དགོངས་མཛོད་རི་ཁྲོད་ཆེན་པོ།

f9db1571b553ea6d395601653d9f4f67བོན་གྱི་ལོ་རྒྱུས་ནང་དུ་སྙན་གྲགས་ཤིན་ཏུ་ཆེ་བའི་དགོངས་མཛོད་རི་ཁྲོད་པ་ཞེས་པ་ནི་བོན་ལུགས་རྫོགས་ཆེན་གྱི་ལོ་རྒྱུས་ལ་བདེར་གཤེགས་དགོངས་པའི་བརྒྱུད་པ།སེམས་དཔའ་བརྡ་ཡི་བརྒྱུད་པ། གྲུབ་ཐོབ་སྙན་ཁུངས་ཀྱི་བརྒྱུད་པ། སྒྲ་བསྒྱུར་ལོ་ཙཱའི་བརྒྱུད་པ། ལས་འཕྲོ་གཏེར་གྱི་བརྒྱུད་པ།རྟོགས་ལྡན་ཉམས་ཀྱི་བརྒྱུད་པ་བཅས་དྲུག་ཏུ་ཕྱེས་སྲོལ་ཡོད་པ་ལས། བརྒྱུད་པ་རྗེས་མ་རྟོགས་ལྡན་ཉམས་ཀྱི་བརྒྱུད་པའི་སྲོལ་བཏོད་མཁན་དེ་ཡིན་ཞེས་བོན་གྱི་ལོ་རྒྱུས་ཀུན་ནས་གྲགས།བོན་ལུགས་རྫོགས་ཆེན་ལ་ཨ་རྫོགས་སྙན་གསུམ་དུ་ཕྱེས་པ་ལས་ཨ་ཁྲིད་རྫོགས་པ་ཆེན་པོའི་སྲོལ་བཏོད་མཁན་ཡང་ཁོང་ཡིན་པར་བཤད།ཁོང་གི་མཚན་ལ་རྨེའུ་སྒོམ་རི་ཁྲོད་པ་དང་དགོངས་མཛོད་རི་ཁྲོད་པ། དགོངས་མཛོད་པ། རྗེ་རི་ཁྲོད་པ་དང་རྗེ་བཙུན་དམ་པ།རྗེ་གུར་ཞོགས་པ་སོགས་མཚན་གྱི་རྣམ་གྲངས་དུ་མ་ཡོད། དེའང་གཡས་རུ་ཤངས་ཀྱི་ས་ཆའི་གུར་ཞོགས་ཞེས་བྱ་བར་སྐུ་འཁྲུངས་པས་རྗེ་གུར་ཞོགས་པའང་ཟེར།

དམ་པ་འདི་ནི་སྤྱི་ལོ་༡༠༣༨པ་ས་སྟག་ལོར་བོད་ཀྱི་ལྷོ་དབུས་དང་གཞིས་ཀ་རྩེའི་བྱང་ཤར་ཕྱོགས་སུ་གནས་པའི་རྣམ་གླིང་རྫོང་གུར་ཞོགས་ཞེས་པར་སྐུ་འཁྲུངས།ཡབ་ཀྱི་མཚན་ལ་རྨེའུ་ཤགྱ་བརྟན། ཡུམ་གྱི་མཚན་རྡོ་རྗེ་མཚོ་ཟེར། སྲས་བཞི་ལས་ཆེ་བ་ཡིན། ཁོང་གི་རྣམ་ཐར་ལྟར་ན། ཁོང་གི་ཕ་ཡུལ་ན་རི་ཁྲོད་ཆེན་པོ་དྲུག་ཡོད་པའི་ནང་ཚན་ཡིན་པར་བཤད།དམ་པ་ཁོང་ནི་ཆུང་དུས་ནས་བཟུང་དགེ་ལ་མོས་ཤིང་གཤིས་རྒྱུད་འཇམ་པ། བྱམས་དང་སྙིང་རྗེ་སོགས་དམ་པའི་རང་རྟགས་མ་ལུས་རང་ཆས་སུ་མངའ་བ་ཞིག་ཡིན་པར་བཤད།འོན་ཀྱང་རེ་ཞིག་ལ་ཡབ་ཡུམ་གྱི་བཀའ་དང་རེ་བ་ལྟར་དགུང་ལོ་བཅོ་བརྒྱད་ཀྱི་སྟེང་དུ་ཡུམ་བཞེས་ཤིང་ཁྱིམ་ཐབས་བཟུང་།དེའང་ཁྱིམ་ཐབ་འཛིན་པ་ནི་ཕ་མའི་རེ་འདུན་སྐོང་བའི་ཆེད་ཡིན་པ་ལས་རང་གི་འདོད་པ་མ་ཡིན་ཕྱིར།བླ་མས་ཀྱང་ལུས་ལ་མཛེ་ནད་ཕོག་པར་རྫུས་ཏེ་ཐབས་མཁས་ཀྱིས་ཆུང་མ་དང་ཁྱིམ་ཐབ་རྣམས་སྤངས་བར་བྱས་ཏེ།བླ་མ་སྐྱེ་སེ་ཆེན་པོའི་དྲུང་དུ་བཅར་ནས་སྔགས་སེམས་ཀྱི་བོན་ལ་བློ་སྦྱངས་བྱས་ཤིང་ཉམས་ལེན་གྱི་གཞི་བརྟན་པོ་ཆགས།

 
དེ་ནས་བྲུ་སྟོན་གཡུང་དྲུང་དང་ཞུའི་སྲས་པོ་སྒྲོལ་བ་གཤེན་རྒྱལ་ཟུང་གི་མདུན་ནས་ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་དང་བྱང་སེམས་གབ་པ་དགུ་སྐོར་སོགས་ཞུས་ཏེ་མཁས་པ་ཆེན་པོར་གྱུར།ཁྱད་པར་བྲུ་སྟོན་གཡུང་དྲུང་དང་ཞུ་སྲས་གཉིས་དང་མཉམ་དུ་ཉངས་སྟོད་རྟག་པ་ཁ་ཆེ་ཞེས་པར་ཚད་མར་གསེན་པའི་དུས་སུ་ཁོང་གི་ཐུགས་ལ་བླ་མ་བྲུ་ཞུ་གཉིས་ནི་རང་རང་གི་གདན་ས་སྐྱོང་ཕྱིར་བཤད་སྒྲུབ་འཛིན་དགོས་པས་ཚད་མ་སྦྱང་ན་དགོས་པ་ཆེན་པོ་ཡོད་མོད། རང་གིས་རྩོད་པ་དང་འཆད་ཉན་ཙམ་གྱིས་མི་ཚེ་སྐྱེལ་ན་དོན་མེད་དུ་མཐོང་སྟེ། མི་ཚེ་གཅིག་ལ་སྒྲུབ་པ་མཛད་པར་དམ་བཅའ་ཡིད་ལ་བཞག སྒོམ་སྒྲུབ་མཛད་པའི་ཆེད་དུ་བླ་མ་གཉིས་དང་ཁ་བྲལ་ཏེ་རི་ལ་སོང་། བླ་མ་གཉིས་དང་ཁ་བྲལ་ཁར་དགེ་བསྙེན་གྱི་སྡོམ་པ་ཞུས་ཤིང་མཚན་ལ་གཡུང་དྲུང་རྒྱལ་མཚན་ཞེས་གསོལ། དེ་ནས་ཤངས་ཀྱི་དཀར་པོའི་བྲག་ལ་ཕེབས་ཏེ་བོན་གྱི་བླ་མ་ཏྲེ་སྟོན་དང་རྗེ་བཙུན་ཁྲོ་ཚང་འབྲུག་ལྷ་རྣམ་གཉིས་ཀྱི་མདུན་ནས་ཟབ་མོ་རྫོགས་པ་ཆེན་པོའི་གདམས་ངག་མ་ལུས་གསན་པར་མཛད་དེ་ཐོད་བརྒལ་གྱི་རྟགས་རྣམས་རྒྱུད་ལ་རང་རྡོལ་དུ་བྱུང་།དེ་ནས་ཐུགས་སུ་རང་ལ་ཉམས་ལེན་ཁྱད་པར་ཅན་འདི་འདྲ་བ་ཐོབ་ཡོད་པས། སྐྱ་བོ་བྱས་པ་ལས་བཙུན་པ་བྱས་ན་འགྲོ་དོན་ལ་ཕན་ཐོགས་ཆེན་པོ་ཡོད་པར་དགོངས་ནས།དབུས་སུ་ཕེབས་ཏེ་མཁན་པོ་དར་ཡུ་དང་སློབ་དཔོན་གཉིས་ཀྱི་མདུན་ནས་རབ་བྱུང་གི་བསྙེན་པ་རྫོགས། ལོ་རྒྱུས་ལྟར་ན་ཁོང་ཉིད་བསྙེན་སྒྲུབ་ཞུ་དུས་དགུང་ལོ་༢༤ཡིན་པར་བཤད།

 
དེ་ནས་མཁན་པོ་དར་ཡུ་པས་བཀའ་ལྟར་གཙང་དུ་ཕེབས་ཏེ་གཡས་རུ་ཤངས་ཀྱི་ས་དཀར་པོ་བྲག་ལ་སྒྲུབ་སྦྱོང་གི་ལྟེ་གནས་མཛད་དེ་རང་ཉིད་གཅིག་པུས་འཁོར་བ་སྤངས་ཤིང་གཞན་མི་དང་འབྲེལ་ཐག་བཅད་དེ་མི་ལོ་བཅུ་གཉིས་ཀྱི་རིང་ལ་སྒོམ་སྒྲུབ་མཛད་པས་འཁྲུལ་སྣང་ཐམས་ཅད་བོན་ཉིད་ངང་དུ་གྲོལ། སྐུ་ཟག་མེད་འོད་སྐུར་གྲོལ། ལུས་ཕྱི་ནང་འོད་སྐུར་གྲོལ།ཐུན་མོང་གི་གྲུབ་རྟགས་སུ་མཁའ་ལ་བྱ་བཞིན་འཕུར་བ། རྡོ་ཟན་ལྟར་བརྫིས་པ། བྲག་ལ་ཕྱག་རྗེས་དང་ཞབས་རྗེས་སོགས་གྲུབ་རྟགས་ངོ་མཚར་བ་དུ་མ་བྱུང་བ་ཁོང་གི་རྣམ་ཐར་དུ་གསལ།ཁོང་གི་སློབ་མའི་ནང་དུ་ལྟ་སྒོམ་གཉིས་འཛིན་བྲལ་བའི་རྟོགས་ལྡན་གྱི་སྡེ། བསྙེན་སྒྲུབ་བོན་ལ་དབང་འབྱོར་བའི་གསང་སྔགས་ཀྱི་སྡེ།འདུལ་ཁྲིམས་གཙང་མར་རང་དབང་ཐོབ་པའི་དྲང་སྲོང་གི་སྡེ། གཞན་ཕན་སྙིང་རྗེ་ལྡན་པའི་བྱང་ཆུབ་སེམས་དཔའི་སྡེ་སོགས་རི་འགྲིམ་སྒོམ་ཆེན་སུམ་བརྒྱ་ལྷག ཁྲིད་ཐེབས་སློབ་མ་སྟོང་ལས་བརྒལ་བ་ཡོད་པར་བཤད། འབྲེལ་བ་ཐོགས་པའི་བུ་སློབ་ནི་གྲངས་ལས་འདས་མོད། སློབ་མའི་ནང་ནས་མཆོག་ཏུ་གྱུར་བ་ཐུགས་སྲས་བཀའ་བབ་བུ་ཆེན་བཞི།ལྕམ་གཉིས་གཅུང་བརྒྱད་ཐ་ཆུང་གཉིས་སོགས་ཡིན། ཐུགས་སྲས་བཀའ་བབ་ཀྱི་བུ་ཆེན་བཞི་ནི་ཤར་དུ་བཞག་སྒོམ་ཆེན་འབར་བའམ་ཡོངས་གྲགས་སུ་རྟོགས་ལྡན་སྒོམ་ཆེན་འབར་བ་ལ་རྟོགས་པ་ལྷུན་གྲུབ་ཀྱི་བཀའ་བབ་པ།བྱང་དུ་ཕོ་སྒོམ་ཞིག་པོ་ལ་ཏིང་འཛིན་སྒོམ་པའི་བཀའ་བབ། ནུབ་ཏུ་རྒྱལ་བ་སྐྱེ་མེད་དྲང་སྲོང་ལ་སྤྱོད་པ་ཆགས་མེད་ཀྱི་བཀའ་བབ།ལྷོ་རུ་ཡར་འབྲོག་མེ་སྟོན་ནམ་ཡོངས་གྲགས་སུ་མེ་སྟོན་ཤེས་རབ་འོད་ཟེར་ལ་འཆད་རྩོད་རྩོམ་པའི་བཀའ་བབ།དེ་བཞི་ནི་ལྟ་བ་དང་སྒོམ་པ། སྤྱོད་པ་དང་འཆད་རྩོད་རྩོམ་པའི་བཀའ་བབས་ས་གཙོ་བོ་རེད། དཔེར་ན་མེ་སྟོན་ཤེས་རབ་འོད་ཟེར་མཆོག་གིས་དགུང་ལོ་བརྒྱད་ཀྱི་སྟེང་ནས་བོན་གྱི་སྨོན་ལས་རྗེ་རྒྱལ་བ་འདུས་པ་ཞེས་པ་སོགས་མཛད་དེ་ད་ལྟའང་བོན་གྱི་དགོན་པ་ཡོངས་ནས་འདོན་བཞིན་ཡོད་པ་དེ་རེད།དེ་བཞིན་དུ་མེ་སྟོན་གྱི་ལམ་རིམ་སུམ་བརྒྱ་བ་གཙོས་པའི་བཀའ་རྟེན་སྡེ་ལྔ་སོགས་ད་ལྟའི་མཁས་པ་དུ་མས་བོན་གྱི་དཔེ་གཞུང་ཚད་ལྡན་དུ་རྩི་བཞིན་ཡོད་པ་དེ་རེད།འོན་ཀྱང་ཨ་ཁྲིད་ཀྱི་བརྒྱུད་པ་འཛིན་མཁན་དངོས་རྟོགས་ལྡན་སྒོམ་ཆེན་འབར་བ་ཡིན་པར་ཨ་ཁྲིད་བླ་བརྒྱུད་རྣམ་ཐར་ལས་གསལ།ལྕམ་གཉིས་ནི་འོ་ཡུག་སྒོམ་ལུང་གི་ཇོ་མོ་རྒྱལ་མོ་དང་བཙུན་མ་དར་སྒྲོན་གཉིས་སོ།། གཅུང་བརྒྱད་ནི་ལྷ་ཕུ་ཁོང་ལམ་གྱི་རྒྱ་ཡེ་ཤེས་སྙིང་པོ།སྟོད་ལུང་གི་སྟག་ལུང་འདུལ་བ། གྲམ་གྱི་འུ་སངས་སྒོམ་དཀར།ལང་འགྲོའི་ཇོ་གཤེན། ལྷ་བུ་ལྷ་སྟེང་གི་ཅོག་ལྷ་ཇོ་དད།ཤིང་གི་མཁོན་ཚུལ་ཁྲིམས་འོད་ཟེར། རྒྱང་རོའི་སྟོན་པ་གྲུབ་པ། སྫིང་མི་ཆེའི་དམ་པ་ཕོ་བཙུན་དང་བརྒྱད་དོ།།ཐ་ཆུང་གཉིས་ནི་རྫིང་མོ་ཆེའི་གནས་བརྟན་ཇོ་སོག་དང་ལྷ་བུ་དྲ་བ་ལུང་གི་ག་རྫི་ཇོ་སྲས་གཉིས་སོ།།

 
མཐར་དགུང་ལོ་ལྔ་བཅུ་ང་དགུ་པའམ་ཡང་ན་ང་བརྒྱད་པ་སྤྱི་ལོ་༡༠༦༨་པ་མེ་བྱི་ལོའི་དགུན་ཟླ་འབྲིང་པོའི་ཚེས་བཅུ་བཞིའི་ཉིན་ཁྲོ་ཚང་བསོད་ནམས་རྒྱལ་གྱིས་གདན་འདྲེན་ཞུས་པ་བཞིན་དེར་ཕེབས་པ་དང་དུས་མཉམ་དུ་སྐུ་བསྙུངས་བཞེས་ཏེ་ས་དེ་ཀར་གཤེགས།སྐུ་མ་་གཤེགས་བའི་གོང་ལ་ཉི་མ་བཞི་བཅུ་ཞེ་དགུའི་རིང་དུ་འཁོར་སློབ་རྣམས་ལ་འདི་ཕྱི་གཉིས་སུ་ཕན་པའི་ཞལ་གདམས་དང་བསླབ་བྱ་མང་པོ་གསུངས།མཐར་འཇའ་འོད་སྒྲ་དང་བཅས་ཏེ་སྐུ་ཞི་བར་དབྱངས་སུ་གཤེགས།

 
དགོངས་མཛོད་རི་ཁྲོད་པ་དང་དུས་མཉམ་ཙམ་དུ་བོད་ལ་དཔལ་ལྡན་ཨ་ཏི་ཤ་དང་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སོགས་ཕེབས་ནས་བཀའ་གདམས་པའི་བསྟན་པ་གསར་དུ་དར།ཁོ་ཚོས་སྔགས་རྙིང་མ་ལ་དགག་པ་ཚ་ནན་རྒྱབ་ཏེ་སྔགས་གསར་མའི་བསྟན་པའི་སྲོལ་འབྱེད། སྔགས་རྙིང་མ་ལ་དགག་པ་རྒྱག་དགོས་པའི་དོན་རྐྱེན་གཙོ་བོ་ནི་བོན་ལ་འབྲེལ་བ་ཡོད་པའི་དོན་གྱིས་རེད།དེའང་སྔགས་གསར་མའི་སྲོལ་འབྱེད་ཆེན་པོ་ལོ་ཙ་བ་རི་ཆེན་བཟང་པོ་ནི་སྤྱི་ལོ་༡༠༥༥པ་ལ་སྐུ་གཤེགས།ཨ་ཏི་ཤ་སྤྱི་ལོ་༡༠༤༠་པ་ལ་མངའ་རིས་སུ་ཕེབས། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་སྤྱི་ལོ་༡༠༥༧་པ་ལ་བཀའ་གདམས་བསྟན་པའི་ཕྱི་མོ་རྭ་སྒྲེང་དགོན་པ་གསར་དུ་བཏབ།དེའི་དུས་སུ་བོད་དབུས་གཙང་ཕྱོགས་སུ་བོན་གྱི་བླ་མ་དཔེར་ན་བྲུ་རྗེ་ཡབ་སྲས་ཀྱིས་ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་སོགས་ལ་བརྟེན་ནས་མཚན་ཉིད་ཀྱི་སྡེ་བཙུགས།བླ་གྲྭ་སྟོང་ཕྲག་དུ་མ་གསོ་སྐྱོང་བྱེད་བཞིན་ཡོད་པ་དང་།དེ་བཞིན་ཏུ་བོན་གྱི་བྲུ་ཞུ་སྤ་རྨེའུ་སོགས་ཀྱི་གདན་ས་ཆེན་པོ་རྣམས་དང་གཏོ་ལུང་འབྲི་ལུང་དགོན་སོགས་ལ་བོན་གྱི་དགོས་སྡེ་ཆེན་པོ་དུ་མ་དར་ཡོད་མོད་ཀྱང་བོད་ཀྱི་ལོ་རྒྱུས་ཡིག་ཆ་དང་དེབ་ཐེར་རྣམས་སུ་བཀོད་མེད་པས།ཕྲན་རང་གིས་གཅིག་ན་ལོ་རྒྱུས་དེ་རྣམས་ཁ་གསབ་པའི་ཆེད་དང་། གཉིས་སུ་བོན་གྱི་རིག་གནས་དང་ལོ་རྒྱུས་དངོས་གནས་ཆ་ཚང་ངོ་སྤྲོད་བྱེད་པའི་ཆེད་དང་།གསུམ་དུ་བོད་ཀྱི་ལོ་རྒྱུས་རིག་གནས་ལས་བོན་གྱི་ལོ་རྒྱུས་རྣམས་ཁ་སྐོང་བའི་སླད་དུ་བླ་མ་འདི་བ་ཚང་གི་རྣམ་ཐར་བྲིས་པ་ཡིན་པས་བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ལ་ཕན་པའི་རྒྱུར་གྱུར་ཅིགདཔེར་ན་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་རྭ་སྒྲེང་དགོན་པ་བཏབ་པའི་དུས་སུ། དགོངས་མཛོད་རི་ཁྲོད་ཆེན་པོ་རང་ལོ་རྩིས་ན་དགུང་ལོ་ཉི་ཤུ་ཡིན་པས།དེའི་སྔོན་ནས་བོན་རང་ལུགས་ལ་འདུལ་བའི་བསྟན་པ་དང་སྔགས་རྫོགས་ཀྱི་བསྟན་པ་ས་སྟེང་ཀུན་ཏུ་ཁྱབ་ཡོད་པ་འདིས་ཀྱང་གསལ་བྱེད་བྱེད་ཐུབ་པ་རེད།དཔེར་ན་དེའི་དུས་སུ་བོན་གྱི་བླ་མ་གཤེན་ཆེན་ཀླུ་དགའི་དངོས་སློབ་ཐུགས་སྲས་བཀའ་བབ་བུ་ཆེན་བཞིར་གྲགས་པ་ལས་དབང་ལྡན་ཞུ་ཡི་ལེགས་པོ།བྲུ་རྗེ་ཡབ་སྲས། སྤ་སྟོན་དཔལ་མཆོག་རྒྱལ། འཛིན་བོན་འཕེན་རྒྱལ། རྨེའུ་སྟོན་ལྷ་རི་གཉེན་པོ། གཞན་ཡང་བན་བོན་གཉིག་ལ་གྲགས་ཆེ་བའི་གཏེར་སྟོན་ཁུ་ཚ་ཟླ་འོད།བཞེད་སྟོན་དངོས་གྲུབ་གྲགས་པ་སོགས་བཞུགས་པའི་དུས་ཤིག་རེད།

 
མདོར་ན་དམ་པ་ཁོང་ནི་ཕྱི་ལྟར་འདུལ་བའི་བསླབ་པས་སྐུ་བཙུན་ཞིང་།ནང་ལྟར་བྱང་སེམས་བསླབ་པས་རྒྱུད་དུལ་བ། གསང་བ་སྔགས་སེམས་བོན་ལ་གྲུབ་པ་བརྙེས་པའི་སྐྱེས་བུ་དམ་པ་ཞིག་ཡིན་པར་མ་ཟད།བོན་བསྟན་ཕྱི་དར་སྐབས་སུ་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་ཞིག་ཀྱང་ཡིན།དཔེར་ན་སྔོན་ནས་དར་ཡོད་པའི་རྫོགས་ཆེན་གྱི་བོན་བྱང་སེམས་གབ་པ་དགུ་སྐོར་དང་གཏེར་འོག་ཏུའང་གཟིམ་མ་མྱོང་བའི་བོན་རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་སོགས་སུ་གཞིར་བཟུང་ནས་དུས་རབས་དང་མཐུན་པའི་ཉམས་ལེན་སྟབས་བདེ་ཨ་ཁྲིད་རྫོགས་པ་ཆེན་པོའི་ཕྱག་སྲོལ་རྨ་མེད་གསར་དུ་བཞད་པ་དང་།རྫོགས་ཆེན་གཙོས་པའི་བོད་ཀྱི་རིག་གནས་འཕེལ་རྒྱས་འགྲོ་བ་ལ་རམ་འདེགས་དང་ཤུགས་རྐྱེན་བླ་ན་མེད་པར་ཐེབས་པས། ཆུང་ནས་བཟུང་ཐོས་བསམ་དང་སྒོམ་སྒྲུབ། འཆད་ཉན་དང་རྩོམ་པ་སོགས་ཁོ་ནས་དུས་འདའ་བས་སྐྱེས་ཆེན་ཞིག་ཡིན་པ་མ་ཟད་བོད་ཀྱི་རིག་གནས་དང་ཆོས་ལུགས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་བྱས་རྗེས་ཤིན་ཏུ་ཆེ་བའི་མི་སྣ་ཞིག་ཀྱང་ཡིན་པར་ཤེས་དགོས།

 
མི་མང་པོ་ཞིག་གིས་སེམས་ལ་བོན་གྱི་རིག་གནས་འདི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པར་ཤེས་ཀྱི་མེད་མོད་ཀྱང་།དོན་དངོས་གནས་བོད་དུ་དུས་རབས་བརྒྱད་པ་ཡན་ལ། བོན་གྱི་རིག་གནས་ཁོ་ན་མ་གཏོགས་རིག་གནས་གཞན་པ་ཞིག་ཚོལ་དཀའ་བ་དང་། བོན་གྱི་རིག་གནས་ཀྱི་ཤུགས་རྐྱེན་མ་ཕོག་པའི་བོད་ཀྱི་རིག་གནས་ཞིག་མཁས་པས་བཙལ་ཀྱང་རྙེད་དུ་མེད་དེ་རེད།

 

 

བོད་ཀྱི་མཁས་དབང་ཐུའུ་བཀན་ཆོས་ཀྱི་ཉི་མ་མཆོག་གིས།
བོན་ཆོས་གཉིས་ཀ་འགལ་བའི་ཚོད་བཤད་ཀྱང་།།
ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པས།།
ཆོས་མིག་རྡུལ་བྲལ་མིག་ལྡན་བདག་ལྟ་བུས།།
བོན་ཆོས་རྣམ་པར་འབྱེད་ལ་སྒྱུ་ལུས་གྱུར།།
ཞེས་གསུངས་པ་ལྟར་ལགས།

 

བོན་གྱི་རིག་གནས་ལའང་ཞང་ཞུང་ནས་དར་བའི་སྔགས་རྫོགས་ཀྱི་རིག་གནས་དང་བོད་རང་ས་ནས་དར་བའི་སྲིད་པའི་རྒྱུ་བོན་གྱི་རིག་གནས་གཉིས་ཡོད་པར་ཤེས་དགོས།དེས་ན་རིག་གནས་ཀྱི་རྩ་བ་ལོ་རྒྱུས་ཡིན་པ་གང་ཞིག ལོ་རྒྱུས་དངོས་ཡོད་ཕྱོགས་གཙང་ངམ་ཆ་ཚང་བར་བརྗོད་པ་ནི་ལོ་རྒྱུས་སྨྲ་བ་ཀུན་གྱི་ཐུན་མོང་གི་འོས་འགན་ཡིན་པ་སྨོས་མ་དགོས་པས།བོན་གྱི་ལོ་རྒྱུས་དང་རིག་གནས་ཁ་སྐོང་བ་ནི་བོད་ཀྱི་ལོ་རྒྱུས་རིག་གནས་ཁ་སྐོང་བ་ཡིན་པར་ཤེས་དགོས།

 

མཁན་པོ་ཚེ་རིང་ནོར་བུས་བརྩམས།

370 total views, 2 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།