སྨན་རིའི་དགེ་བཤེས་ལུང་རིག་ཉི་མ་མཆོག་ལ་དྭགས་གཡུང་དྲུང་ལྷ་རྩེ་དགོན་གྱི་མཁན་པོར་ཁྲི་བཞེངས་མཛད་པ།

12

དགེ་བཤེས་རིན་པོ་ཆེ་ཁོང་ནི་ཕྱི་ལོ་༡༩༦༩ལོར་བོད་དང་ས་ཐག་ཉེ་བའི་ལ་དྭགས་འབྲོག་ཁུལ་རོབ་ཤོད་ཅེས་པའི་ས་གནས་སུ་ཡབ་ཁྱུང་གི་རིགས་རྒྱུད་འཛིན་པའི་ཡབ་ཁྱུང་པོ་སྟག་ལའམ་ཡོངས་གྲགས་སུ་རྒན་ཀླུ་མོ་དང་ཡུམ་ཚེ་གཡང་བསོད་ནམས་གཉིས་སྲས་སུ་༡༩༦༩མེ་ལུག་ལོར་སྐུ་འཁྲུངས། སྐུ་ན་ཆུང་དུས་ཡོན་ཏན་གྱི་གཞི་མ་ཡི་གེ་འབྲི་ཀློག་སོགས་སློབ་སྦྱོང་གནང་།

༡༩༧༧ལོར་རྒྱ་གར་བྱང་ཕྱོགས་བོན་གཞིས་ཐོབ་རྒྱལ་གསར་པ་ལ་བརྟེན་གཞིར་བྱས་པའི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རི་དགོན་དུ་ཕེབས་ནས་ལོ་ཤས་རྗེས་སུ་༧དཔོན་གསས་བླ་མ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གི་སྐུ་མདུན་ནས་རབ་ཏུ་བྱུང་སྟེ་མཚན་ལ་ལུང་རིག་ཉི་མ་ཞེས་བསྩལ།

34

༡༩༨༢ལོར་སྨན་རིའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་འཛུལ་ཞུགས་གནང་སྟེ། ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་ལྷ་རམས་པ་བརྩོན་གོང་འཕེལ་རྣམ་གཉིས་སྐུ་མདུན་ནས་ཐུན་མིན་མདོ་སྔགས་སེམས་གསུམ་དང་ཐུན་མོང་རིག་གནས་དང་བཅས་པ་གསན་བསམ་མཐར་ཕྱིན་མཛད། ཞོར་དུ་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་གཙོས་པའི་རྩེ་དྲུག་མཁན་རིན་པོ་ཆེ་བཅས་ཀྱི་སྐུ་མདུན་ནས་དབང་ལུང་ཁྲིད་གསུམ་བུམ་པ་གང་བྱོའི་ཚུལ་དུ་གསན་ཞུས་གནང་། སྐབས་དེའི་རིང་དུ་བཤད་སྒྲུབ་འདུས་སྡེའི་དགེ་སྐོས་དང་དྲུང་ཡིག་གི་འགན་ཁུར་གནང་བ་དང་རིག་གནས་དགེ་རྒན་གྱི་ཕྱག་ལས་ཀྱང་གནང་།

༡༩༩༢ལོར་གདན་ས་སྨན་རིའི་གླིང་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་བཏགས་བཞེས། དེ་རྗེས་སུ་བལ་ཡུལ་དུ་ཕེབས་ནས་༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་སྐུ་མདུན་དུ་ཞང་ཞུང་སྙན་རྒྱུད་གཙོས་རྫོགས་ཆེན་སྐོར་ཁྲིད་ལུང་ཞུས་ཏེ། ཉམས་ལེན་རྒྱུན་སྐྱོང་གནང་བ་དང་། ཞོར་དུ་སློབ་གཉེར་བ་རྣམས་ལ་རིག་གནས་སོགས་སློབ་ཁྲིད་མཛད།

༢༠༠༠ལོ་ནས་ལ་དྭགས་བོན་འབངས་རྣམས་ཀྱིས་རེ་ཞུས་དང་། ༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་བཀའ་དགོངས་གཞིར་བཟུང་འོག་ལ་དྭགས་གཡུང་དྲུང་བོན་རིག་གཞུང་གཅེས་སྐྱོང་ཚོགས་པའི་ལས་འགན་བཞེས་གནང་སྟེ། ༢༠༠༢ལོར་ལ་དྭགས་བོན་དགོན་གཡུང་དྲུང་ལྷ་རྩེ་དགོན་ཕྱག་བཏབ་མཛད།

རྒྱུན་དུ་ཆོས་དང་རིག་གཞུང་སོགས་མི་ཉམས་རྒྱུན་མཐུད་གནས་ཐབས་སུ་ན་གཞོན་ཚོར་ཡི་གེ་འབྲི་ཀློག་དང་ཡབ་མེས་བོན་གྱི་ལོ་རྒྱུས་སོགས་སློབ་ཁྲིད་བྱེད་བཞིན་དང་། སྡེ་དགོན་གཉིས་ཀྱི་སྤྱི་རིམ་བསྒྲུབ་རྒྱུ་དང་། ཞོར་དུ་དེང་རབས་ཀྱི་སྐད་ཡིག་དང་མཚན་རིག་སོགས་སློབ་བཞིན་ཡོད།

56

༢༠༡༧ཟླ་བ་༢ཚེས་༡༠ཉིན་ལ་དྭགས་བོན་དགོན་གཡུང་དྲུང་ལྷ་རྩེ་དགོན་གྱི་ལྷ་སྡེའི་སེར་སྐྱ་མི་མང་ཡོངས་ཀྱི་རེ་འདོད་བཞིན། སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་བཀའ་འཁྲོལ་འོག་གཡུང་དྲུང་བོན་གྱི་གདན་ས་སྨན་རིའི་གླིང་དུ་ལ་དྭགས་གཡུང་དྲུང་ལྷ་རྩེ་དགོན་གྱི་མཁན་པོར་ཁྲི་བཞེངས་མཛད་ཅིང་། བོན་གཞིས་སེར་སྐྱ་མང་ཚོགས་ཡོངས་ལ་འབྲས་སིལ་དང་གསོལ་ཇ་རྒྱས་འབུལ་དང་། སྨན་རིའི་གྲྭ་ཚང་འདུས་མང་ཡོངས་ལ་སྐུ་འགྱེད་དང་མང་ཇ་སོགས་རྒྱས་འབུལ་ཞུས་ནས་ཁྲི་བཞེངས་ཀྱི་མཛད་སྒོ་ལེགས་གྲུབ་བྱུང་ཡོད་པ་སོགས་ཀྱི་ངོ་སྤྲོད་མདོར་བསྡུས་ཙམ་དུ།།

 

ཨ་ཀྲོང་རིན་ཆེན་རྒྱལ་མཚན་ནས། ༢༠༡༧།༢།༡༠

1,473 total views, 4 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།