གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེའི་མཛད་འཕྲིན།

fullsizerender

༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་པ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་རྒྱ་གར་ཤར་ཕྱོགས་སྦས་ཡུལ་འབྲས་མོ་ལྗོངས་སུ་མཛད་འཕྲིན་བསྐྱངས་པ།

དེ་ཡང་ཕྱི་ལོ་༢༠༡༦/༡༢/༢༦ཉིན་གྱི་ཞོགས་པར་སྐུ་འཁོར་ལྷན་རྒྱས་རང་དགོན་སྨན་རིའི་གླིང་ནས་ཕེབས་ཐོན་གནང་སྟེ་ལྡི་ལིར་འབྱོར། ཕྱི་ཚེས་༢༧གྱི་ཞོགས་པར་མཁའ་ལམ་བརྒྱུད་ནས་རྒྱ་གར་ཤར་ཕྱོགས་འབྲས་ལྗོངས་ཕྱོགས་སུ་ཕེབས་ཐོན་གནང་སྟེ་ Bagdogra གནམ་ཐང་དུ་རིན་པོ་ཆེ་སྐུ་འཁོར་ལྷན་རྒྱས་བདེ་བར་འབྱོར་ནས་དེར་སོག་གཡུང་དྲུང་གླིང་དགོན་པའི་མཁན་པོ་སྒྲུབ་ཐོན་པ་ཡོན་ཏན་རྒྱ་མཚོ་མཆོག་དང་ཤེས་རིག་ཕུན་ཚོགས་གླིང་གི་ཚོགས་གཙོ་སྒྲུབ་ཐོན་པ་ཚུལ་ཁྲིམས་སངས་རྒྱས། དགེ་བཤེས་བསྟན་འཛིན་བློ་གྲོས། སྒྲུབ་ཐོན་པ་ཚུལ་ཁྲིམས་བསྟན་འཛིན་སོགས་ནས་ཕེབས་བསུ་དང་བཅས་Serekure རུ་འཛུགས་བསྐྲུན་གནང་བཞིན་པའི་ཤེས་རིག་ཕུན་ཚོགས་གླིང་དུ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་པོ་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། ཁྲི་བརྟན་ནོར་རྩེའི་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་རྣམ་གཉིས་གཙོས་པའི་དེ་གའི་ལས་སྣེ་བ་བཅས་ནས་ཕེབས་བསུ་དང་གསར་སྐྲུན་གྲུབ་ལ་ཉེ་བའི་སློབ་གྲྭའི་ཁོར་ཡུག་བཅས་ལ་རབ་གནས་མཛད།

img_5888ཕྱི་ཚེས་༢༨ཉིན་གྱི་ཞོགས་པའི་ཆུ་ཚོད་༧:༣༠ཐོག་མཁན་པོ་ཡོན་ཏན་རྒྱ་མཚོ་མཆོག་ནས་ཇི་ལྟར་གསོལ་བ་བཏབས་པ་བཞིན་འབྲས་ལྗོངས་ཡང་སྒང་སོག་གཡུང་དྲུང་གླིང་དགོན་པར་ཆིབས་ཐོན་མཛད་དེ་ཉིན་ཡོལ་ཆུ་ཚོད་༠༡:༡༥དེ་གའི་སེར་སྐྱ་ཡོངས་ནས་ཕེབས་བསུ་ཟབ་རྒྱས་ཞུས།

མཛད་སྒོའི་ཉིན་དང་པོའི་ཕྱི་ཚེས་༢༩ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠: ༠༠ཐོག་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་པ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་པོ་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་དབུར་བཞུགས་ཐོག དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དཔོན་སློབ་ཚངས་པ་བསྟན་འཛིན་མཆོག་དང་ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་གི་མཁན་པོ་དགེ་བཤེས་ཉི་མ་སེང་གེ་མཆོག་༧སོག་གཡུང་དྲུང་གླིང་དགོན་པའི་མཁན་པོ་སྒྲུབ་ཐོན་པ་ཡོན་ཏན་རྒྱ་མཚོ་མཆོག་༧གཡུང་དྲུང་ལྷ་རྩེ་དགོན་གྱི་མཁན་པོ་དགེ་བཤེས་ལུང་རིག་ཉི་མ་མཆོག

img_5885དེ་བཞིན་གཡུང་དྲུང་བོན་གྱི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་དགེ་བཤེས་ཡེ་ཤེས་རྒྱ་མཚོ་སོགས་བླ་གྲྭ་དགེ་འདུན་པ་རྣམས་ཀྱིས་མངའ་དབུལ་རབ་གནས་ཀྱི་ཆོ་གའི་གཞུང་བསྲིངས་ནས་གཙུག་ལག་ཁང་གི་རྟེན་དང་བརྟེན་པ་རྣམས་ལ་རབ་གནས་མཛད་སྟེ་དགྱེས་འཛོམས་ཀྱི་དྲན་རྟེན་ཆེད་དུ་སྐུ་པར་སྒྲོན།

དེ་ནས་ཉིན་ཡོལ་ཆུ་ཚོད་༢:༠༠པའི་ཐོག༧གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་པ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནས་དད་ལྡན་མང་ཚོགས་ཡོངས་ལ་ཚེ་དབང་བྱ་རི་མའི་བཀའ་དབང་བཀའ་དྲིན་བསྩལ་མཛད་གནང་།

img_5882མཛད་སྒོ་ཉིན་གཉིས་པ་ཕྱི་ཚེས་༣༠ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠:ཐོག་སྐུ་མགྲོན་གཙོ་བོ་འབྲས་ལྗོངས་མངའ་སྡེའི་སོ་ནམ་བློན་ཆེན་Somnath Poudyal མཆོག་དང་གཞན་ཡང་འབྲས་ལྗོངས་མངའ་སྡེའི་དྲུང་ཡིག་ཡབ་ཚེ་རྒྱལ་བཀྲ་ཤིས་ལགས་སོགས་དང་མཇལ་འཕྲད་གྲུབ་རྗེས་མཛད་སྒོ་དབུ་འཛུགས་གནང་སྟེ། ༧སོག་གཡུང་དྲུང་གླིང་དགོན་པའི་མཁན་པོ་སྒྲུབ་ཐོན་པ་ཡོན་ཏན་རྒྱ་མཚོས་དགོན་པའི་རྟེན་དང་བརྟེན་པ་བཅས་བཞེངས་བསྐྲུན་ཇི་ལྟར་མཛད་པའི་སྔ་ཕྱིའི་བརྒྱུད་རིམ་གྱི་ལོ་རྒྱུས་སྐོར་ནས་གསུང་བཤད་དང་ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་སྲེག་གི་ཕན་ཡོན་ངོ་སྤྲོད་གནང་། དེ་རྗེས་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་པོ་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་མང་ཚོགས་ལ་བླང་དོར་གྱི་བཀའ་སློབ་གསུང་བཤད་གནང་བ་དང་། སྐུ་མགྲོན་གཙོ་བོ་འབྲས་ལྗོངས་སོ་ནམ་བློན་ཆེན་Somnath Poudyalམཆོག་ནས་གསུང་བཤད་རྒྱས་པར་གནང་། མཛད་སྒོར་དངོས་སུ་ཞུགས་པའི་སྐུ་མགྲོན་གཙོ་བོ་འབྲས་ལྗོངས་སོ་ནམ་བློན་ཆེན་Somnath Poudyalམཆོག་དང་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་པ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་གི་མཁན་པོ་དགེ་བཤེས་ཉི་མ་སེང་གེ་མཆོག ༧སོག་གཡུང་དྲུང་གླིང་དགོན་པའི་མཁན་པོ་སྒྲུབ་ཐོན་པ་ཡོན་ཏན་རྒྱ་མཚོ་མཆོག ༧གཡུང་དྲུང་ལྷ་རྩེ་དགོན་གྱི་མཁན་པོ་དགེ་བཤེས་ལུང་རིག་ཉི་མ་མཆོག འབྲས་ལྗོངས་མངའ་སྡེའི་དྲུང་ཡིག་ཡབ་ཚེ་རྒྱལ་བཀྲ་ཤིས་ལགས། གཡུང་དྲུང་བོན་གྱི་སྤྱི་འཐུས་རྣམ་གཉིས། སྐུ་ངོ་བཀྲ་ཤིས་དབང་འདུས་ལགས། ར་ཝང་ལ་ཀུན་ཕན་གླིང་གི་ས་གནས་འགོ་འཛིན་ལགས། ཤེས་རིག་ཕུན་ཚོགས་གླིང་གི་ཚོགས་གཙོ་དང་ལས་སྣེ་ལྷན་རྒྱས་བཅས་མདོར་ན་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐྱ་སེར་ལྔ་བརྒྱ་མ་ཟིན་ཙམ་འཛོམས་ཡོད།

img_8988དེ་རྗེས་སྐྱབས་གནས་དགེ་འདུན་པ་རྣམས་ཀྱིས་ཀུན་རིག་ལས་བཞི་རྒྱུན་ལྔའི་གྲུབ་མཆོད་སྨོན་ལམ་གསུངས་ནས་གཡུང་དྲུང་བོན་གྱི་སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་ལགས་དང་བོན་གཞིས་ཐོབ་རྒྱལ་གསར་པའི་གཞིས་ཟུར་ཁྱུང་ལུང་པ་བློ་བཟང་རྒྱ་མཚོ་སོགས་ཀྱིས་གཙོས་དད་ལྡན་ཡོངས་ཀྱིས་བསྔོ་བ་དང་སྨོན་ལམ་འདེབས་བཞིན་ཁ་དགེ་བཀྲ་ཤིས་ངང་མཛད་སྒོ་ཡོངས་སུ་མཇུག་བསྡུ་བྱས།

ཕྱི་ཚེས་༣༡ཉིན་གྱི་ཞོགས་པར་སོག་གཡུང་དྲུང་གླིང་བོན་པོ་དགོན་པའི་དགེ་སློབ་ཐུན་མོང་ལ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་བླང་དོར་གྱི་བཀའ་སློབ་དང་དགེ་སློབ་ཐུན་མོང་ནས་བླ་མའི་རྣལ་འབྱོར་དབྱངས་སུ་གྱེར་བཞིན་ཕེབས་སྐྱེལ་ཞུས།

img_8960ཞོགས་པའི་ཆུ་ཚོད་༨:༠༠ཐོག་ཞུ་རི་ཞིང་༧གཡུང་དྲུང་ཀུན་གྲགས་གླིང་དགོན་ནས་སྨན་རིའི་དགེ་བཤེས་ཡེ་ཤེས་རྒྱ་མཚོ་སོགས་ཕེབས་བསུར་བཅར་ནས་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་སྐུ་འཁོར་ལྷན་རྒྱས་ཕེབས་ཐོན་མཛད་སྟེ་སྦས་ཡུལ་འབྲས་མོ་ལྗོངས་ཞེས་སྔ་འགྱུར་རྙིང་མའི་གནས་ཆེན་མང་དུ་ཡོད་པའི་གནས་དང་མ་ཟད་གངས་ཅན་ལྗོངས་ཞེས་༼གངས་ཅན་མཛོད་ལྔ་༽འཛམ་གླིང་གི་གངས་རི་མཐོ་ཤོས་གཉིས་པ་དེ་ཉིད་གཙོས་གངས་རིའི་འཕྲེང་བས་རབ་ཏུ་མཛེས་ཤིང་ཡིད་དུ་འོང་བའི་རང་བྱུང་ཁམས་ཀྱི་ཁོར་ཡུག་སོགས་ལ་གཟིགས་སྐོར་གནང་བཞིན། ཆུ་ཚོད་༡:༤༣ཐོགས་ར་ཝང་ལཱ་ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་གི་དབུ་འཛིན་མཁན་རིན་པོ་ཆེ་དགེ་བཤེས་ཉི་མ་སེང་གེ་མཆོག་དང་དགེ་བཤེས་ཡེ་ཤེས་རྒྱ་མཚོ་དགེ་བཤེས་ཡོན་ཏན་གོང་འཕེལ་སོགས་བླ་གྲྭ་གཙོས་དད་ལྡན་མི་མང་རྣམས་ཀྱིས་དུང་དང་རྒྱ་གླིང་སྤོས་བསང་སོགས་ཀྱིས་སེར་འཕྲེང་བསྟར་ཏེ་རྒྱལ་གཤེན་དགྱེས་པའི་མཆོད་པ་གཤེན་རབ་མཆོད་རྔ་དང་དྲི་བཟང་སྤོས་དུད་ཀྱིས་ཁོར་ཡུག་ཁྱབ་པར་བྱས།

img_9054དེ་ནས་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་པ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ཞུ་རི་ཞིང་༧གཡུང་དྲུང་ཀུན་གྲགས་གླིང་གི་གཙུག་ལག་ཁང་གི་བཞུགས་ཁྲིར་མངའ་གསོལ་མཛད་དེ་བླ་མའི་མཆོད་པ་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་དད་ལྡན་སྐྱ་སེར་ཡོངས་ཀྱིས་རིན་པོ་ཆེ་མཆོག་གི་གསོལ་འདེབས་མགྲིན་དབྱངས་གཅིག་ཏུ་དྲངས་ནས་མཇལ་བཅར་ཞུས། དགོང་དྲོ་ཆུ་ཚོད་༣:༣༠ཐོག་༧སྐྱབས་རྗེ་༧སྨན་རིའི་དཔོན་སློབ་ཡང་སྟོན་པ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་མཁན་རིན་པོ་ཆེ་དགེ་བཤེས་ཉི་མ་སེང་གེ་དེ་བཞིན་བོན་སྤྱི་དགེ་བཤེས་སྨོན་ལམ་མཐར་ཕྱིན་བོན་སྤྱི་སྐུ་ངོ་བ་ར་ཚེ་དབང་བཀྲ་ཤིས་རྣམས་ནས་ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་གི་ཕྱི་ནང་བཀོད་པ་ཡོངས་ལ་གཟིགས་བསྐོར་སོགས་མཛད།

img_9251 ཕྱི་ཚེས་༠༡སྟེ་ཕྱི་ལུགས་ལོ་གསར་ཉིན་གྱི་ཞོགས་པར་ཞུ་རི་ཞིང་༧གཡུང་དྲུང་ཀུན་གྲགས་གླིང་གི་འདུས་མང་ཡོངས་ལ་མང་ཇ་དང་སྐུ་ཡོན་བཅས་གསོལ་བསྩལ་མཛད། དེ་ནས་ཞོགས་པའི་ཆུ་ཚོད་༡༡:༣༠ཐོག་སྐྱབས་རྗེ་༧སྨན་རིའི་དཔོན་སློབ་ཡང་སྟོོན་པ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་ཚེ་དབང་བྱ་རི་མའི་སྔོན་འགྲོའི་བཀའ་དབང་དབུ་འཛུགས་དང་འབྲེལ་བོན་གྱི་ལྟ་གྲུབ་དང་སྐྱབས་འགྲོའི་རྣམ་བཤད་སོགས་ཀྱི་དབང་ཁྲིད་ཟབ་རྒྱས་མཛད་དེ་དངོས་གཞིའི་དབང་རྣམས་རྫོགས་པར་བསྐུར་ཅིང་སྐལ་ལྡན་སློབ་ཚོགས་རྣམས་ཀྱི་ཐུགས་ཀྱི་རེ་འདུན་རྣམས་ཡོངས་སུ་སྐོང་བར་མཛད་ཅིང་བཀྲ་ཤིས་པའི་རྟགས་མཚན་དང་བྱིན་རླབས་ཆེན་པོའི་ངང་འཇུག་གྲུབ་མཛད།

img_8965དགོང་མོའི་ཆུ་ཚོད་༠༦:ཐོག་ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་གི་དགེ་སློབ་ཡོངས་ལ་ལེགས་ཉེས་བླང་དོར་གྱི་བཀའ་སློབ་གནང་། ཕྱི་ཚེས་༠༢ཉིན་ཞོགས་པའི་༠༦:༣༠དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་དང་མཁན་རིན་པོ་ཆེ་དགེ་བཤེས་ཉི་མ་སེང་གེ་མཆོག་གཞན་ཡང་སྐྱ་སེར་ཡོངས་ཀྱིས་དད་གུས་མོས་གསུམ་གྱི་སྒོ་ནས་ཕེབས་བསྐྱེལ་ཞུས་ཤིང་Bagdogra གནམ་ཐང་མཁའ་ལམ་བརྒྱུད་རྒྱལ་ས་ལྡི་ལིར་སྐུ་འཁོར་དང་བཅས་བདེ་བར་འབྱོར་བའི་གནས་ཚུལ་བཅས་༧དཔལ་ལྡན་བླ་མ་སྨན་རིའི་དཔོན་སློབ་ཡང་སྟོན་པ་འཕྲི་ལས་ཉི་མ་རིན་པོ་ཆེ་སྦས་ཡུལ་འབྲས་མོ་ལྗོངས་སུ་ཞབས་སོར་འཁོད་པའི་མཛད་འཕྲིན་སྙིང་བསྡུས་སུ་གང་གི་བུ་སློབ་ཡོངས་ཀྱི་གྲལ་མཐར་གནས་པ་བྱ་འཕུར་ཚེ་དབང་གཡུང་དྲུང་རིག་འཛིན་དུ་འབོད་པས་བྲིས་པ། མུ་ཙུག་སྨར་རོ།།