཡང་དག་གནང་བས་རང་གཞན་ཀུན་གྱི་གཞུང་ལུགས་ལ་འཆད་རྩོད་རྩོམ་གསུམ་གྱི་ཕྱག་ལས་རྩེར་སོན་དུ་གྱུར།

ཕྱི་ལོ་༼༡༩༨༩།༢།༢༡༽ཉིན་ྋདཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་ཆེན་མོར་བཀའ་པོད་རྒྱ་མཚོའི་གཞུང་ལ་དམ་བཅའི་ངག་རྒྱུགས་དང་རྩོད་རྒྱུགས་སྔ་རྗེས་སུ་གནང་རྗེས་བཀྲ་ཤིས་དམ་འཇོག་གནང་མཛད་ཅིང༌། མཐར་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་བཟང་ལྷ་ཡི་ཅོད་པཎ་སྤྱི་བོར་བཞེས།  དེ་ནས་བཟུང་ལོ་གསུམ་རིང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཚན་ཉིད་རྒན་ལགས་ཀྱི་ཐུགས་འགན་བཞེས།

ཕྱི་ལོ་༼༡༩༩༢༽ལོར་ྋསྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དང་ྋཡོངས་འཛིན་དཔོན་སློབ་རྣམ་གཉིས་ཀྱིས་ྋསྨན་རིའི་དཔོན་སློབ་ཀྱི་ཐུགས་འགན་བཞེས་དགོས་པའི་བཀའ་བབ་དམ་ཚིག་ཟབ་མོའི་འབྲེལ་བ་དབུ་ཐོག་ཏུ་ཕབ་པར་བརྟེན་ལོ་དེའི་བོད་ཟླ་དང་པོའི་ཚེས་ལྔ་སྟེ་ྋརྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་དང་བསྟུན་ྋསྐྱབས་རྗེ་མཁན་སློབ་རྣམ་གཉིས་དབུ་བཞུགས་ཐོག་བོན་འབངས་སེར་སྐྱ་ལྷན་རྒྱས་ཀྱིས་ྋསྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གི་བཞུགས་ཁྲིར་མངའ་གསོལ་ཞུས།

དེ་ནས་བཟུང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཛད་འགན་ཆ་ཚང་བཞེས་ཏེ། མདོ་སྔགས་སེམས་གསུམ་གྱི་གཞུང་ཁྲིད་རྒྱ་ཆེར་གནང་ཞིང་སློབ་མཐར་སོན་པའི་དགེ་འདུན་པ་བཅུ་གྲངས་བརྒྱད་ལྷག་ལ་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་བརྟག་གནང་བར་མ་ཟད། ད་ལྟའི་བར་རྒྱལ་ཁབ་ཕྱི་ནང་ཀུན་གྱི་མི་རིགས་ལ་དབྱེ་འབྱེད་དང་དབུལ་ཕྱུག་བར་གཟིགས་ཕྱོགས་གང་ཡང་མ་མཛད་པར་ཐུགས་སྤྲོ་སྤྲོའི་ངང་ནས་བོན་གྱི་དབང་ལུང་ཁྲིད་གསུམ་གྱི་གདམས་པ་ཟབ་མོས་གདུལ་བྱའི་སེམས་རྒྱུད་རབ་ཏུ་ཚིམས་པར་གནང་། རིན་པོ་ཆེ་མཆོག་གིས་སྔ་ཕྱིར་ཕྱིའི་སྐད་ཡིག་ལའང་ཐུགས་གཙིགས་གང་དྲགས་གནང་བར་བརྟེན་༼༡༩༩༤༽ལོར་རྒྱལ་སྤྱིའི་བོད་རིག་པའི་ཉམས་ཞིབ་པ་༼Donatella Rossi༽ལགས་དང་ལྷན་བསྒྲགས་པ་སྐོར་གསུམ་གྱི་ནང་ནས་༼ལྟ་བ་སེང་གེ་སྒྲ་སྒྲོགས་དང་ལྟ་བ་ལ་ཤན་སྒྲོན་མེ།༽ཡང་རྩེ་ཀློང་ཆེན་གྱི་ནང་ནས་༼ངེས་དོན་ལྟ་བའི་སྐོར་དང་རྒྱུད་བུ་ཆུང་བཅུ་གཉིས་༽བཅས་དབྱིན་སྐད་དུ་༼THE PHILOSOPHICAL VIEW OF THE GREAT PERFECTION IN THE TIBETAN BON RELIGION༽ཐོག་མར་བསྒྱུར།

ཕྱི་ལོ་༼༡༩༩༥༽ལོར་ཡབ་གཞིས་སུ་ཞབས་སོར་བཀོད་ནས་ལས་ལྡན་སྐྱེ་བོ་དུ་མར་དབང་ལུང་ཁྲིད་གདམས་ཀྱི་མན་ངག་བཀའ་དྲིན་བསྩལ་རྗེས་བལ་ཡུལ་ནས་མཁའ་ལམ་བརྒྱུད་རྒྱ་གར་དུ་འབྱོར་ཅིང་ཐོབ་རྒྱལ་གསར་པར་སྐྱ་སེར་ཀུན་གྱིས་ཕེབས་བསུ་རྒྱ་ཆེར་ཞུས། ལོ་དེའི་ཟླ་བ་བཅུ་གཅིག་པའི་ནང་ཆོས་ཚོགས་ཐེངས་ལྔ་པར་གཡུང་དྲུང་བོན་གྱི་བླ་ཆེན་གྱི་སྐུ་ཚབ་གནང་སྟེ་ྋགོང་ས་མཆོག་ལ་མཇལ་ཁ་ཞུས་ཤིང་བསྟན་དོན་ལ་སྨན་པའི་བཀའ་བགྲོས་ཐེངས་དུ་མར་མཛད།

ཕྱི་ལོ་༼༡༩༩༦༽ལོར་གླིང་ཚང་གཞིས་ཆགས་སུ་ཡོད་པའི་༼རྫ་སྨོན་རྒྱལ་གཡུང་དྲུང་གླིང༌།༽གི་གཙུག་ལག་ཁང་ཆེན་མོ་དབུ་འཛུགས་ཆེད་ལྷ་སྡེ་ཡོངས་ཀྱིས་གསོལ་བ་བཏབ་པའི་རེ་འབྲས་སུ་ལྡེ་ར་ལྡུན་དུ་ཕེབས་ནས་ཐུན་མིན་བོན་གྱི་གཞུང་དོན་དང་བསྟུན། ས་འདུལ་དང་ས་དཔྱད་སོགས་ཆོ་གའི་རིམ་པ་རྣམས་ལེགས་པར་བསྐྱངས་ཤིང་ྋརིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་ཟབ་མོའི་བཀའ་དྲིན་དང་བྱིན་མཐུ་ལ་བརྟེན་ནས་༼༢༠༠༠༽ལོར་ལེགས་གྲུབ་བྱུང༌། དགུང་གྲངས་སོ་ལྔ་ཕྱི་ལོ་༼༡༩༩༧༽ལོར་ཕྱི་རྒྱལ་དུ་ཡོད་པའི་ཆོས་ཚོགས་ཀརྨ་གླིང་ནས་གདན་ཞུས་གནང་དོན་ལྟར་༼France༽ལ་ཕེབས་ཏེ་༼ཏ་པི་ཧྲི་ཙའི་སློབ་གཉེར་ཁང་༽ གསར་འཛུགས་གནང༌། དེ་སྐབས་༼གནའ་བོའི་འཛམ་གླིང་གི་ཆོས་ལུགས་ཚོགས་ཆེན་༽ཐོག་མི་མང་སྟོང་ཕྲག་བརྒྱད་ལྷག་ལ་བོན་གྱི་ཆོས་དང་རིག་གཞུང་སྐོར་ངོ་སྤྲོད་ཟབ་ཅིང་རྒྱས་པར་མཛད། སྐབས་དེར་ཚོགས་འདུར་དངོས་སུ་ཞུགས་པའི་ཁྲོད་བོད་རིགས་ནི་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་རིན་པོ་ཆེ་རྣམ་གཉིས་ལས་གཞན་མེད།

ཕྱི་ལོ་༼༡༩༩༨༽ལོར་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པ་༼Henk Blezer༽ ལགས་དང་ལྷན་ཤར་རྫའི་སྐུ་གསུམ་རང་ཤར་ལས་༼ཐོད་རྒལ་སྣང་བཞིའི་ཉམས་ལེན་ངོ་མཚར་སྣང་བའི་ལྟད་མོ་༽ཞེས་བྱ་བ་དབྱིན་སྐད་དུ་བསྒྱུར།

ཕྱི་ལོ་༼༢༠༠༠༽ལོར་ཨ་རིར་ཡོད་པའི་བོན་གྱི་ཆོས་ཚོགས་ལིག་མིན་རྐྱའི་དགེ་ལས་ཐུན་མོང་ནས་གསོལ་བ་བཏབ་དོན་ལྟར་ཨ་རིར་ཕེབས་ཤིང་ཨ་རིའི་བོད་སྐད་རྒྱང་བསྒྲགས་ལས་ཁང་དུ་བོན་གྱི་ཆོས་རིག་སྐོར་གསལ་བསྒྲགས་གནང་བ་སོགས་གྲོང་ཁྱེར་འདྲ་མིན་དུ་ཕེབས་ནས་བོན་སྤྱོད་སྙིང་པོ་རྣམ་གསུམ་གཙོས་བོན་སྤྱོད་འཕགས་པའི་ཡན་ལག་སྐོར་ཞལ་གདམས་སྣ་ཚོགས་མཛད།

ལོ་དེའི་ཟླ་བ་བདུན་པའི་ནང་དོལ་པོ་སྐྱིད་སྡུག་ཚོགས་པས་གདན་ཞུའི་གསུང་འཕྲིན་ཕུལ་བ་གཞི་བཟུང་གིས་༼ཤེལ་གྱི་རི་བོ་འབྲུག་སྒྲའི་༽གནས་དུས་དང་བསྟུན། བལ་བོད་མི་མང་ཆིག་ཁྲི་ལྷག་ལ་ཚེ་དབང་བྱ་རི་མའི་དབང་ལུང་གནང་ཞིང་གནས་སྐོར་གྱི་བཤད་པ་དང་འབྲེལ་བླང་དོར་ལམ་སྟོན་གྱི་ཞལ་གདམས་ལྷུག་པར་མཛད། དེར་ཡོད་རྙིང་མའི་དགོན་སྡེ། གནས་གསར་དགོན་སོགས་ཀྱིས་གདན་ཞུས་གནང་ནས་མཎྡྲལ་སྐུ་གསུང་ཐུགས་གསུམ་ གྱི་བརྟན་བཞུགས་ཕུལ་བ་དང༌། ཡང་དགོན་བསམ་གཏན་གླིང་དང༌། པད་མོ་དགོན། སྲིབ་ཕྱོགས་དགོན། ཀླུ་བྲག་དགོན། མཐའ་སྲུང་དགོན། ཏ་པི་ཧྲི་ཙའི་སློབ་གྲྭ། གངས་ཅན་སྨན་ཁང་སོགས་ཚོགས་སྡེ་བཅུ་གྲངས་ལྷག་གིས་ཕེབས་བསུ་ཞུས་པར་མ་ཟད་བཀའ་བརྟེན་འགྱུར་གྱི་དཀར་ཆག་གང་དུའང་མ་གསལ་བའི་བོན་གྱི་ཡིག་རྙིང་དཔེར་ན་༼མེ་སྟོན་གྱིས་མཛད་པ་བྱང་སེམས་གབ་པའི་འགྲེལ་པ།༽སོགས་ཡིག་རྙིང་ཐོར་བུ་དུ་མ་ཞིག་གནའ་བོའི་དགོན་རྙིང་ཁག་གི་ཐལ་རྡུལ་ཁྲོད་ནས་རྙེད་སོན་བྱུང༌། ཉིན་ཤས་རྗེས་ྋརིན་པོ་ཆེ་སྐུ་འཁོར་ལྷན་རྒྱས་འཛོམས་གསུམ་བརྒྱུད་བལ་ཡུལ་ཁྲི་བརྟན་ནོར་བུའི་རྩེའི་གྲྭ་མང་གིས་ཕེབས་བསུའི་སེར་ཕྲེང་གི་སྣེ་བསྒྲིགས་ནས་གཟིམ་ཆུང་དུ་གདན་ཞུས་གནང༌།

ཕྱི་ལོ་༼༢༠༠༡༽ལོར་ཨ་རིར་ཡོད་པའི་མཐོ་སློབ་༼Mary Hurst University༽དང་༼Portland State University༽གཉིས་ནས་གདན་ཞུའི་འཕྲིན་ཡིག་ཕུལ་དོན་ལྟར་མཐོ་སློབ་ཏུ་ཕེབས་ནས་དབྱིན་ཇིའི་སྐད་ཡིག་ལ་སྐྱར་སྦྱོང་མཛད་ཅིང་མཐོ་རིམ་སློབ་གྲྭའི་ཕྱག་འཁྱེར་གཟེངས་རྟགས་བཞེས། དམིགས་བསལ་བདུན་རེའི་ནང་མཐོ་སློབ་ཁང་གཉིས་ཀྱི་དགེ་སློབ་ཐུན་མོང་ལ་བོན་གྱི་ཆོས་དང་བོད་ཀྱི་རིག་གཞུང་སྐོར་སློབ་ཁྲིད་བསྐྱངས་ཤིང༌། སྐབས་དེར་མཁས་དབང་ནམ་མཁའི་ནོར་བུ་དང་ལྷན་བདུན་ཕྲག་གཅིག་རིང་བོན་གྱི་སྐོར་བགྲོ་གླེང་བསྟུད་མར་མཛད།

སླར་ཡང་ཕྱི་ལོ་༼༢༠༠༢༽ལོར་ཨ་རིར་ཕེབས་ནས་༼Rice University༽མཐོ་སློབ་ཁང་སོགས་སློབ་གྲྭ་འགར་བོན་གྱི་ལོ་རྒྱུས་སྤྱི་གླེང་དང་། བོན་གྱི་ཚོགས་སྡེ་བཅུ་ཕྲག་ཁ་ཤས་ལ་འབྱུང་བ་ལྔའི་སྐོར་གཙོས་ཞལ་གདམས་ཁྲིད་ལུང་གནང་རྗེས་ྋདཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཞབས་སོར་བཀོད། ལོ་དེའི་ཟླ་བ་དང་པོའི་ནང་སླར་ཡང་ཝཱ་ར་ན་སིར་ཆོས་རྒྱུད་ཆེན་པོ་ལྔའི་ཚོགས་ཆེན་ཐོག་གཡུང་དྲུང་བོན་གྱི་ྋབླ་ཆེན་གྱི་སྐུ་ཚབ་གནང་རྗེས་བཞུགས་གནས་སུ་ཞབས་བཅགས།

 

ཕྱི་ལོ་༼༢༠༠༣༽ལོའི་ཕྱི་ཟླ་དང་པོའི་ནང་ཝར་ཎའི་“ཆོས་ཚོགས་ཐེངས་བརྒྱད་པར་”བོན་གྱི་སྐུ་ཚབ་མཛད་དེ་ཕེབས། སྐབས་དེར་ཝར་ཎའི་གཡུང་དྲུང་བོན་གྱི་དགེ་སློབ་རྣམས་ལ་ཤེས་རབ་སྨྲ་བའི་སེང་གེའི་བཀའ་དབང་བསྩལ།  གཞན་ཡང་ལོ་དེར་Hollandརྒྱལ་ཁབ་ཏུ་གནས་གཞི་བྱས་པའི་International Institute for Asian Studies Liedin university ནས་ཆེད་དུ་གདན་འདྲེན་ཞུས་བཞིན་བོད་རིག་པའི་ཞིབ་འཇུག་པ་ Henk Blezer ལ་ཞང་ཞུང་སྙན་རྒྱུད་ཀྱི་བླ་མ་རྒྱུད་པའི་ལོ་རྒྱུས་དང་སྒྲོན་མ་དྲུག་སོགས་དབྱིན་སྐད་དུ་བསྒྱུར་རོགས་དང་བོན་གྱི་སྐོར་སློབ་སྟོན་ཆེད་ཟླ་བ་གཅིག་རིང་མཐོ་སློབ་དེར་བཞུགས། ཕྱི་ཟླ་བརྒྱད་པའི་ནང་ཨ་རིར་ཆིབས་བསྒྱུར་གནང་སྟེ་གྲོང་ཁྱེར་ཆེ་ཁག་བཅུ་ཙམ་གྱི་ནང་བོན་གྱི་སྔོན་འགྲོ་དང་འབྱུང་བ་ལྔ་ཡི་སྐོར་ལ་བཀའ་ཁྲིད་གནང་ཏེ་ཟླ་བ་གཉིས་རིང་བཞུགས།  དེ་ནས་ཕྱི་ཟླ་དགུ་བའི་ནང་དབྱིན་ཡུལ་དུ་གཏན་གཞི་བྱས་པ་བླ་མ་ཁྱིམ་གསར་ཕུན་ཚོགས་བཀྲ་ཤིས་ལགས་ཀྱིས་གསར་འཛུགས་གནང་བའི་གཡུང་དྲུང་བོན་གྱི་སློབ་གཉེར་ཁང་ནས་གདན་འདྲེན་ཞུས་དོན་བཞིན་དེ་གའི་སློབ་མ་རྣམས་ལ་བོན་ཁྲིད་མཛད་དེ་ཉིན་གྲངས་བཅུ་ཙམ་བཞུགས། ལོ་དེའི་ཕྱི་ཟླ་ ༡༠ པའི་ནང་ Russia ཨུ་རུ་སུའི་བོན་གྱི་སློབ་མ་རྣམས་ནས་གདན་འདྲེན་ཞུས་དོན་བཞིན་རྒྱལ་ས་ Moscow མོ་སུ་ཁོ་དང་། Saint Petersburg སེན་ཌ་པི་ཌར་བྷག་སོགས་སུ་བོན་ཁྲིད་ཉིན་ཉི་ཤུ་ཙམ་རིང་གནང་།  སྐབས་དེར་གྲོང་ཁྱེར་དེ་ཡི་གཟུགས་མཐོང་བརྙན་འཕྲིན་ཁག་ཅིག་ནས་བོན་གྱི་སྐོར་ལ་བཅར་འདྲི་སོགས་ཞུས་ཏེ་སྤྱི་ཁྱབ་རྒྱང་བསྲིང་བྱས།

ཕྱི་ལོ་༼༢༠༠༤༽ལོའི་ཕྱི་ཟླ་ལྔ་པ་དང་དྲུག་པ་བཅས་ཟླ་བ་གཉིས་རིང་ཨ་རིའི་གྲོང་ཁྱེར་ཆེ་གྲས་ཁག་བཅུ་ཙམ་གྱི་ནང་བོན་ཕྱོགས་ཀྱི་བཀའ་ཁྲིད་ཟབ་རྒྱས་གནང་། དེ་ནས་ཕྱི་ཟླ་བདུན་པའི་ནང་ཙམ་ལ་ཕ་རན་སི་ France གཙོས་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་འགར་ཡང་བོན་ཕྱོགས་ཀྱི་བཀའ་ཁྲིད་གནང་བར་ཕེབས། ཕ་རན་སིའི་ལྷོ་ཕྱོགས་སུ་“རྫོགས་ཆེན་བསམ་གཏན་གླིང་”ཞེས་པའི་བོན་ཚོགས་ཞིག་ཀྱང་གསར་འཛུགས་གནང་། ཕྱི་ཟླ་བརྒྱད་པའི་ནང་ཨུ་རུ་སུའི་རྒྱལ་ས་ཆེ་གྲས་ཁག་ཅིག་ལ་བོན་ཁྲིད་གནང་བར་ཡང་ཕེབས། ཕྱི་ཟླ་དགུ་བའི་ནང་གདན་ས་སྨན་རིའི་གླིང་དུ་ཞབས་འཁོད་ཀྱིས་རིན་པོ་ཆེ་མཆོག་གིས་དབུས་བཤད་སྒྲུབ་མཁན་སློབ་གཉིས་བཅས་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་རྣམས་ལ་དེང་དུས་དང་མཐུན་པའི་རྒྱུགས་སྤྲོད་བྱ་ཕྱོགས་སྐོར་ལ་བཀའ་གྲོས་མཛད་དེ་ཡིག་རྒྱུགས་སྐོར་གྱི་ལས་གཞི་སོགས་གཏན་འབེབས་ཐོག་མར་མཛད།  ལོའི་དེའི་དགུན་ཁར་ཞག་ཞེ་དགུའི་རིང་མུན་མཚམས་ལ་བཞུགས།

ཕྱི་ལོ་༼༢༠༠༥༽ལོར་དགེ་བཤེས་བསྟན་འཛིན་དབང་རྒྱལ་གྱིས་བཙུགས་པའི་བོན་ཚོགས་ལིག་མི་རྐྱ་སོགས་བོན་གྱི་ཚོགས་སྡེ་ཁག་ཅིག་གིས་རེ་བསྐུལ་གདན་ཞུས་ལྟར་ཕྱི་ཟླ་གསུམ་པ་ནས་བཟུང་སྟེ་ཟླ་བ་གསུམ་རིང་ཨ་རིའི་གྲོང་ཁྱེར་ཁག་ཅིག་ལ་ཕེབས།  སྐབས་དེར་ཨ་རིའི་མཐོ་སློབ་ཁག་ཅིག་ལ་བོན་གྱི་ལོ་རྒྱུས་ཀྱིས་མཚོན་པའི་ནང་སེམས་ཀྱི་ཉམས་ལེན་ལ་བརྟེན་ནས་སེམས་ཞི་བདེ་བཟོ་ཐབས་སོགས་ཀྱི་སྐོར་ལ་ཡང་བཀའ་སློབ་ཟབ་རྒྱས་གནང་།  དེ་ནས་ཕྱི་ཟླ་དྲུག་པའི་ནང་ཧྥ་རན་སིར་གཏན་གཞི་བྱས་པའི་“རྫོགས་ཆེན་བསམ་གཏན་གླིང་”དང་དེ་བཞིན་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཅིག་ལ་བོན་ཕྱོགས་ཀྱི་བཀའ་ཁྲིད་ཆེད་དུ་ཕེབས།

ཕྱི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་རྡ་སར་ཡོད་པའི་“བོད་ཀྱི་ཆེས་མཐོའི་སྨན་པའི་ལྷན་ཚོགས་”ནས་སྐུ་མགྲོན་གཙོ་བོར་གདན་ཞུས་བྱུང་བ་བཞིན། དེ་གར་ཆེད་ཕེབས་ཀྱིས་བོད་སྨན་གྱི་ལོ་རྒྱུས་དང་བོད་སྨན་གྱིས་ཕན་ཡོན་ལ་སོགས་ཀྱི་སྐོར་ལས་འཕྲོས་ཏེ་གསུང་བཤད་ཟབ་རྒྱས་གནང་།  ཕྱི་ཟླ་དགུ་པའི་ནང་དབྱིན་ལན་དུ་ཡོད་པའི་བླ་མ་ཁྱིམ་གསར་གྱིས་བོན་ཚོགས་ནས་གདན་འདྲེན་ཞུས་དོན་བཞིན་དེ་གར་ཕེབས་ཏེ་ཉིན་གྲངས་བཅུ་ཡི་རིང་བོན་ཁྲིད་སོགས་མཛད།  དེ་ནས་ཕྱི་ཟླ་དགུ་པའི་ཚེས་༡༩་ནས་ཉིན་གྲངས་བཅུ་ཡི་རིང་ཧྥ་རན་སིར་ཡོད་པའི་ཁོང་གི་བོན་ཚོགས་རྫོགས་ཆེན་བསམ་གཏན་གླིང་དུ་དེ་གའི་སློབ་མ་རྣམས་ལ་ཉམས་ལེན་སོགས་ཀྱི་བཀའ་ཁྲིད་གནང་།

ཕྱི་ལོ་༼༢༠༠༦༽ལོའི་ཕྱི་ཟླ་གསུམ་པའི་ནང་བལ་ཡུལ་དུ་ཡོད་པའི་རྟ་མང་བོན་པོའི་སློབ་གྲྭ་ནས་མགྲོན་འབོད་ཞུས་དོན་ལྟར་དེ་གར་ཆེད་ཕེབས་ཀྱིས་སློབ་ཕྲུག་མི་མང་བཅས་ལ་ཚེ་དབང་གི་བཀའ་དབང་བསྐུར། སློབ་གྲྭར་རོགས་མགོན་སོགས་ཀྱང་གང་འཚམས་གནང་།  ཕྱི་ཟླ་བཞི་པའི་ནང་ཝར་ཎ་མཐོ་སློབ་ནས་མགྲོན་འབོད་གདན་ཞུས་བཞིན་དེ་གར་བཅར་ནས་བོན་གྱི་དགེ་རྒན་བསྐོ་བཞག་གི་རྒྱུགས་སྤྲོད་བླངས།

དེ་ནས་ཕྱིར་ཕེབས་ཀྱིས་བོན་གཞིས་བཙུན་དགོན་རདྣ་སྨན་གླིང་གི་བཙུན་མ་ཚོར་ཟླ་བ་གསུམ་གྱི་རིང་ཨ་ཁྲིད་ཀྱི་སྔོན་འགྲོའི་བཀའ་ཁྲིད་སོགས་གནང་།  ཕྱི་ཟླ་དྲུག་པའི་ཚེས་༡༦་ཉིན་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེའི་བཀའ་དགོངས་བཞིན་རིན་པོ་ཆེ་མཆོག་གིས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་རྣམས་ལ་བདུན་རེར་བཤད་ཁྲིད་གླེང་སྟེགས་ཅེས་པའི་སྲོལ་གསར་བཏོད་གནང་།  ཕྱི་ཟླ་དྲུག་པའི་ཚེས་༢༥་ཉིན་རྡ་སར་ཆོས་ཚོགས་ཐེངས་དགུ་པའི་ཚོགས་འདུར་གཡུང་དྲུང་བོན་གྱི་སྐུ་ཚབ་མཛད་དེ་ཆེད་ཕེབས་གནང་། ཕྱི་ཟླ་བརྒྱད་པ་ནས་ཟླ་བ་གཅིག་དང་ཕྱེད་ཀའི་རིང་ཨ་རིའི་གྲོང་ཁྱེར་ཆེ་ཁག་ཏུ་ཡོད་པའི་བོན་ཚོགས་ལིག་མི་རྐྱ་དང་། གཡས་རུ་བོན་གྱི་སྒྲུབ་སྡེ། ཁྱུང་རྫོང་འོད་གསལ་གླིང་ལས་སོགས་བོན་ཚོགས་ཁག་གིས་མགྲོན་འབོད་ཞུས་པ་བཞིན་བོན་ཁྲིད་ཀྱི་མཛད་འཕྲིན་བསྐྱངས།  ཕྱི་ཟླ་བཅུ་པའི་ནང་ཧྥ་རན་སུའི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་ཏུའང་བོན་ཁྲིད་སོགས་མཛད་འཕྲིན་ལེགས་པར་གྲུབ།

ཕྱི་ལོ་༼༢༠༠༧༽ལོའི་ཕྱི་ཟླ་དང་པོའི་ཚེས་༤་ཉིན་སློབ་དཔོན་རིན་པོ་ཆེ་ལགས་ནས་དབུ་ཁྲིད་ཀྱིས་༧གདན་ས་སྨན་རིའི་གླིང་གི་སློབ་གཉེར་བ་རྣམས་ལ་ཡིག་རྒྱུགས་ཀྱི་སྒྲིག་གཞི་གསར་བཟོས་གནང་བ་བཞིན་ཚོད་བལྟའི་ཡིག་རྒྱུགས་ཐེངས་དང་པོ་བཏང་། ཕྱི་ཟླ་དང་པོའི་ཚེས་༣༡་ཉིན་བལ་ཡུལ་དུ་བལ་ཡུལ་བོན་པོ་ཚོགས་པ་གསར་འཛུགས་དང་འབྲེལ་བའི་ཚོགས་འདུ་ལ་ཕེབས་གནང་མཛད།

ལོ་དེར་༧གོང་ས་མཆོག་གདན་ས་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དབུ་འབྱེད་ལ་ཕེབས་རྒྱུའི་སྐོར་ལ་གྲྭ་སྒྲིག་དང་སྐབས་དེར་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་ནས་༧གོང་ས་མཆོག་ལ་འབུལ་རྒྱུའི་མཎྜལ་གྱི་བཤད་པ་ཞིག་འབྲི་དགོས་ཞེས་བཀའ་ཕེབས་པ་བཞིན་སློབ་དཔོན་རིན་པོ་ཆེ་མཆོག་གིས་མཛད་པའི་ཚིག་དོན་གྱི་བཤད་པ་ཟབ་ཅིང་བརླིང་བ་དེ་དཔེ་དེབ་འདིའི་དབུ་རུ་བཞུགས་ཡོད།

ཕྱི་ཟླ་བཞི་པའི་ཚེས་༤ཉིན་སོ་ལན་གྲོང་ཁྱེར་གྱི་གནམ་ཐང་དུ་༧གོང་ས་མཆོག་གདན་འདྲེན་ཞུ་བར་ཆེད་ཕེབས་གནང་།  ཕྱི་ཟླ་དྲུག་པའི་ཚེས་གཅིག་ནས་ཚེས་༡༡བར་ཡུ་རོབ་ Poland རྒྱལ་ཁབ་ཏུ་གཏན་གཞི་བྱས་པའི་Garuda བོན་ཚོགས་ནས་མགྲོན་འབོད་གདན་ཞུས་བཞིན་དེར་ཕེབས་ཏེ་མ་ཏྲི་དང་སྐྱབས་འགྲོ་སོགས་ཀྱི་བཀའ་ཁྲིད་དང་མི་གྲངས་བརྒྱ་མ་ཟིན་ཙམ་ཞིག་ལ་སྐྱབས་འགྲོའི་སྡོམ་པ་ཡང་གནང་།  ཕྱི་ཟླ་བདུན་པའི་ཚེས་༡༡ཉིན་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་བལ་ཡུལ་ནས་རྒྱ་གར་སྨན་རིར་ཕེབས་པའི་ཕེབས་བསུའི་སྐབས་རིན་པོ་ཆེ་མཆོག་སྐུ་འཁོར་གྱིས་གྲོང་ཁྱེར་ཅན་དྷི་གར་ནས་ཕེབས་བསུ་ཞུས། ཕྱི་ཚེས་༡༤་ཉིན་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ལ་མཎྜལ་བརྟན་བཞུགས་བསྟར་ཕུལ་ཞུས།

 

ཕྱི་ལོ་༼༢༠༠༨༽ལོའི་ཕྱི་ཟླ་ལྔ་པའི་ནང་ནུབ་ཕྱོགས་རྒྱལ་ཁབ་པོ་ལན་ཊིར་བྱམས་མ་གླིང་ཞེས་པའི་བོན་ཚོགས་སུ་དེ་གའི་དགེ་སློབ་རྣམས་ལ་ཉིན་བཅོ་ལྔའི་རིང་བྲུ་རྒྱལ་བའི་ཕྱག་ཁྲིད་ལས་སྔོན་འགྲོ་ལས་སོགས་ཀྱི་བོན་ཁྲིད་མཛད།  ཕྱི་ཟླ་དགུ་བའི་ནང་ཟླ་བ་གཅིག་དང་ཕྱེད་ཀའི་རིང་ཨ་རིའི་གྲོང་ཁྱེར་ཆེ་ཁག་བཅོ་ལྔ་དང་མཐོ་སློབ་ལས་སོགས་ལ་བོན་ཕྱོགས་ཀྱི་བཀའ་ཁྲིད་དང་བོན་གྱི་ལོ་རྒྱུས་སོགས་ཀྱི་སྐོར་ལ་འཆད་ཁྲིད་དང་བཀའ་སློབ་ཟབ་རྒྱས་གནང་།  དེ་ནས་ཕྱི་ཟླ་བཅུ་པའི་ཚེས་༢༠་ནས་ཉིན་གྲངས་བཅུ་ཡི་རིང་ཧྥ་རན་སུ་ལ་ཡོད་པའི་བོན་གྱི་ཚོགས་སྡེ་རྫོགས་ཆེན་བསམ་གཏན་གླིང་དུ་བཀའ་ཁྲིད་མཛད།

དེ་ནས་ཕྱི་ཟླ་བཅུ་གཅིག་པའི་ཚེས་༢༩་ཉི་ཝར་ཎ་བོད་ཀྱི་མཐོ་སློབ་ནས་མགྲོན་འབོད་གདན་ཞུས་བཞིན། གཡུང་དྲུང་བོན་གྱི་དགེ་རྒན་མི་འགྲོ་རྣམས་ལ་རྒྱུགས་ལེན་དུ་ཕེབས། དེར་ཡོད་བོན་གྱི་དགེ་སློབ་ཡོངས་ལ་བཀའ་སློབ་ལམ་སྟོན་དང་མང་ཇ་དང་སྐུ་འགྱེད་སོགས་རྒྱས་འབུལ་ཞུས།  ཕྱི་ཟླ་བཅུ་གཉིས་པའི་ཚེས་༢༧ཉིན། བཙན་བྱོལ་བོད་གཞུང་ཆོས་རིག་ལྷན་ཁང་ནས་ཆོས་ཚོགས་ཐེངས་བཅུ་པར་ཕེབས་དགོས་ཀྱི་མགྲོན་བརྡ་འབྱོར་བ་བཞིན་ཆེད་ཕེབས་གནང་།

ཕྱི་ལོ་༼༢༠༠༩༽ལོའི་ཟླ་དང་པོའི་ཚེས་༢༦་ཉིན་གདན་ས་སྨན་རིར་སྒྲུབ་ཆེན་ཐེངས་གཉིས་པ་ཚོགས་ཤིང་སློབ་དཔོན་རིན་པོ་ཆེ་མཆོག་གིས་དེ་ཡི་སྒྲུབ་དཔོན་མཛད།  དེ་ནས་ཕྱི་ཟླ་གཉིས་པའི་ཚེས་༡༢་ཉིན་བལ་ཡུལ་བོན་པོ་ཚོགས་པ་དབུ་འབྱེད་ཀྱི་མཛད་སྒོར་ཕེབས་དགོས་ཀྱི་མགྲོན་བརྡ་ཕུལ་བ་བཞིན་ཆེད་ཕེབས་ཀྱིས་ཚོགས་འདུར་ཞུགས།  ཕྱི་ཚེས་༡༦་ཉིན་བལ་ཡུལ་རྒྱལ་ཡོངས་རླུང་འཕྲིན་ཁང་Kanthipurཟེར་བའི་གསར་ཤོག་དང་རླུང་འཕྲིན་ཁང་ནས་བོན་གྱི་སྐོར་དང་འཁྲུངས་ཡུལ་དོལ་པོའི་སྐོར་སོགས་ལ་དྲི་བ་དྲིས་ལན་གནང་།  ཕྱི་ཟླ་གཉིས་པའི་ཚེས་༢༠་ཉིན་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་ལྷན་དུ་བོན་གྱི་བཙུན་མར་དགེ་སློང་མ་ཡི་སྡོམ་པ་གནང་རྒྱུའི་སྐོར་ལ་བཀའ་མོལ་ཞིབ་ཕྲ་མཛད།  ཕྱི་ཟླ་གཉིས་པའི་ཚེས་༢༡ཉིན་བལ་ཡུལ་ཁྲི་བརྟན་ནོར་བུ་རྩེའི་མཁན་རིན་པོ་ཆེ་མཆོག་དང་དཔོན་སློབ་རིན་པོ་ཆེ་ལས་སོགས་དང་ལྷན་དུ་རྒྱ་གར་སྨན་དགོན་དང་བལ་ཡུལ་ཁྲི་བརྟན་ནོར་རྩེ་གཉིས་ཀྱི་གྲྭ་རྒྱུན་ཕར་ཚུར་འཛུལ་ཕྱོགས་ཀྱི་སྐོར་ལ་བཀའ་མོལ་ཞིབ་ཕྲ་གནང་།  ཕྱི་ཟླ་བཞི་པའི་ཚེས་༢༡་ཉིན་ནུབ་ཕྱོགས་རྒྱལ་ཁབ་ Holland ཧོ་ལན་ཊི་ལ་ཡོད་པའི་IIASམཐོ་སློབ་ནས་མགྲོན་འབོད་བཞིན་དེ་གར་ཕྱིན་ཏེ་བོད་རིག་པའི་ཞིབ་འཇུག་པ་Henk Blezer དང་ཨ་ཅརྱ་སྐལ་བཟང་ནོར་བུ་བཅས་དང་ལྷན་དུ་བོན་གྱི་ལོ་རྒྱུས་ཀྱི་སྐོར་ལ་བགྲོ་གླེང་དང་བོན་དཔེ་འགའ་དབྱིན་སྐད་དུ་བསྒྱུར་བའི་ལས་དོན་བཅས་ཉིན་བཅུ་ཡི་རིང་དེར་བཞུགས།

དེ་ནས་ཕྱི་ཟླ་བཞི་པའི་ཚེས་༢༥་ནས་ཕྱི་ཟླ་དྲུག་པའི་ཚེས་༡༠་བར་ཨ་རིའི་གྲོང་ཁྱེར་ཆེ་ཁག་བཅོ་ལྔ་ཙམ་དང་མཐོ་སློབ་ཁག་ཅིག་ལ་བོན་ཁྲིད་དང་བོན་དང་འབྲེལ་བའི་ལོ་རྒྱུས་སོགས་ཀྱི་བཀའ་ཁྲིད་གནང་།  ཕྱི་ཟླ་དྲུག་པའི་ཚེས་༡༡་ནས་ཕྱི་ཚེས་༢༠་བར་ Mexico མེག་སི་ཁོ་ཡི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཆེ་ཁག་གསུམ་ཙམ་ལ་བོན་ཁྲིད་སོགས་གནང་།  ཕྱི་ཟླ་དྲུག་པའི་ཚེས་༢༣་ནས་༣༠་བར་དུ་ནུབ་ཕྱོགས་རྒྱལ་ཁབ་ Poland པོ་ལན་ཊི་དང། ཕྱི་ཚེས་༣༠་ནས་ཕྱི་ཟླ་བདུན་པའི་ཚེས་༩་བར་དུ་ Czech Republic ཅེག་རྒྱལ་ཁབ་ཀྱི་གྲོང་ཁྱེར་དུ་རིན་པོ་ཆེ་ནས་གསར་འཛུགས་གནང་བའི་བོན་ཚོགས Yungdrung Bon སོགས་ལ་བོན་གྱི་སྐོར་བཀའ་ཁྲིད་གནང་།  ཕྱི་ཟླ་དགུ་བའི་ཚེས་༡༠་ཉིན་རིན་པོ་ཆེ་མཆོག་གིས་གསར་འཛུགས་གནང་བའི་ཨ་རིའི་གྲོང་ཁྱེར་ Los Angle ལོ་སེན་འཇི་ལར་ཡོད་པའི་བོན་ཚོགས་ཁྱུང་རྫོང་འོད་གསལ་གླིང་ Khyungdzong Wodsel Ling ལ་ཨ་རིའི་གཞུང་གིས་ངོས་ལེན་གྱིས་དེབ་སྐྱེལ་ཡིག་ཆ་ལེགས་གྲུབ་བྱུང་བས་རྟེན་འབྲེལ་ཞུས།

དེ་ནས་ཕྱི་ཟླ་བཅུ་པའི་ཚེས་༢༡་ནས་ཕྱི་ཟླ་བཅུ་པའི་ཚེས་༡༠བར་དུ་ཧྥ་རན་སུར་ཡོད་པའི་ཁོང་གི་བོན་ཚོགས་རྫོགས་ཆེན་བསམ་གཏན་གླིང་དུ་བོན་གྱི་བཀའ་ཁྲིད་གནང་།  ཕྱི་ཟླ་བཅུ་པའི་ཚེས་༢༢་ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་ཧི་མ་ལ་ཡའི་ཁོར་ཡུག་གི་སྐོར་ལ་ཚོགས་འདུ་རྒྱས་འཛོམ་ལ་མགྲོན་འབོད་གདན་ཞུས་བཞིན་ཚོགས་འདུར་ཆེད་ཕེབས་གནང་།  ཧི་མ་ལ་ཡའི་ཁོར་ཡུག་སྲུང་སྐྱོབས་ཚོགས་པའི་རྒྱུན་ལས་སུ་འདེམས་ཐོན་བྱུང། ཕྱི་ཟླ་བཅུ་གཉིས་པའི་ཚེས་༧་ཉིན་ཝར་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་མགྲོན་འབོད་གདན་ཞུས་བཞིན།  བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བོན་གྱི་སློབ་མ་བཟང་མོ་ནས་སྣོད་བཅུད་སྐོར་ལ་ཞིབ་འཇུག་གིས་PHDཞེས་པའི་དེབ་སྐྱེལ་བྱེད་པར་དྲི་བ་དྲིས་ལན་སོགས་མཛད།  ཝར་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བོན་གྱི་དགེ་སློབ་རྣམས་ལ་མང་ཇ་དང་སྐུ་འགྱེད་ལས་སོགས་ཕུལ་ཏེ་བསླབ་བྱའི་བཀའ་སློབ་ཀྱང་ཟབ་རྒྱས་གནང་།

ཕྱི་ལོ་༼༢༠༡༠༽ལོར་ཕྱི་ཟླ་བཞི་པའི་ཚེས་༥་ནས་ཕྱི་ཟླ་དྲུག་པའི་ཚེས་༢༡་བར་ཨ་རིའི་གྲོང་ཁྱེར་ཆེ་ཁག་ཏུ་ཡོད་པའི་བོན་གྱི་ཆོས་ཚོགས་དང་མཐོ་སློབ་ཁག་བཅས་ལ་བོན་ཁྲིད་དང་བོན་དང་འབྲེལ་བའི་ལོ་རྒྱུས་སོགས་ཀྱི་སྐོར་ལ་བཀའ་སློབ་གནང་།  ཕྱི་ཟླ་དྲུག་པའི་ཚེས་༢༢་ནས་ཚེས་༢༩་བར་ནུབ་ཕྱོགས་རྒྱལ་ཁབ་ Poland རུ་ཡོད་པའི་བོན་ཚོགས་བྱམས་མ་གླིང་དུ་ཕེབས་ཏེ་སློབ་ཁྲིད་གནང་། ཕྱི་ཟླ་བརྒྱད་པའི་ཚེས་༣༠་ཉིན་རྒྱ་གར་ལྷོ་ཕྱོགས་སུ་ཚོགས་གཏན་འཁེལ་བའི་བཙན་བྱོལ་དུ་འབྱོར་ནས་མི་ལོ་༥༠་ཧྲིལ་པོར་འཁོར་བའི་རྒྱལ་ཡོངས་དམངས་གཙོ་ཚོགས་ཆེན་ཐེངས་དང་པོར་གཡུང་དྲུང་བོན་གྱི་སྐུ་ཚབ་མཛད་དེ་ཚོགས་འདུར་ཕེབས།  ཕྱི་ཟླ་དགུ་པའི་ཚེས་༡ཉིན་མོན་གྷོ་ཌི་རུ་ཡོད་པའི་བོན་གྱི་ལྷ་སྡེ་ནས་གདན་ཞུས་བྱུང་བ་བཞིན་གཞིས་མི་རྣམས་ལ་ཚེ་དབང་དང་བླང་དོར་ལེགས་ཉེས་ཀྱི་བསླབ་བྱའི་བཀའ་སློབ་ཟབ་རྒྱས་གནང་།  ཕྱི་ཟླ་དགུ་པའི་ཚེས་༢༨ནས་ཕྱི་ཟླ་བཅུ་པའི་ཚེས་༧བར་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཡོད་པའི་གཡུང་དྲུང་བོན་གྱི་སློབ་གཉེར་ཁང་གིས་གདན་འདྲེན་ཞུས་དོན་བཞིན་དེ་གའི་དགེ་སློབ་རྣམས་ལ་བཀའ་ཁྲིད་མཛད།

དེ་ནས་ཕྱི་ཟླ་བཅུ་པའི་ཚེས་༡༧ནས་ཕྱི་ཟླ་བཅུ་གཅིག་པའི་ཚེས་༣༡བར་ཧྥ་རན་སུ་ France ལ་ཡོད་པའི་“རྫོགས་ཆེན་བསམ་གཏན་གླིང་”དུ་བོན་གྱི་བཀའ་ཁྲིད་མཛད།

ཕྱི་ཟླ་བཅུ་གཅིག་པའི་ཚེས་༢་ནས་ཚེས་༩བར་ཡུ་རོབ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སར་བོན་ཁྲིད་དང་ཚེ་དབང་སོགས་བསྐུར་ཅིང་། དེ་གའི་ཁོར་ཡུག་སྲུང་སྐྱོབས་ཚོགས་པས་གོ་སྒྲིག་ཞུས་ཏེ་རྒྱལ་ཁབ་དེ་གའི་གླིང་ག་སྐད་གྲགས་ཅན་ཞིག་ཏུ་ཤིང་སྡོང་བཙུགས་གནང་བ་དང་། གཟུགས་མཐོང་རླུང་འཕྲིན་དང་གསར་ཤོག་ཁག་གཅིག་བརྒྱུད་ཁོར་ཡུག་སྲུང་སྐྱོབས་ཀྱི་གནད་དོན་གལ་ཆེ་ཡིན་ཚུལ་སོགས་ཀྱི་བཀའ་སློབ་གནང། ཕྱི་ཟླ་བཅུ་གཅིག་པའི་ཚེས་༩་ཉིན་ཡུ་རོབ་ Lithuania ལི་ཐུའི་ཡ་ནའི་རྒྱལ་སར་ཚེས་༡༦་བར་བོན་ཁྲིད་དང་སྐྱབས་སྡོམ་དེ་བཞིན་རྒྱལ་ཁབ་དེ་ཡི་རྒྱལ་ཡོངས་རླུང་འཕྲིན་ཁག་ཏུ་མགྲོན་འབོད་ཀྱིས་གཞོན་ནུ་རྣམས་སོ་སོའི་རྒྱལ་ཁབ་ཀྱི་བདག་པོ་ཡིན་པས་འཛིན་སྐྱོངས་བྱེད་དགོས་ལུགས་སོགས་ཀྱི་གསུང་བཤད་གནང་།

ཕྱི་ཟླ་བཅུ་གཅིག་པའི་ཚེས་༡༦ནས་ཚེས་༢༣་བར་Germanyརུ་ཡོད་པའི་བོན་གྱི་ཆོས་ཚོགས་རྣལ་འབྱོར་སློབ་གཉེར་ཁང་ནས་གདན་ཞུས་བཞིན་དེ་གར་བཀའ་ཁྲིད་སོགས་གནང་།  ཕྱི་ཟླ་བརྒྱད་པའི་ནང་འཁྲུངས་གཞིས་དོལ་པོའི་ཕྱོགས་སུ་ཕེབས་ཏེ་མི་མང་ལ་ཚེ་དབང་དང་དགེ་སྡིག་སྤང་བླང་གི་བསླབ་བྱ་སོགས་ཀྱི་བཀའ་སློབ་གནང་།  དོལ་པོ་ཚ་དགའི་མི་མང་གིས་རེ་བསྐུལ་གནང་བ་བཞིན་དེར་མི་མང་གི་འཕྲོད་བསྟེན་གྱི་ཆེད་དུ་སྨན་ཁང་ཞིག་ཀྱང་གསར་དུ་བསྐྲུན་རྒྱུའི་ཞལ་བཞེས་མཛད། ཕྱི་ཟླ་གཉིས་པའི་ཚེས་༡༧ཉིན་ཀློང་རྒྱས་ཀྱི་རྒྱན་རྫས་དབང་པོ་སྒོ་གསལ་གྱི་མཆོད་ཆས་ཟངས་དང་དངུལ་ལ་གསེར་རྩི་བྱུགས་པ་སྤུས་ལེགས་ཞིག་ཧིན་སྒོར་འབུམ་གསུམ་ཙམ་གནས་པ་ཞིག་སྨན་རི་ཚང་ལ་རྟེན་བཞག་གི་ཆེད་དུ་གནང་།  ཕྱི་ཟླ་༨་ནང་དོལ་པོའི་རྫོང་དུ་གཏན་གཞི་བྱས་པ་དགེ་བཤེས་ཉི་མ་ཀུན་ཁྱབ་གྱིས་གསར་བཞེངས་གནང་པའི་“དོལ་པོའི་བོན་ཚོགས་”སུ་མགྲོན་འབོད་གནང་བ་བཞིན་ཕྱིན་ཏེ་དེ་གའི་སློབ་གྲྭ་ཁག་གི་སློབ་ཕྲུག་དང་མི་དམངས་བཅས་མི་གྲངས་ལྔ་སྟོང་ཙམ་ལ་གཤེན་རབ་རྣམ་པར་རྒྱལ་བའི་བཀའ་དབང་གནང་།

དེ་ནས་ཕྱི་ཟླ་༡༢་ཚེས་༢༠་ཉིན་བོན་གཞིས་བཙུན་དགོན་རདྣ་སྨན་གླིང་དུ་བོན་གྱི་བཙུན་མ་ཚོར་བཤད་གྲྭ་ཐོག་མར་གསར་འཛུགས་ཀྱི་རྟེན་འབྲེལ་དབུ་འབྱེད་ལ་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ཆེད་ཕེབས་ཀྱིས་བཙུན་མ་རྒན་པ་བཅུ་དགུ་ལ་ཀུན་མཁྱེན་ཉི་མའི་བསྡུས་གྲྭའི་དབུ་ནས་ཐོག་མའི་དཔེ་ཁྲིད་ཀྱི་དབུ་འཛུགས་ཀྱང་རིན་པོ་ཆེ་མཆོག་གིས་གནང་།

ཕྱི་ལོ་༼༢༠༡༡༽ལོའི་ཕྱི་ཟླ་དང་པོའི་ཚེས་༤ལ་“གཡུང་དྲུང་བོན་གྱི་དྲྭ་རྒྱ་”ཡི་སློབ་སྟོན་པར་བསྐོ་བཞག་དང་གཡུང་དྲུང་བོན་གྱི་དྲྭ་རྒྱའི་མདུན་ཤོག་གི་ལས་རྟགས་སོགས་ཀྱི་འགྲེལ་བཤད་བྲིས་གནང། དེ་སྐབས་བཙུན་དགོན་རཌྞ་སྨན་གླིང་གི་བཙུན་མ་ཚོར་ཉིན་ལྟར་བསྡུས་གྲྭའི་དཔེ་ཁྲིད་སོགས་གནང། མུ་མཐུད་དེ་རྒྱུན་ལྡན་ལྟར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དང་བཙུན་དགོན་གྱི་བཤད་གྲྭ་བ་རྣམས་ལ་ཉིན་ལྟར་བོན་ཁྲིད་གནང་། ཕྱི་ཟླ་ལྔ་པའི་ཚེས་༢༨་ཉིན་ས་གནས་བོན་གཞིས་ཐོབ་རྒྱལ་གསར་པ་དབུ་བརྙེས་པའི་དུས་ཆེན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུས་བཞིན་ཆེད་ཕེབས་གནང་སྟེ་མི་དམངས་དང་སློབ་ཕྲུག་བཅས་ལ་ལེགས་ཉེས་བླང་དོར་གྱི་བཀའ་སློབ་གནང།

དེ་བཞིན་ཕྱི་ཟླ་བདུན་པའི་ཚེས་༦་ཉིན་ས་གནས་བོན་གཞིས་སུ་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་སྐུ་མགྲོན་གཙོ་བོར་གདན་ཞུས་བཞིན་ཆེད་ཕེབས་གནང་སྟེ། ༸གོང་ས་མཆོག་གི་གསང་གསུམ་གྱི་མཛད་པའི་ངོ་སྤྲོད་དང་མགོན་པོ་གང་གི་བཀའ་སློབ་རྣམས་ལ་ཉམས་ལེན་གྱིས་མི་རིགས་རང་ཉིད་ཀྱི་ཆོས་དང་རིག་གཞུང་འདི་ཉིད་གཅེས་སྐྱོང་བྱེད་དགོས་སོགས་ཀྱི་བཀའ་སློབ་བཀའ་དྲིན་བསྩལ།

ཕྱི་ཟླ་བདུན་པའི་ཚེས་༢༨ནས་གདན་ས་སྨན་རི་ནས་བལ་ཡུལ་དོལ་པོའི་ཕྱོགས་སུ་ཕེབས་བསྐྱོད་སྐབས་སུ། བལ་ཡུལ་དུ་ཡོད་པའི་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགོན་པའི་མཁན་སློབ་སོགས་གྲྭ་མང་ནས་ཕེབས་བསུ་ཟབ་རྒྱས་ཞུས་ཏེ་དགོན་དེར་ཉིན་ཤས་རིང་བཞུགས།

དེ་ནས་འཁྲུངས་ཡུལ་དོལ་པོའི་ཕྱོགས་སུ་ཕེབས་ཏེ་མི་དམངས་ལ་དགེ་སྡིག་བླང་དོར་གྱི་བོན་ཁྲིད་དང་བཀའ་དབང་། དེ་བཞིན་ཡུལ་དེར་འཕྲོད་བསྟེན་སྨན་ཁང་ཞིག་གསར་བཞེངས་གནང་བར་སྒོ་དབྱེ་རབ་གནས་སོགས་མཛད། དེ་ནས་གདན་ས་སྨན་རིར་ཕྱིར་ཕེབས་དེ་སྔར་མུས་བཞིན་གཡུང་དྲུང་བོན་གྱི་བཤད་གྲྭ་བར་དཔེ་ཁྲིད་མཛད། དེ་ནས་ཕྱི་ཟླ་དགུ་པའི་ཚེས་༡༦་ནས་བཟུང་སྟེ་ཕྱི་ཟླ་བཅུ་བའི་ཚེས་༣༡་བར། Mexico མེགས་སི་དང་། ཨ་རིའི་གྲོང་ཁྱེར་ཁག་ཏུ་ཡོད་པའི་བོན་གྱི་ཆོས་ཚོགས་ཁག་དང་དེ་བཞིན་སྨན་ཁང་མཐོ་སློབ་སོགས་སུ་ཕེབས་ཏེ་བོན་ཁྲིད་དང་སེམས་ཞི་བདེ་བཟོ་ཐབས་སོགས་ཀྱི་མཛད་འཕྲིན་བསྐྱངས། ཕྱི་ཟླ་བཅུ་གཅིག་པའི་ཚེས་༡་ནས་ཕྱི་ཟླ་བཅུ་གཉིས་པའི་ཚེས་༣༠་བར་ནུབ་ཕྱོགས་རྒྱལ་ཁབ་Polandདང་Germanyདང་Czche republic་དང་ Hungary ལས་སོགས་ཀྱི་རྒྱལ་ཁབ་ཁག་ཏུ་ཡོད་པའི་ཆོས་ཚོགས་སོགས་ཀྱིས་གདན་ཞུས་བཞིན་ཕེབས་བསྐྱོད་གནང་སྟེ་བོན་ཁྲིད་གནང་ཞིང་ཕྱིར་གདན་ས་སྨན་རིར་ཕེབས་སྐབས་སུ་ས་གནས་གཞིས་དགོན་གཉིས་ཀས་ཕེབས་བསུ་ཟབ་རྒྱས་ཞུས།

ཕྱི་ལོ་༼༢༠༡༢༽ལོར་འཁྲུངས་གཞིས་དོལ་པོ་ཕྱོགས་ནས་གདན་ཞུས་ལྟར་ཕེབས་ཏེ་འགྲོ་དོན་དང་མཛད་འཕྲིན་བསྐྱང་། ལོ་འདིར་དམིགས་བསལ་ཕྱི་རྒྱལ་ཁག་ཏུ་ཕེབས་གནང་མ་མཛད་པར་ཕྱི་ལོ་༢༠༠༡ནས་དབུ་འཛུགས་གནང་བའི་<<གནའ་རབས་བོན་གྱི་ཚིག་མཛོད་ཆེན་མོ་>>འབྲི་རྩོམ་རྒྱུའི་བརྩོན་པ་གཙོ་བོར་གནང་བཞིན་རང་དགོན་སྨན་རིའི་གླིང་དུ་དཔེ་ཁྲིད་སོགས་གནང་བཞིན་བཞུགས།

ཕྱི་ལོ་༼༢༠༡༤༽ལོའི་ཕྱི་ཟླ་བཅུ་པར་ནུབ་ཕྱོགས་རྒྱལ་ཁབ་འཇར་མེན་Germanyདང་ཨ་རིའི་ཤར་ཕྱོགས་ཀྱི་མངའ་སྡེ་Virginiaསོགས་སུ་ཕེབས་ཏེ་ཕྱི་གླིང་སློབ་ཚོགས་གང་མང་ལ་བོན་ཕྱི་ནང་གསང་གསུམ་གྱི་དབང་ལུང་དང་བཀའ་ཁྲིད་ཟབ་རྒྱས་གནང་།

ཕྱི་ལོ་༼༢༠༡༥༽ལོར་དོལ་པོ་བསམ་གླིངདགོན་པའི་དབུ་བླ་ཡང་སྟོན་ཤེས་རབ་བསྟན་འཛིན་རིན་པོ་ཆེ་མཆོག་གིས་གདན་ཞུས་ཀྱིས་དོལ་པོ་བྱི་གཅེར་བོན་པོ་ལྷ་ཁང་(ཟུར་དཀར་དགོན་)བསྐྱར་བཞེངས་ལེགས་འགྲུབ་ལ་རབ་གནས་མཛད་སྒོ་ལ་ཆེད་དུ་ཕེབས་གནང་།

ཕྱི་ལོ་༼༢༠༡༦༽ལོར་བོད་གཞིས་བྱེས་གཉིས་ཀྱི་བོན་འབངས་ཡོངས་ནས་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་དང་༧སྨནརིའི་ཡོངས་འཛིན་སྨྲ་བའི་དབང་པོ་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ལ་བརྟན་བཞུགས་རྒྱས་འབུལ་ཞུ་སྐབས་སློབ་སྟོན་པའི་ཐུགས་འགན་ཡོངས་སུ་བཞེས་གནང་། དེ་རྗེས་ཕ་རིན་སིའི་གཤེན་བསྟན་དར་རྒྱས་གླིང་ལ་ཕྱི་གླིང་བོན་ཚོགས་ཐེངས་བཞི་པའི་ཚོགས་མགོན་དུ་ཆིབས་བསྒྱུར་གནང་། དེ་ནས་འབྲས་ལྗོངས་སོག་གཡུང་དྲུང་གླིང་དགོན་པ་གསར་བསྐྲུན་དང་ཚོགས་ཁང་གསར་བཞེངས་ཀྱི་སྒོ་འབྱེད་མཛད་སྒོ་ལ་ཆེད་དུ་ཕེབས་གནང་ཡོད་པ་བཅས།

མདོར་ན་ད་བར་གཡུང་དྲུང་བོན་གྱི་གདན་ས་སྨན་རིའི་གླིང་གི་དཔོན་སློབ་རིན་པོ་ཆེའི་ཐུགས་འགན་ཡོངས་སུ་བཞེས་ནས་ལོ་ངོ་ཉི་ཤུ་རྩ་ལྔ་ཧྲིལ་གྱིས་འཁོར་ཡོད་པ་དང་། ཕྱི་ལོ་1992ལོ་ནས་ཕྱི་ལོ་2017ལོའི་བར་གཡུང་དྲུང་བོན་གྱི་གདན་ས་སྨན་རིའི་གླིང་དུ་ཁོང་གི་སློབ་ཕྲུག་ལ་དགེ་བཤེས་ཀྱི་མཚན་བཏགས་བཞེས་པའི་དགེ་བཤེས་ཀྱང་མང་པོ་བྱུང་ཡོད་པ་དང་། དེ་དག་བོད་ཕྱི་ནང་གང་སར་ཕེབས་ནས་དགོན་པ་ཁག་གི་མཁན་པོ་དང་དཔོན་སློབ་གནང་བཞིན་ཡོད་པ་ཡང་མང་པོ་བྱུང་ཡོད། དེ་མིན་རྒྱུན་ལྡན་ལྟར་འདི་གའི་བཤད་སྒྲུབ་སློབ་གཉེར་ཡོངས་ལ་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ཟབ་མོའི་ཉིང་བཅུད་དང་ཐུན་མོང་རིག་གནས་བཅས་ཀྱི་ཞལ་ཁྲིད་གནང་བཞིན་པ་མ་ཟད། སྐུ་ངལ་ལ་འཛེམ་ཟོན་གང་ཡང་མེད་པའི་ཐོག་རྒྱལ་བའི་བཀའ་དང་བཀའ་བརྟེན་གྱི་དབང་ལུང་སོགས་ཀྱང་ཟམ་མ་ཆད་པར་གནང་བཞིན་བཞུགས་ཡོད་པ་མ་ཟད་<<གནའ་རབས་བོན་གྱི་ཚིག་མཛོད་ཆེན་མོ་>>ཞེས་པ་ཡང་མཛད་གྲུབ་པ་དང་དཔར་བསྐྲུན་བྱེད་ལ་ཉེ་བ་ཡོད་པ་བཅས་སོ། །

ཞེས་རྒྱལ་བ་སྨན་རིའི་སློབ་དཔོན་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གི་མཛད་རྣམ་རགས་བསྡུས་འདི་ནི། རིན་པོ་ཆེ་མཆོག་གི་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེའི་ཐུགས་འགན་ཡོངས་སུ་བཞེས་ནས་ལོ་ངོ་ཉི་ཤུ་རྩ་ལྔ་ཧྲིལ་གྱིས་འཁོར་བར་བཀའ་དྲིན་རྗེས་དྲན་ཙམ་དུ་ཕྱི་ལོ་༢༠༠༢ལོའི་བོན་སྒོ་སྤྱིའི་འདོན་ཐེངས་བཅོ་ལྔ་པའི་སྟེང་བཀོད་ཡོད་པའི་མཛད་རྣམ་དེར་ཁ་སྣོན་ཙམ་བྱེད་པ་པོ་ཡང་གང་གི་སློབ་བུ་ཡོངས་ཀྱི་གྲལ་མཐའ་བ་ཁྲི་གཡུང་དྲུང་དུ་འབོད་པས་སྒོ་གསུམ་གུས་པ་བླ་མེད་དང་བཅས། ཕྱི་ལོ་༢༠༡༧ཟླ་བ་༠༡ཚེས་༠༦ལ།