པཎ་ཆེན་ཐམས་ཅད་མཁྱེན་པས་གཡུང་དྲུང་བོན་ལ་བརྩེ་གཟིགས་གནང་ཚུལ།

d446b782d56b712a3b45a280d54de7eeཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པས་གཡུང་དྲུང་བོན་ལ་བརྩེ་གཟིགས་གནང་ཚུལ།
པཎ་ཆེན་སྐུ་ཕྲེང་བཅུ་བ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་ནི། བོད་རབ་བྱུང་བཅུ་དྲུག་པའི་ས་སྟག་སྟེ། སྤྱི་ལོ1938ལོའི་དཔྱིད་ཟླ་ར་བའི་ཚེས་གསུམ་ལ་ཡུལ་མདོ་ཁམས་སྨད་ཀྱི་ཆར་གཏོགས། དེང་དུས་ཀྱི་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་ཞོང་ཧྭ་རྫོང་བིས་མདོ་ཡུལ་ཚོའི་དཔོན་ཚང་ཞེས་པར། ཡབ་ཆེན་གུར་མགོན་ཚེ་བརྟན་དང་། ཡུམ་ཆེན་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྔོན་བྱོན་ཡབ་མྱེས་གོང་མ་རྣམས་ཀྱི་ཁྱིམ་རྒྱུད་འདི་དག གཡུང་དྲུང་བོན་ལ་དད་གུས་ཤིན་ཏུ་ཆེ་བས། ཕུག་གི་ལྷ་གསོལ་བ་དང་། སྒོ་ཁའི་འདྲེ་འདུལ་བའི་རུས་དཔོན་ལ་བོན་པོའི་སྔགས་འཆང་བསྟེན་པའི་སྲོལ་ཆགས་ཡོད། ལྷག་པར་དུ་དཔོན་ཚང་འདིའི་རུས་དཔོན་ལ། རྩེ་ཞིག་སྟོང་ཉིད་བྱ་འཕུར་གྱི་བླ་རབས་བཅུ་བདུན་པ་བསོད་ནམས་གཡུང་དྲུང་དབང་རྒྱལ་གྱིས་ཐུགས་བཀོད་བཞིན་དུ། ཡུལ་དེ་གའི་མར་ནང་(མར་ནང་ཟེར་བ་ནི་རེབ་གོང་ཡུལ་གྱི་བཤད་སྲོལ་ཞིག་ཡིན་ལ། རེབ་གོང་རོང་བོ་དགོན་ཆེན་ལྟེ་བར་བཟུང་བའི་ཡར་ནང་དང་མར་ནང་གཉིས་ལས། ཡར་ནང་ནི་རེབ་གོང་རྫོང་གི་འཕྲང་ཡར་ནང་ལ་ངོས་འཛིན་གྱི་ཡོད་ལ། མར་ནང་ནི་དེང་གི་ཞོང་ཧྭ་རྫོང་གི་བིས་མདོ་ས་ཆར་ངོས་འཛིན་གྱི་ཡོད་སྟབས། བོན་པོ་རྣམས་ཀྱིས་ཀྱང་ཡར་ནང་བོན་སྡེ་གསུམ་ཞེས་པ་བོན་བརྒྱ། མག་གསར། ལྡོང་ངེས་གསུམ་དང་། མར་ནང་བོན་སྡེ་ཁ་གསུམ་ནི། བ་ལུང་། ལྷོ་རན། བོན་ཚང་མ་གསུམ་དུ་འབོད་སྲོལ་ཡོད།)བོན་ཚང་མའི་སྔགས་འཆང་ཚེ་མཁར་ཞེས་པ་རུས་དཔོན་དུ་བསྟེན། རིག་འཛིན་ཁོང་ནི་མཐུ་ནུས་དྲོད་རྟགས་རྫོགས་པས། ཟན་གྱི་གཏོར་མ་རང་འབར་ནུས་པའི་སྔགས་འཆང་མཐུ་སྟོབས་ལྡན་པ་ཞིག་ཡིན་ཡང་། དཔོན་ཚང་ཁྱིམ་གཞིས་འདི་ལ་སྐབས་དེར་རིགས་རྒྱུད་ཤིན་ཏུ་དཀོན་པར་གྱུར་བས། སྲུང་བ་ཁོ་ནས་རྔོ་མི་ཐོགས་པར་སྙམ་ནས། སྒྲུབ་པ་ཆེན་པོ་འཛུགས་པར་དཔོན་པོ་དང་ཐུགས་གྲོས་གནང་སྟེ། རེབ་གོང་བོན་མང་གི་སྔགས་འཆང་ནུས་ལྡན་པ་འགའ་རེ་གདན་དྲངས། རུས་དཔོན་གྱི་རྩ་བླ་རྩེ་ཞིག་སྟོང་ཉིད་བྱ་འཕུར་བསོད་ནམས་གཡུང་དྲུང་དབང་རྒྱལ་མཆོག་དང་། སྡོང་སྐམ་དཔོན་པོ་བྱམས་པ་ཐར་གཉིས་སྒྲུབ་དཔོན་གྱིས་ཏེ། སྐུ་རིམ་རྣམ་བཞི་དང་སྲུང་ཟློག་ཚད་ལྡན། ལས་ཀྱི་ཁ་ཚར་འགྲུབ་པའི་འབྲས་རྟགས་སུ། བོན་མང་རྒྱལ་བོ་ངོ་མོའི་སྔགས་འཆང་འབྲུག་འབུམ་གྱི་མཚན་ལམ་དུ། དཔོན་ཚང་གི་གཞིས་ཀ་ལ་གཡུ་འབྲུག་ཆེན་པོ་གཉིས་བབས་ནས་ཕྱིར་འཕུར་གྲབས་བྱེད་པའི་སྐབས་སུ། འབྲུག་གཅིག་ལྡིར་སྒྲ་ཆེན་པོ་གནམ་ས་འགེངས་པ་ཞིག་གྲགས་ནས། ནམ་མཁའ་ལ་འཕུར་བ་དང་། འབྲུག་གཅིག་སྒྲ་ཅི་ཡང་མ་འབྱིན་པར་ནམ་མཁའི་དབྱིངས་སུ་འཕུར་བའི་རྨི་ལྟས་ཤར་བ་ལས། ཕྱིས་སུ་པཎ་ཆེན་སྐུ་སྤུན་རྣམ་གཉིས་རིམ་པར་འཁྲུངས་པའི་རྟེན་འབྲེལ་ཤར་ཚུལ་ཡང་། ཟོལ་མེད་རྒན་པའི་ངག་ལས་བཤད་རྒྱུན་ཡོད།
རྒྱུ་མཚན་དེའི་དབང་གིས་པཎ་ཆེན་རིན་པོ་ཆེའི་མཆོག མཚོ་སྔོན་དུ་ཕེབས་ཐེངས་རེ་གཉིས་ཀྱི་སྐབས་སུ། གཞིས་ཀྱི་རུས་དཔོན་གྱི་བླ་མ་རྩེ་ཞིག་སྟོང་ཉིད་བྱ་འཕུར་གྱི་གདུང་སྲས་སྤྲུལ་སྐུ་བསྟན་འཛིན་དབང་རྒྱལ་ཚང་ལ། སྔ་ཕྱི་ཀུན་ཏུ་གོས་ཆེན་སེར་པོའི་ན་བཟའ་དང་། ཕྲུག་ཐེར་བཟོ་མདངས་གཉིས། ཇ་བག་གསོལ་རེས་བཅས་སྐྱེས་སུ་གནང་བ་ནི། རྒྱལ་གྱིས་སྐུ་གཤེན་ལ་བརྩི་བཀུར་བྱེད་སྟངས་ཀྱི་རྣམ་པ་ཞིག་ལགས་པས། བོན་གྱི་སྲོལ་རྒྱུན་རིག་གནས་ཀྱི་དགེ་མཚན་ལ་གདེང་འཇོག་དང་། རྩིས་མཐོང་གི་རྣམ་པ་མཚོན་པའི་དན་རྟགས་ཤིག་ཀྱང་ཡིན་པ་གདོན་མི་ཟ། དེ་མིན་པཎ་ཆེན་སྐུ་ཕྲེང་ལྔ་བ་བློ་བཟང་དཔལ་ལྡན་ཡེ་ཤེས་མཆོག་དང་། སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་གཉིས་ཡང་། བོན་གྱི་རྩ་བའི་གདུང་རྒྱུད་ཆེན་པོ་བཞིའམ་དྲུག་ཏུ་བརྩི་ཚུལ་ཡང་ཡོད་དེ། དཔལ་ལྡན་བྲུ་ཚང་དང་། དབང་ལྡན་ཞུ་ཚང་། མཁས་པ་རྨེའུ་ཚང་། གྲུབ་ཐོབ་སྤ་ཚང་། དམུ་རིགས་གཤེན་ཚང་། དམ་པ་ཁྱུང་གི་རྒྱུད་པ་བཅས་སུ་བགྲང་བའི་ཡ་གྱལ། དཔལ་ལྡན་བྲུ་ཡི་གདན་སར་འཁྲུངས་པ་དང་། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་ཁྲོད་ན། གཡུང་དྲུང་བོན་དང་འབྲེལ་འདྲིས་དམ་ཟབ་ལྡན་པའི་རིས་མེད་ཀྱི་སྐྱེས་ཆེན་འགའ་ཤས་ཡང་འཁྲུངས་མྱོང་།

 
གཅིག
པཎ་ཆེན་རིན་པོ་ཆེ་ཁོང་ཉིད་སྤྱི་ལོ1980ལོར། ཐོག་དང་པོར་བོད་ཁུལ་དུ་ཕེབས་གཟིགས་སུ་བྱོན་པའི་སྐབས་སུ། དད་ལྡན་མང་ཚོགས་རྣམས་ལ་ཕྱག་དབང་དྲོད་མོ་གནང་སྟེ། ཞི་བདེ་དང་འཆམ་མཐུན་གྱི་སྐོར་ནས་ཞལ་གསུང་དྲི་མེད་བསྩལ་བ་དང་། མདོ་གདུགས་སྒྲོལ་གསུམ་སོགས་ཀྱིས་མཚོན། ཆོས་སྦྱིན་ཟད་མེད་ཀྱི་དངོས་གྲུབ་ཅི་འདོད་ཆར་དུ་བསྙིལ། ལྷག་པར་དུ་མཚོ་སྔོན་རེབ་གོང་ཕྱོགས་སུ་ཕེབས་སྐབས། བན་བོན་སྔགས་གསུམ་གྱིས་སེར་ཕྲེང་གི་བཀོད་པ་གྱ་ནོམ་གྱིས་མདུན་བསུས་ནས། རིན་པོ་ཆེ་ཁོང་ཡང་ཤིན་ཏུ་ཐུགས་མཉེས་བྱུང་། སྐབས་དེར་བོན་གཤེན་རྣམས་ལ་རོང་བོ་གྲོང་རྡལ་གྱི་ཉེ་འཁོར་ན་ཚོགས་ཁང་ལེགས་པོ་ཞིག་མེད་ན་ཡང་། རོང་པོ་སྡེ་བདུན་གྱི་ནང་གསེས་སུ་གྱུར་བ་ཐེ་བུའི་གྲོང་ཚོ་རུ། བསེ་ཚང་བློ་བཟང་དཔལ་ལྡན་ཚང་གི་འཁྲུངས་གཞིས་གཡར་གནང་མཛད་དེ། ཡི་དམ་ཀུན་བཟང་རྒྱལ་འདུས་ཀྱི་ཚོགས་འཁོར་གྱི་ཞལ་ཕྱེས་པས། དེ་ལ་རིན་པོ་ཆེའི་མཆོག་གི་ཞལ་བཀོད་ལྟར། ཚོགས་མང་ཇ། འགྱེད་ཕྱག་གཏོང་རྒྱ་ཆེན་མཛད་པ་དང་། རེབ་གོང་བོན་མང་ལ། སྤྱི་ནས་ཆོས་སྒོ་འབྱེད་པའི་ཆོག་མཆན་ཐོབ། བོན་བརྒྱ་རིན་པོ་ཆེ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་ལ། ཁྱོད་ཀྱིས་མདོ་སྨད་ཀྱི་བོན་དགོན་ཁག་ལ་བདག་གཉེར་ལེགས་པོ་གྱིས་ལ། བོན་གྱི་རབ་བྱུང་བའི་དགོན་སྡེ་ཞིག་གིས་གཞི་བཟུང་། གྲྭ་བ་མང་བས་མི་གཙོ་རྣམ་དག་གཙོ་ཆེ་བས། ཐུགས་མཐུན་ཁྲིམས་གཙང་གི་སྡེ་ཞིག་ཚུགས་ན་ལེགས་ཞེས་ཞལ་དབྱུང་བསྩལ་ཏེ། མགོན་པོ་ཚེ་དཔག་མེད་ཀྱི་སྐུ་འདྲ་དང་། དམངས་སྒོར་སྟོང་ཕྲག་གཅིག སྲུང་མདུད་བརྒྱ་དང་བརྒྱད་བཅས་གནང་སྟེ། འབྲེལ་ཡོད་སྡེ་ཁག་བརྒྱུད་དེ་བོན་བརྒྱ་དགོན་པ་བསྐྱར་དུ་བཞེངས་དགོས་པའི་ཆོག་མཆན་ཐོབ། རིན་པོ་ཆེ་ཁོང་ཉིད་རྗེ་སྐུ་འབུམ་དུ་ཕེབས་ནས། མང་ཚོགས་ལ་ཕྱག་དབང་གནང་བའི་སྐབས་སུ་ཡང་། རྗེ་བོན་བརྒྱ་རིན་པོ་ཆེ་ཚང་དང་། སེ་བརྒྱའི་སྔགས་འཆང་རིག་གྲོལ་རྣམ་གཉིས། རིན་པོ་ཆེའི་མཆོག་གི་གམ་དུ་བཅར་ནས། ཁྲི་ཀ་རྫོང་གི་སེ་བརྒྱ་བོན་མང་དང་། ཁྱུང་མོ་དགོན། སྟོང་ཆེ་བོན་མང་། གསེར་ཆེན་རྫོང་ནས་རྐ་སར་བོན་མང་། བ་ཡན་རྫོང་ནས་དོ་ཞི་བོན་མང་། ཀན་སུའུ་ནས་རྩེ་ཞིག་དགོན་པ་སོགས་ལ། ཆོས་སྒོ་ཕྱེ་དགོས་པའི་སྙན་ཞུ་དང་ཡི་གེ་ཕུལ་བ་ལ། རིན་པོ་ཆེའི་མཆོག་གིས་ཐུགས་བརྩེ་བའི་ངང་ནས་ཞལ་བཞེས་གནང་སྟེ། སངས་རྒྱས་བསྟན་འགྲོའི་དོན་ལ་སྐུ་མི་ཕངས་པའི་དཔེ་ལྟར། རེ་ཞུ་ཐམས་ཅད་བཏང་སྙོམས་སུ་མ་བཞག་པར། དུས་འགྱངས་དང་ཕྱི་བཤོལ་མེད་པར། བོན་རྩ་སོ་སོའི་ཆོས་སྒོ་ཆེས་ཐོག་མའི་གྲས་སུ་བཞག་སྟེ། བཀྲ་ཤིས་ཀྱི་སྒོ་འཕར་ཡངས་པོར་ཕྱེས་པ་ཡང་། རིན་པོ་ཆེ་མཆོག་གི་སྐུ་དྲིན་བསམ་གྱིས་མི་ཁྱབ་པ་ཡིན།
དེའི་རྗེས་གཞིས་ཀ་རྩེ་རུ་དམུ་རིགས་གཤེན་གྱི་གདུང་འཛིན། གཤེན་སྲས་ནོར་བུ་དབང་རྒྱལ་མཆོག་གི་གཞིས་ཁྱིམ་དུ། རིན་པོ་ཆེ་མཆོག་གི་ཞབས་སེན་ཉེ་བར་འཁོད་དེ། སྟོན་པ་གཤེན་རབ་ནས་བརྒྱུད་པའི་གདུང་རབས་ཟམ་མ་ཆད་པའི། རུས་རྒྱུད་རྩ་ཆེ་བར་དགོངས་ནས། བོད་མི་རིགས་ཀྱི་ལས་དོན་གྱི་ཐད་ལ། ཐུགས་ནང་གཤིན་པོའི་བཀའ་གྲོས་གནང་། མ་འོངས་པའི་གནས་སྐབས་སུ། གཤེན་གྱི་གདན་ས་གཙོ་བྱས་གཡུང་དྲུང་བོན་གྱི་དགོན་སྡེ་ཐམས་ཅད་ལ། བདག་གཉེར་བྱེད་སྟངས་དང་། དོ་དམ་ལམ་ལུགས། གཏན་འཇགས་གནང་ཐབས་བཅས་ཀྱི་ཐད་ནས་ཐུགས་རིས་བཏོན་པ་མ་ཟད། གཞིས་རྩེ་ས་ཁུལ་གྱི་འགོ་ཁྲིད་རྣམ་པར་བསྐུལ་མ་བཏང་སྟེ། གཤེན་སྲས་ནོར་བུ་དབང་རྒྱལ་མཆོག་གཞིས་ཀ་རྩེ་ས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་དུ་བསྐོ་བཞག་མཛད། དེ་ནས་རིམ་གྱིས་བོད་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན་དང་། བོད་བརྒྱུད་ནང་བསྟན་བྱ་བའི་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། སློབ་གླིང་དེ་གའི་གདན་ཞུའི་ཞིབ་འཇུག་པ་རུ་བསྐྱེད་བསྲིང་བྱས། སྤྱི་ལོ1985ལོའི་སྤྱི་ཟླ་བཅུ་བའི་ནང་། པཎ་ཆེན་ཐམས་ཅད་མཁྱེན་པ་སྟོན་གཙོ་ལྷན་འཁོར་དང་བཅས་པ། གཡུང་དྲུང་བོན་གྱི་རྩ་བའི་གྲྭ་ས་ཡ་བཞི་རུ་གྲགས་པ་ནི། གཡས་རུ་དབེན་ས་ཁ་དང་། བཀྲ་ཤིས་སྨན་རི། གཡས་རུ་མཁར་སྣ། རུ་ལག་གཡུང་དྲུང་གླིང་དང་བཞི་ཡིན་ལ། དེ་དག་གི་ནང་ཚན་དུ་གྱུར་བ། ད་ལྟའི་རྣམ་གླིང་རྫོང་རུ་ལག་གཡུང་དྲུང་གླིང་ལ་ཆིབས་བསྒྱུར་གནང་། སྐབས་དེར་གཡུང་དྲུང་གླིང་ཉམས་གསོའི་ཐད་ལ་ཆ་རྐྱེན་ཞན་སྟབས། དཔལ་འབྱོར་གྱི་འཁོས་ཀ་ཆུང་བས། རིན་པོ་ཆེ་ཁོང་ཡང་རས་ཀྱི་གུར་ཆུང་ཞིག་ཏུ་བཞུགས་ནས། དགོན་འདིའི་དཔོན་སློབ་ཀུན་བཟང་བློ་གྲོས་དང་། དགེ་སློང་ཤེས་རབ་བསྟན་འཛིན་གཉིས་ཀྱིས་མཚོན་དགེ་འདུན་པ་རྣམས་ལ། ཁྱོད་ཚོ་དཀའ་སྡུག་ཅི་འདྲ་ཞིག་ལ་འཕྲད་ཀྱང་སེམས་ཀྱི་དཔའ་ཞུམ་མི་ཉན། མཐུན་སྒྲིལ་གྱི་སྒོ་ནས་སྙིང་སྟོབས་བསྐྱེད། ཐོས་བསམ་དང་སློབ་གཉེར་ལ་བརྩོན་འགྲུས་ཀྱིས། བསྙེན་སྒྲུབ་དང་སྒོམ་པ་ལ་ནན་ཏན་མཛོད། རང་བསྟན་རང་གིས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང་། འགྲོ་བ་སེམས་ཅན་སྤྱི་དང་། རང་མི་རིགས་ལ་ཕན་པའི་དམངས་དོན་རྒྱ་ཆེར་མཛད་དགོས་ཞེས་པའི་ཐུགས་རིས་བཏོན་པ་དང་། པཎ་ཆེན་སྐུ་ཕྲེང་ལྔ་བའི་པད་ལྷམ་ཆ་གཅིག་གནང་སྟེ། འདིའི་བདག་པོ་ནི་ཁྱོད་ཚོ་ཡིན། བདག་གཉེར་དང་དོ་དམ་གྱིས་གསུངས་ནས་རྟེན་སྐལ་དུ་གནང་བ་མ་ཟད། དད་ལྡན་མང་ཚོགས་ལ་ལྗགས་ལུང་དང་ཕྱག་དབང་བསྩལ། རྗེས་སོར་གཞིས་རྩེ་ས་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་རྣམས་ལ། གཡུང་དྲུང་གླིང་བསྐྱར་གསོའི་དོན་དུ་རོགས་རམ་གང་ལེགས་བྱེད་དགོས་པའི་སྐུལ་མ་གནང་བར་བརྟེན། སྔ་ཕྱི་ཀུན་ཏུ་གདན་ས་གཡུང་དྲུང་གླིང་ལ། གཞིས་རྩེ་ས་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གིས་ཐུགས་འཁུར་དང་རྒྱབ་སྐྱོར་དཔག་མེད་གནང་མྱོང་།
དེའི་རྗེས་སུ་པཎ་ཆེན་རིན་པོ་ཆེ་སྐུ་ཉིད། སི་ཁྲོན་ཞིང་ཆེན་རྔ་བ་རྫོང་དུ་ཞིབ་གཟིགས་སུ་ཕེབས་པའི་སྐབས་དེར། མདོ་ཁམས་ཞིག་ཆེན་བཅོ་བརྒྱད་དུ་གྲགས་པའི་ནང་ཚན། སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་ངམ། ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་གཡུང་དྲུང་གླིང་ཞེས་པ། ད་ལྟ་ཡོངས་གྲགས་སུ་སྣང་ཞིག་དགོན་ཆེན་དུ་འབོད་པར་ཕེབས་ཏེ། རྒྱལ་ཚབ་རྒྱ་འོབ་བསྟན་འཛིན་དབང་རྒྱལ་མཆོག་གིས་སྣེ་ཁྲིད་འོག བླ་མ་གྲྭ་ཚང་འདུས་པ་རྒྱ་མཚོས་སེར་ཕྲེང་གཡུང་དྲུང་དགུ་འཁྱིལ་གྱིས་མདུན་བསུས་ཤིང་། སྟག་ཤར་དང་གཞོན་ནུ་རྣམས་ཀྱིས། རྟ་བསུ་དང་མེ་ཏོག་གི་ཕྲེང་བས་མཇུག་མཚོན་པར་བྱས། ཀུན་གཟིགས་ཐམས་ཅད་མཁྱེན་པ་མི་འཇིགས་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་མཛད། དུས་དེར་སྣང་ཞིག་དགོན་གྱི་དགེ་བཤེས་སྟག་སེང་དར་མའི་དཔུང་ཚོགས་མང་པོས། མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས་ཐད་ནས། ལུང་རིག་རྩོད་པའི་གད་རྒྱངས་ཕྱོགས་མེད་དུ་སྒྲོག་པའི་མཆོད་སྤྲིན་ནམ་མཁར་བཀང་བས་མཚོན། རིན་པོ་ཆེའི་སྤྱན་ལམ་དུ་གཟིགས་འབུལ་གནང་བ་ལ། ཁོང་ཉིད་ཤིན་ཏུ་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྟེ། བསྔགས་བརྗོད་དང་བཀྲ་ཤིས་ཀྱི་མེ་ཏོག་གཏོར་བ་མ་ཟད། འདི་འདྲའི་གཡུང་དྲུང་བོན་གྱི་གྲྭ་ས་རྒྱ་ཆེན་བ། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་འཛོམས་པ་འདི་འདྲ། སྔར་སོར་གཟིགས་རྟོགས་བྱུང་མ་མྱོང་ཞེས་ཡ་མཚན་གྱི་གདེང་འཇོག་ཚད་མཐོ་གནང་བ་དང་། ཕྱག་འགྱེད་དང་ཆོས་སྲིད་གཉིས་ཀྱི་མཐུན་ལམ་གྱི་བཀའ་ཆབ་མང་དུ་བསྩལ། གདུལ་བྱ་ཐུན་མོང་གི་རིགས་ལ། མ་ཎི་ཏཱ་རེ་སོགས་ཀྱི་ལྗགས་ལུང་གང་མང་བསྩལ་བ་རྣམས་ནི། རིན་པོ་ཆེ་མཆོག་ཉིད་གཡུང་དྲུང་བོན་གྱི་གདན་ས་ཆེ་གྲས་ཁག་ལ་བསྐྱོན་ཏེ། ཕྱོགས་རིས་མཁྲེགས་འཛིན་གྱི་ལྟ་བ་ཡེ་ནས་མེད་པར། གྲུབ་མཐའ་ཐམས་ཅད་འགལ་མེད་དུ་རྟོགས་པའི་དགོངས་སྤྱོད་ཟབ་མོའི་ཉམས་ལེན་ཁོ་ན་ཡིན། སྤྱི་ལོ1989ལོར་གཙང་བཀྲ་ཤིས་ལྷུན་པོའི་དགོན་དུ། པན་ཆེན་སྐུ་ཕྲེང་རིམ་བྱོན་གྱི་སྐུ་གདུང་མཆོད་རྟེན་ལེགས་འགྲུབ་ཀྱི་མཛད་སྒོའི་སྟེང་། གཡུང་དྲུང་གླིང་གི་དཔོན་སློབ་ཀུན་བཟང་བློ་གྲོས་དང་། དགེ་སློང་ཤེས་རབ་བསྟན་འཛིན་རྣམ་གཉིས། རྟེན་འབྲེལ་མཛད་སྒོའི་མིག་འབྱེད་དུ་གདན་དྲངས། དེ་བཞིན་དུ་གྲུབ་མཐའ་སོ་སོའི་བླ་སྤྲུལ་དགེ་བཤེས་རྣམས་དང་། སྲིད་འཛིན་འགོ་ཁྲིད་ལས་བྱེད་མི་སྣ་སྐབས་དེར་གདན་འདྲེན་ཞུས་པ་ནི། རིན་པོ་ཆེ་མཆོག་ལ་ཕྱོགས་འཛིན་གྱི་བག་ཆགས་ཡེ་ནས་གོས་མ་མྱོང་བས། སངས་རྒྱས་སྨོན་ལམ་མཐའ་ཡས་ཀྱི་ཐུགས་དགོངས་མཁའ་ལྟར་དུ་དག་པའི་རྣམ་ཐར་དུ་གོ་བ་ཡིན།

 
གཉིས།
དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་ནང་། པཎ་ཆེན་རིན་པོ་ཆེ་མཆོག་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དུ་ཆིབས་བསྒྱུར་གནང་སྐབས། དེར་ཉག་རོང་རྫོང་དབལ་ཁྱུང་དགོན་དུ་བཞུགས་པའི། གཡུང་དྲུང་བོན་གྱི་བཀའ་འགྱུར་རིན་པོ་ཆེ་ཆ་ཚང་གཅིག་མ་གཏོགས། བོད་གངས་ཅན་དུ་མི་བཞུགས་པའི་གནས་ཚུལ་གསན་རྗེས། དཀར་མཛེས་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་རྣམས་ལ་བསྟན་དོན། བོད་རང་ས་ནས་བྱུང་བའི་གཡུང་དྲུང་བོན་གྱི་བཀའ་འགྱུར་རིན་པོ་ཆེ་ནི། རང་མི་རིགས་ཀྱི་ཁྱད་ནོར་ཕུན་སུམ་ཚོགས་པའི་ནོར་བུ་འགངས་ཆེན་ཞིག་དང་། འཛམ་གླིང་རང་བཞིན་གྱི་རིག་དངོས་ངོ་མཚར་བ་ཞིག་ཀྱང་ཡིན་པས། དེ་ལ་སྲུང་སྐྱོབ་དང་། ཉར་ཚགས། དཔར་སྐྲུན་བྱེད་རྒྱུའི་ཐད་ལ་གྲོས་གཞི་བཏོན། སྐབས་དེར་ཉག་རོང་རྫོང་ཡེ་ཤེས་དགོན་གྱི་བླ་མ་ཨ་གཡུང་ངམ་གཡུང་དྲུང་བསྟན་པའི་རྒྱལ་མཚན་མཆོག་ནི། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱི་དབུ་འཛིན་གཞོན་པའི་འགན་འཁུར་ཡོད་པས། དཔར་བསྐྲུན་བྱ་བའི་ལས་ཀྱི་འགན་ལྕི་དམ་པ་ཁོང་གི་ཕྲག་ཏུ་བཞེས། རིན་པོ་ཆེའི་མཆོག་གི་བཀའ་གསུང་གཙིགས་སུ་བཟུང་ནས། བླ་མ་ཨ་གཡུང་རིན་པོ་ཆེ་ཡང་ས་གནས་དེ་ཀ་ལས་གཞན། སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་དུ་ཕེབས་ནས། གྲུབ་མཐའ་ཀུན་ལ་ཕྱོགས་རིས་མི་མངའ་བའི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ། གཟན་དཀར་རིན་པོ་ཆེ་ཐུབ་བསྟན་ཉི་མས་ཁོང་ལ་རྒྱབ་སྐྱོར་དང་ཕྱག་རོགས་བླ་མེད་མཛད་པའི་ཁར། གཡུང་དྲུང་བོན་གྱི་བཀའ་འགྱུར་རིན་པོ་ཆེ་དེ་ཉིད། སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་གིས། ཆེས་ཐོག་མར་ཞན་པར་དུ་བསྐྲུན་པ་རེད། དེ་ནི་པཎ་ཆེན་རིན་པོ་ཆེའི་མཆོག་གིས། བོད་མི་རིགས་ཀྱི་རྩ་བའི་རིག་གནས་ལ། མཐོང་ཆེན་དང་ཐུགས་འཁུར་ཟབ་བཞེས་མཛད་པའི་འབྲས་རྟགས་ཁོ་ན་ཡིན་པར་མ་ཟད། གཡུང་དྲུང་བོན་གྱི་གཙུག་ལག་རིག་གནས་ལ། གདེང་འཇོག་ཚད་མཐོ་གནང་བའི་སྐུལ་འདེད་ཀྱི་གྲུབ་འབྲས་ལེགས་པོ་ཞིག་ཀྱང་རེད།
སྤྱིར་བོད་བཙན་པོའི་རྒྱལ་རབས་སོ་གསུམ་གྱི་སྐབས་ནས་བཟུང་། བན་བོན་གྲུབ་མཐའི་ཕྱོགས་ལྷུང་གིས་འཐབ་རྩོད་རྒྱུན་མ་ཆད་པར་བྱུང་ན་ཡང་། མཁས་རློམ་རེ་འགས། གཡུང་དྲུང་བོན་གྱི་གཞུང་ལུགས་དང་། ལྟ་སྤྱོད་སྒོམ་འབྲས་ཀྱི་གནས་རྣམས་ཅི་འདྲ་ཞིག་ཡིན་པ་གཞི་ནས་མ་ཚོར་ཏེ། རང་ཉིད་ཀྱི་ཆེ་བའི་ང་རྒྱལ་དང་གྲགས་འདོད་ཀྱི་སྤོབས་པ་རྒྱས་ཕྱིར། བླུན་འཁོར་མང་དུ་བསྡུས་ནས་ཁ་འཛིན་དང་དཔུང་རོགས་ལ་སྐྱབས་བཅོལ་ཞིང་། མང་པོས་སྟོབས་ཤུགས་ལས་ཉུང་བར་གཉའ་གནོན་བྱེད་པའི་ལས་སུ་ཞུགས་ནས། བོན་པོའི་གྲུབ་མཐའ་ནི། ནང་བ་སངས་རྒྱས་ཀྱི་གྲལ་དུ་མི་འཇོག་པར་སྒྲོ་སྐུར་སྣ་ཚོགས་བཏབ་སྟེ། ཕྱི་རོལ་མུ་སྟེགས་པའི་གྲས་སུ་འཇོག་ཅི་ཐུབ་གང་ཐུབ་བྱས་ན་ཡང་། པཎ་ཆེན་རིན་པོ་ཆེའི་ཐུགས་ཀྱི་དགོངས་རྟོགས་ཁྱད་པར་ཅན་ནི་དེ་ལས་ལྡོག་སྟེ། གཡུང་དྲུང་བོན་ནི་བོད་གངས་ཅན་གྱི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་རྩ་ཆེན་ཞིག་དང་། འཚེ་མེད་སྙིང་རྗེ་ཅན་གྱི་བདག་ཉིད། ལྟ་བ་བཀར་རྟགས་ཀྱི་ཕྱག་རྒྱ་རྣམ་བཞི་ཁས་ལེན་དོན་གཉེར་ཅན་གྱི་གྲུབ་མཐའ་ཞིག་ཡིན་པ་ཐུགས་ཀྱིས་བཞེས། ལོ་རབས་དྲུག་ཅུ་བའི་སྐབས་སུ་རྡོ་སྦིས་དགེ་བཤེས་ཆེན་མོ། རྗེ་བཙུན་ཤེས་རབ་རྒྱ་མཚོ་མཆོག་གིས་སྲིད་གཞུང་ལ་སྙན་ཞུས་གནང་སྟེ། ཨ་མདོའི་ཕྱོགས་ཀྱི་བོན་དགོན་རྣམས། བོད་བརྒྱུད་ནང་བསྟན་གྱི་གྲས་སུ་བཞག་སྟེ་ཆོས་ཀྱི་སྒོ་མོ་ཕྱེས་པ་རེད།
ལྷག་པར་དུ་ལོ་རབས་བརྒྱད་ཅུ་བའི་ནང་། ཏང་གིས་ཆོས་ལུགས་སྒོ་འབྱེད་ཀྱི་སྲིད་ཇུས་ལག་བསྟར་བྱེད་པའི་སྐབས་སུ་ཡང་། རྒྱལ་ཁབ་མི་རིགས་ཆོས་ལུགས་དོན་གཅོད་ཨུ་ཡོན་ལྷན་ཁང་དང་། བོད་ཀྱི་བླ་སྤྲུལ་འགའ་རེས་ནས་གྲོས་བསྡུར་ཏེ། བོན་པོའི་གྲུབ་མཐའ་བོད་བརྒྱུད་ནང་བསྟན་གྱི་གྲས་སུ་འཇོག་རྒྱུའི་ཐད་ལ་གྲོས་འཆམ་མ་བྱུང་བས། བོད་རང་སྐྱོང་ལྗོངས་དམངས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སྐུ་གཞོན་དང་། ཧོར་སྤྱི་ཁྱབ་རྒྱལ་པོའི་གདུང་སྲས་གཡུང་དྲུང་རྒྱལ་བ་མཆོག་ལ་བཀའ་གྲོས་གནང་སྟེ། བོན་པོའི་གྲུབ་མཐའ་འདི་བོད་བརྒྱུད་ནང་བསྟན་གྱི་གྲས་སུ་འཇོག་མིན་ལ། ལྟ་ཚུལ་གཉིས་སུ་གླེང་འདུག་པས། འདིའི་ཐད་ནས་ཁྱེད་ལ་དགོངས་འཆར་ཅི་ཡོད་ཅེས་བཀའ་འདྲི་བྱས་པ་ལ། ང་ཚོ་བོན་པོའི་བསྟན་པ་ནི། བོད་མི་རིགས་རང་གི་མེས་པོ་གོང་མ་རྣམས་ཀྱི་བློ་གྲོས་ཀྱི་རྩལ་ལས་བྱུང་བའི་ཁྱིམ་རྒྱུད་ཀྱི་ནོར་བུ་རྩ་ཆེན་ཞིག་དང་། འཚེ་མེད་ཞི་བདེ་བསྐྲུན་པའི་བླ་མེད་ཀྱི་ལྟ་བ་ཞིག་ཀྱང་ཡིན་པས། བོད་གངས་ཅན་གྱི་ལྗོངས་འདིར་དུས་སྔ་མོ་ནས་བཟུང་། གཡུང་དྲུང་བོན་གྱིས་བསྟན་པ་ནི་བོད་མིའི་ཤ་གསེང་རུས་གསེང་དུ་ཐིམ་པ་མ་ཟད། མུ་སྟེགས་པའི་བསྟན་པ་གངས་ཅན་ལྗོངས་འདིར་བྱུང་མ་མྱོང་བས། ང་ཚོ་ནང་བསྟན་གྱི་གྲས་སུ་བཞག་མ་བཞག་གང་ཡང་ཆོག་གི་ཞེས་བཀའ་ལན་གནང་མོད། དེའི་རྗེས་པཎ་ཆེན་རིན་པོ་ཆེ་མཆོག་གིས་ཐུགས་གསན་བྱུང་སྟེ། གདུང་སྲས་གཡུང་དྲུང་རྒྱལ་བ་ཚང་ཁོང་གི་དྲུང་དུ་བོས་ནས། ཁྱོད་ཀྱིས་བོན་པོའི་གྲུབ་མཐའ་བོད་བརྒྱུད་ནང་བསྟན་གྱི་གྲས་སུ་བཞག་ཀྱང་རུང་ལ། མ་བཞག་ཀྱང་ཆོག་ཟེར་བ་ནི་ཁྱོད་ཀྱི་ནོར་འཁྲུལ་ཞིག་རེད། གཡུང་དྲུང་བོན་ནི་ བོད་མི་རིགས་ཀྱི་ཕ་མྱེས་ཡང་མྱེས་ནས་བརྒྱུད་པའི་རྩ་བའི་ལྷ་ཆོས་ཡིན་པས། ང་ཚོ་བོད་པ་རྣམས་ཀྱིས་མཐུན་སྒྲིལ་གྱི་གོང་བུ་གཅིག་གྱུར་དང་། སྟོབས་ཤུགས་ཀྱི་དཔུང་བ་མཉམ་གཤིབ། སེམས་ཅན་ལ་བདེ་སྐྱིད་ཀྱི་འཚོ་བ་གསར་བ་བསྐྲུན་དགོས་ན། ཀུན་ཀྱང་བོད་བརྒྱུད་ནང་བསྟན་གྱི་གྲས་སུ་བཞག་ན་ཕན་ཐོགས་ཆེན་པོ་འདུག་ཅེས་མཛུབ་སྟོན་གལ་ཆེན་གནང་བ་ལྟར། ཞིང་ལྗོངས་ལྔ་ན་གནས་པའི་གཡུང་དྲུང་བོན་གྱི་གྲུབ་མཐའ་འཛིན་པའི་དགོན་སྡེ་ཐམས་ཅད། ཀྲུང་གོ་བོད་བརྒྱུད་ནང་བསྟན་གྱི་གྲས་སུ་བཞག་པ་ཡིན་པ་ཤིན་ཏུ་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་ཡིན།
ཁྱད་པར་དུ་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དབུ་བཙུགས་པ་ནས་བཟུང་། སློབ་གླིང་དེ་གར་བོན་གྱི་བླ་མ་དང་སྤྲུལ་སྐུ། དགེ་བཤེས། གྲྭ་བཙུན་སོགས་རིམ་གྱིས་བསྡུ་ལེན་བྱས་ཡོད་དེ། ༡༩༨༨ལོའི་སྤྱི་ཟླ་དགུ་པར་སྐབས་གཉིས་པའི་བླ་སྤྲུལ་བསྡུ་ལེན་བྱེད་པའི་སྐབས་སུ་ཡང་། སྣང་ཞིག་དགོན་གྱི་བླ་མ་ནམ་མཁའ་རིན་ཆེན་ཚང་དང་། སྐབས་གསུམ་པར་རྟོགས་ལྡན་དགོན་པའི་དགོན་བདག ཚུལ་ཆེན་སྐུ་ཕྲེང་གསུམ་པ་ཐེག་མཆོག་བསྟན་པའི་ཉི་མ། འདི་གཉིས་རིན་པོ་ཆེ་ཞལ་བཞུགས་དུས་བསྡུ་ལེན་བྱས་ཡོད་པ་དང་། དེའི་རྗེས་སྐབས་བཞི་བར་སྣང་ཞིག་དགོན་གོང་མའི་བྱ་འཕུར་སྤྲུལ་སྐུ་ནམ་མཁའ་རྒྱལ་མཚན་སོགས་ཀྱིས་མཚོན། སྦྱངས་འབྲས་ཕུན་སུམ་ཚོགས་པའི་བོན་གྱི་བླ་སྤྲུལ་དུ་མ་བསྡུ་ལེན་བྱས་པ་མ་ཟད། གཡུང་དྲུང་བོན་དང་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པ་ནི། ནང་བ་སངས་རྒྱས་ཀྱི་རིང་ལུགས་འཛིན་པའི་གྲུབ་མཐའ་ཆེན་པོ་ཡིན་པར་ཞལ་བཞེས་གནང་བས་ན། རིམ་གྱིས་གྲུབ་མཐའི་འཐབ་རྩོད་ཞི་འཇགས་སུ་སོང་སྟེ། བོན་པོ་རྣམས་ཀྱང་རང་དབང་གི་འཚོ་བར་ལོངས་སུ་སྤྱོད་པའི་གོ་སྐབས་བྱུང་བ་རེད། དེར་བསྟུན་པཎ་ཆེན་རིན་པོ་ཆེའི་མཆོག་གི་མཁྱེན་དཔྱོད་དྲི་མ་མེད་པའི་ཐུགས་བཞེད་ལྟར་དུ། ཀུན་མཁྱེན་འཇམ་དབྱངས་བཞད་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་ཀྱང་། སྤྱི་ལོ2010ལོ་ནས་བཟུང་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ། གཡུང་དྲུང་བོན་གྱི་སློབ་བསྡུའི་སྟོབས་ཤུགས་ཇེ་མཐོར་བཏང་སྟེ། བོན་གྱི་དགེ་བཤེས་ཚད་ལྡན་འགའ་ཤས་དགེ་རྒན་དུ་གདན་དྲངས། གཡུང་དྲུང་བོན་གྱི་འབྲིང་རིམ་པ་དང་མཐོ་རིམ་རབ་འབྱམས་པའི་འཛིན་གྲྭ་གཉིས་སུ་བསྒྲུབས་ནས། སྦྱངས་འབྲས་གཡུར་དུ་ཟ་བའི་འབྲས་རྟགས་ལ། ནང་བསྟན་མཐོ་རིམ་པའི་དགེ་བཤེས་ཀྱི་མཚན་སྙན་དང་། ནང་བསྟན་ཡོན་གནས་འཛིན་པའི་ལག་འཁྱེར་ཐོབ་པ་མང་དུ་བྱུང་། འདི་དག་ནི་པཎ་ཆེན་རིན་པོ་ཆེའི་མཆོག་གི་དགོངས་སྤྱོད་དང་ཁོང་གི་རྗེས་འབྲེང་བསྟན་འཛིན་ཆེན་པོ་རྣམས་ཀྱིས། གཡུང་དྲུང་བོན་ལ་བརྩེ་གཟིགས་ཚད་མེད་གནང་བའི་གནས་ཚུལ་བསྡུས་ཕྲན་ཙམ་ཞིག་བཀོད་པ་ཡིན།

 
གསུམ།
མདོར་ན་སངས་རྒྱས་མི་རུ་སྤྲུལ་བའི་མཛད་ཕྲིན་བསམ་གྱིས་མི་ཁྱབ་པ་རྣམས་གང་ཟག་ བློ་ཡིས་དཔོག་པ་ཞིག་ག་ལ་ཡིན་གྱི། འོན་ཀྱང་ཚུར་མཐོང་བྱིས་བློའི་སྣང་ངོར། གྲུབ་པའི་སྐྱེས་ཆེན་དམ་པའི་རིས་མེད་ཀྱི་མཛད་སྤྱོད་ལས། འདིར་གཡུང་དྲུང་བོན་ལ་ཐུགས་ཞེན་ཆེ་བའི་གནས་ཚུལ་ཕྲན་བུ་རེ་ཞུས་པ་ཡིན་ཏེ། ཀུན་གཟིགས་པཎ་ཆེན་མཆོག་གིས་རྒྱལ་གཅེས་ཆོས་གཅེས་དང་། སྤྱི་ཚོགས་འཆམ་མཐུན། འཛམ་གླིང་ཞི་བདེ། མི་རིགས་ཡར་ཐོན། སློབ་གསོ་གཙིགས་ཆེན་དུ་བཟུང་ནས། རང་ཉིད་གྲུབ་མཐའ་གང་ལ་ཞུགས་ཀྱང་རང་ལྟ་ཁོ་ན་ལ་ ཆགས་པར་མི་བྱ་ཞིང་། གཞན་གྱི་གྲུབ་མཐའ་གང་ལའང་དག་སྣང་འཇོག་པ་ལས་སྨོད་པར་མི་གཏོང་བ། རྒྱལ་བའི་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་ནས། གཅིག་གྲོགས་གཅིག་ཕན་གྱིས་མཛད་པའི་ཐུགས་བསྐྱེད་རླབས་པོ་ཆེ་དང་། སྟོན་པ་སངས་རྒྱས་ཀྱི་མཛད་པའི་ཁྱད་པར་ཙམ་དང་། གདུལ་བྱའི་བློ་སྟོབས་ཀྱི་སྒོ་ནས་ཐེག་པ་ཆེ་ཆུང་། བྱང་ཆུབ་འབྲས་བུ་ཐོབ་པ་ལ་མྱུར་བུལ་ཀྱི་ཁྱད་ཙམ་ཡོད་པ་མ་གཏོགས། ཅི་བསམ་གང་སྒྲུབ་ཐམས་ཅད་བསྟན་པ་དང་འགྲོ་བ་སེམས་ཅན་གྱི་མཐུན་རྐྱེན་དུ་དམིགས་ཤིང་། མཐར་ཐུག་བླ་མེད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཀྱི་དམིགས་ཡུལ་ནི་གཅིག་མཚུངས་ཡིན་པས། ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་ལྷད་མེད་ཀྱི་དགོངས་སྤྱོད་ཟབ་མོ་དང་། དཀྱེལ་ཡངས་པའི་རིས་མེད་ཀྱི་ལྟ་བ། མི་རིགས་ལ་བཅངས་པའི་བརྩེ་སེམས། ལྷག་བསམ་གྱིས་ཕྱུག་པའི་མཛད་ཕྲིན་སོགས་ནི། ང་ཚོས་བསྐལ་པ་ནས་བསྐལ་པའི་བར་དུ་བརྗེད་པར་མི་སྲིད་ལ། འཚེ་མེད་ཞི་བདེར་བརྩོན་པའི་ལྷག་བསམ་ཅན་རྣམས་ཀྱི་དད་པའི་རྟེན་དང་། རྗེས་སུ་ཡི་རངས་བྱེད་སའི་གནས་ཁོ་ན་ཡིན། མཐར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་མཆོག་གི་དགོངས་སྤྱོད་ཟབ་མོའི་མཛད་འཕྲིན་བསྐལ་པའི་མཐའ་རུ་བརྟན་ཞིང་དུས་རྣམ་ཀུན་ཏུ་མི་ནུབ་པར་གྱུར་ཅིག
2017ལོའི་སྤྱི་ཟླ1ཚེས8ཉིན།

རྩེ་ཞིག་ཤེས་རབ་བསྟན་པའི་ཟླ་བས།

ཧི་མའི་དྲ་ཚིགས་ལས་དྲངས།

436 total views, 2 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།