དགེ་བཤེས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེའི་གསུང་པོད་གཉིས་དཔར་དུ་བསྐྲུན་པ།

img062img063

ཨ་རིའི་ལིག་མི་རྐྱ་ཆོས་ཚོགས་ཀྱི་དབུ་འཛིན་དགེ་བཤེས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེའི་བོད་ཡིག་གསུང་རྩོམ་༼གཟི་བརྗིད་དང་གཟེར་མིག་གཉིས་ཀྱི་དཀར་ཆག་༽ཅེས་པ་དང་། ༼གཡུང་དྲུང་བོན་གྱི་གསུང་རྟེན་དཀར་ཆག་༽ཅེས་པ་གཉིས་རྒྱལ་ས་ལྡི་ལི་ནས་བསྐྱར་དུ་དཔར་སྐྲུན་ལེགས་གྲུབ་བྱུང་ཡོད་འདུག

Cover_Rinpoche.cdr

གོང་གི་དཔེ་དེབ་དེ་གཉིས་ཕྱོགས་སོ་སོའི་དཔེ་མཛོད་ཁང་དང་དགོན་སྡེ། སློབ་གྲྭ་ཆོས་ཚོགས་ཁག་སོགས་ལ་རིན་མེད་དུ་ཕུལ་གྱི་ཡོད་པ་ལགས་ན་ཐུགས་མཁོ་ཡོད་མཁན་རྣམས་ཀྱིས་འབྲེལ་བ་གནང་རོགས་ཞུ།

IMG_6683 IMG_6601

ཨ་རིའི་ལིག་མི་རྐྱ་ཆོས་ཚོགས། twr@ligmincha.org

རྒྱ་གར་དགེ་བཤེས་ཐུབ་བསྟན། +91 94180 48403 / 94117 17523

ཁྲི་གཡུང་དྲུང་། +91 98053 14566

Cover_Rinpoche.cdr

དཔེ་དེབ་འདིའི་རྩོམ་པ་པོ་དགེ་བའི་བཤེས་གཉེན་ཆེན་མོ་མཆོག་སྤྲུལ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་ནི་མཛད་རྗེས་བོན་ལ་ཆེ་བའི་སྐྱེས་ཆེན་ཞིག་སྟེ། ད་བར་ཤར་ནུབ་རྒྱལ་ཁབ་ཉི་ཤུ་ལྷག་གི་ནང་བོན་ཚོགས་སུམ་ཅུ་སོ་ལྔ་ལྷག་གསར་དུ་བཙུགས་ཤིང་། དབྱིན་བོད་གཙོས་སྐད་ཡིག་སྣ་ཚོགས་ཐོག་ལྗགས་རྩོམ་དཔེ་དེབ་བཅོ་བརྒྱད་སྤེལ། རྒྱལ་ཁབ་འདྲ་མིན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གྲགས་ཅན་བཅུ་ཕྲག་རེ་འགས་གསུང་བཤད་སློབ་དཔོན་དུ་གདན་དྲངས། འཛམ་གླིང་འདིར་སྙན་གྲགས་ལྡན་པའི་གཟེངས་བསྟོད་སློབ་ཡོན་ཆེན་མོ་ལྔ་ཙམ་བཞེས་མྱོང་བ་སོགས་མཛད་འཕྲིན་ཕྱག་རྗེས་ཕུལ་བྱུང་དུ་མ་བདོག་པས་ན། འདིར་ཁོང་གི་སྐུ་ཚེའི་ལོ་རྒྱུས་གཙོ་གལ་ཆེ་བ་འགའ་ཞིག་གླེང་བར་སྤྲོ།

མཆོག་སྤྲུལ་རིན་པོ་ཆེ་ཁོང་ནི། ཡབ་ཨོ་ཐོག་བྱམས་པ་བསྟན་དར་དང་། ཡུམ་ཡེ་ཤེས་ལྷ་མོ་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༩༦༡ལོར་རྒྱ་གར་ཨ་འབར་སར་(Amritsar)དུ་སྐུ་འཁྲུངས། ༡༩༧༡ལོར་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ྋསྐྱབས་རྗེ་ྋསྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེའི་དྲུང་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་ནོས། དེ་ནས་ྋསྐྱབས་རྗེ་ྋསྨན་རིིའི་ཡོངས་འཛིན་ཐུ་བོ་དཔོན་སློབ་སངས་རྒྱས་བསྟན་འཛིན་རིན་པོ་ཆེའི་དྲུང་ནས་རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་བཀའ་རྒྱུད་སྐོར་བཞི་ཉམས་རྒྱུད་རྒྱས་འབྲིང་བསྡུས་གསུམ་སོགས་ཀྱི་ཁྲིད་ལུང་དབང་གསུམ་ཞུས་ཤིང་། རིགས་དྲུག་རང་སྦྱོང་གི་གདམས་པ་དང་། མུན་མཚམས་སོགས་ཀྱི་ཉམས་ལེན་ཡང་རྒྱ་ཆེར་གནང་།

༡༩༧༨ལོར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཁོངས་སུ་སྒྲིག་ཞུགས་ཀྱིས་ྋསྐྱབས་རྗེ་ྋསྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དང་། ྋསྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ། ལྷ་རམས་པ་བརྩོན་འགྲུས་གོང་འཕེལ་སོགས་བཤེས་གཉེན་དུ་མའི་དྲུང་ནས་གཙོ་བོ་ཐུན་མིན་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་དང་། བྱེ་བྲག་ཏུ་ཐུན་མོང་རིག་གནས་སུམ་རྟགས་དང་སྙན་ངག སྒྲ་དང་སྡེབ་སྦྱོར། འབྱུང་རྩིས་དང་སྐར་རྩིས། གསོ་བ་རིག་པ་དང་དཀྱིལ་འཁོར་ཐིག་རྩ། ཆོ་ག་ཕྱག་ལེན་དང་སྐད་ཀྱི་བྱེ་བྲག་སོགས་ལ་སྦྱང་བརྩོན་ཡང་དག་གནང་། སྐབས་དེར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་སོགས་ཀྱི་ཐུགས་འགན་ཡང་བསྒྲུབས། ༡༩༨༦ལོར་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས།

༡༩༨༧ལོར་རྡ་ས་བོད་ཀྱི་དཔེ་མཛོད་ཁང་དུ་ཕྱག་ལས་གནང་མུར་དེར་ཡོད་གཡུང་དྲུང་བོན་གྱི་གསུང་རབ་(༡༩༥༥ནས་༡༩༨༥བར་དཔར་སྐྲུན་གནང་བ་)ཁག་གི་དཀར་ཆག་རྩོམ་སྒྲིག་གནང་། ༡༩༨༨ལོར་མཁས་དབང་ནམ་མཁའི་ནོར་བུས་གདན་ཞུས་ལྟར་ཨི་ཊ་ལི་(Italy)མེ་རི་སྒར་ཆོས་ཚོགས་སུ་སློབ་མ་རྣམས་ལ་དཔེ་ཁྲིད་དང་། རོམ་(Rome)མཐོ་སློབ་ཀྱི་ཤར་ཕྱོགས་སློབ་གཉེར་ཁང་ཆེན་མོའི་ནང་བོད་ཀྱི་ཆོས་ལུགས་ཁག་གི་གསུང་རབ་རྣམས་ཀྱི་དཀར་ཆག་རྩོམ་སྒྲིག་ཀྱང་གནང་། གཞན་ཡང་ཁོང་ཉིད་“ཞང་ཞུང་སློབ་གཉེར་ཁང་”(Shangshung Institute)ཐོག་མར་དབུ་འཛུགས་གནང་མཁན་གྲས་སུའང་ཡོད།

༡༩༩༠ལོར་ཨ་རིར་ཕེབས་ནས་ཟླ་བ་གསུམ་གྱི་རིང་ལ་ཨ་རིར་ཡོད་པའི་ཚོགས་པ་འདྲ་མིན་ཁག་ལ་བོད་ཀྱི་ཤེས་རིག་དང་། རྒྱལ་རབས་ལོ་རྒྱུས། ལྷག་པར་དུ་གཡུང་དྲུང་བོན་གྱི་སེམས་སྡེའི་སྐོར་འཆད་ཁྲིད་རྒྱ་ཆེར་གནང་། ༡༩༩༡ལོར་ཡོངས་གྲགས་རྒྱལ་སྤྱིའི་མཁས་པའི་གཟེངས་རྟགས་གནང་མཁན་གྱི་ཚོགས་པ་(Rockefeller Fellowship)ནས་གདན་ཞུས་ལྟར་ཨ་རིའི་(Rice University)ལ་གསུང་ཁྲིད་གནང་བའི་ཐུགས་འགན་བཞེས་པས། ༡༩༩༤ལོར་(National Endowment for Humanities)ཞེས་པའི་ཞིབ་འཇུག་གཟེངས་བསྟོད་གྲགས་ཅན་དེ་ཡང་བཞེས།

༡༩༩༢ལོར་ཨ་རིར་“ལིག་མི་རྐྱའི་སློབ་གཉེར་ཁང་”ཞེས་པའི་བསྟན་འགྲོའི་དོན་ཆེན་རླབས་པོ་ཆེ་སྟེ། བོད་གནའ་བོའི་ཆོས་དང་རིག་གཞུང་བཤད་ཁྲིད་གནང་སའི་ཚོགས་པ་གསར་འཛུགས་གནང་བ་ནས་བཟུང་ད་བར་ནུབ་ཕྱོགས་ཨ་རི་དང་། མེག་སི་ཁོ། ལྷོ་ཨ་མེ་རི་ཁ། པོ་ལེན་ཌི། འཇར་མེ་ནི ། ཨོ་སི་ཁྲི་རི་ཡ། ཧྥ་རན་སི། སུད་སི། སི་པན། ཧོ་ལན་ཌི། ཧང་གྷ་རི། བྷེལ་འཇམ། ཅེག ཌེན་མག ཧྥིན་ལེན་ཌི། སི་ལོ་ཝ་ཀི་ཡ། ཨུ་རུ་སུ། ཉི་ཧོང་སོགས་རྒྱལ་ཁབ་དུ་མར་ལིག་མི་རྐྱའི་བོན་ཚོགས་ཆེ་ཆུང་མི་འདྲ་བ་སུམ་ཅུ་སོ་ལྔ་ལྷག་གསར་བཙུགས་ཀྱིས་སློབ་ཁྲིད་དང་དབུ་ཁྲིད་འཛིན་སྐྱོང་གནང་བཞིན་པར་མཆིས།

གཞན་ཡང་ཕྱིའི་རྟེན་བཞེངས་ཀྱང་མེག་སི་ཁོ་རུ་བོན་གྱི་མཆོད་རྟེན་ཐོག་བརྩེགས་བཅུ་གཅིག་ཅན་ཞིག་བཞེངས་ཡོད་པའི་འོག་ཐོག་གི་ལྷ་ཁང་ནང་མི་གྲངས་ཉིས་བརྒྱ་ལྷག་ཙམ་ཤོང་བ་དེ་ནི་ལྷོ་ཨ་རི་ཁུལ་གྱི་མཆོད་རྟེན་ཆེ་ཤོས་སུ་གྱུར། དེ་བཞིན་ཡུ་རོབ་ཀྱི་པོ་ལེན་ཌི་རྒྱལ་ཁབ་ཏུ་ཚོགས་ཁང་ནང་མི་གྲངས་བཞི་བརྒྱ་ཙམ་ཤོང་བའི་བོད་ལུགས་ཀྱི་དགོན་པ་གསར་བཞེངས་དང་། རྒྱ་གར་བྱང་ཕྱོགས་སུ་“ལི་ཤུ་སློབ་གཉེར་ཁང་”ཡང་བཞེངས་པར་མཛད།

མཛད་འཕྲིན་དེ་དག་གི་ཞོར་དུ་ཁོང་གིས་ཨ་རིའི་ཆོས་བརྒྱུད་རིས་མེད་མཁས་པའི་ལྷན་ཚོགས་འདུ་བསྐོངས་ཀྱིས་ཐོག་མའི་ཚོགས་གཙོའང་གཙོ་འགན་བཞེས་ཤིང་། ནུབ་ཕྱོགས་བོན་གྱི་བླ་མའི་ལྷན་ཚོགས་“ཕྱི་གླིང་བོན་ཚོགས་”ཞེས་པའང་ཐོག་མར་འདུ་འཛོམས་བཀོད་བསྒྲིགས་གནང་།

གཞན་ཡང་ཨ་རི་རྒྱལ་ཡོངས་སྐྲན་ནད་ཞིབ་འཇུག་ཚོགས་པ་(National Cancer Institute)ཡིས་ཨ་སྒོར་བྱེ་བ་གཉིས་དང་ཕྱེད་ཀའི་གཟེངས་བསྟོད་ཕུལ་བས་ཚན་རིག་དང་མཉམ་འབྲེལ་གྱིས་བོན་གྱི་རྩ་རླུང་འཕྲུལ་འཁོར་ལ་བརྟེན་ནས་སྐྲན་ནད་ཀྱིས་མནར་བའི་བུད་མེད་སུམ་བརྒྱ་ཙམ་ལ་ནད་གསོ་དྲག་བསྐྱེད་ཀྱི་བྱ་བཞག་གྲུབ་འབྲས་ཅན་སྔ་ཕྱི་ཐེངས་བཞི་སྤེལ། དེ་བཞིན་ཨ་རི་རྒྱལ་ཁབ་ཀྱི་བཙོན་ཁང་འདྲ་མིན་ནང་བཙོན་པའི་སེམས་ཁམས་ལ་སྨན་པའི་ཉམས་ལེན་སྒོམ་སྒྲུབ་ཀྱང་བསླབས་དང་སློབ་བཞིན་ཡོད། ད་དུང་ཨ་རི་ལྷོ་བྱང་གཉིས་སུ་སློབ་ཆུང་ནས་སློབ་ཆེན་དབར་གྱི་སློབ་མ་སུམ་བརྒྱ་ལྷག་ལ་“སྒོ་གསུམ་གྱི་ཉམས་ལེན་”(Three Doors)ཞེས་པའི་བོན་གྱི་སྒོམ་སྒྲུབ་སློབ་མགོ་བཙུགས་ནས་ལོ་གཉིས་འགྲོ་བ་སོགས་བོན་གྱི་བསྟན་པས་ནུབ་ཕྱོགས་སྤྱི་ཚོགས་སུ་ཞབས་འདེགས་བསྒྲུབས་དང་སྒྲུབ་བཞིན་མཆིས།

གསུང་རྩོམ་དེབ་གྲངས་བཅོ་བརྒྱད་བརྩམས་ཡོད་པ་རྣམས་ལས་རེ་འགའ་སྐད་ཡིག་མི་འདྲ་བ་ཉི་ཤུ་ལྷག་ལའང་བསྒྱུར་ཡོད་ཅིང་། ཕྱི་གླིང་དུ་བོན་བསྟན་དར་ཚུལ་གྱི་དངོས་བྲིས་གློག་བརྙན་“གསེར་གྱི་ཉི་མའི་འོད་སྣང་”(The Light of the GoldenSun)ཞེས་པ་ཞིག་ཀྱང་བསྐྲུན། དེ་བཞིན་ཆེད་བསྒྲིགས་བོན་ཁྲིད་སྒྲ་འཇུག་འོད་ལྡེར་སྣ་ཚོགས་ཀྱང་སྤེལ། ད་དུང་ཟླ་རེ་བཞིན་ཐད་གཏོང་དྲྭ་རྒྱའི་བརྒྱུད་ནས་རྒྱལ་ཁབ་བཞི་བཅུ་ཡས་མས་སུ་གནས་པའི་བོན་སྤྱོད་སློབ་མ་སྟོང་ཚོ་མང་པོར་རང་སྐད་ལོ་ཙཱ་དང་བཅས་བོན་ཁྲིད་གནང་བ་སོགས་དེང་རབས་འཕྲུལ་ཆས་ལམ་ནས་བོན་བསྟན་འཛིན་སྐྱོང་སྤེལ་གསུམ་མཛད་པའི་ངང་ནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་སྒོར་ཞུགས་པའི་ཕྱི་གླིང་སློབ་འབངས་ཁྲི་ཕྲག་ལ་ཉེ་བ་བོན་གྱིས་སྐྱོང་མུས་སུ་ཡོད་པ་ངོ་སྤྲོད་ཀྱི་དོད་དུ།

ཆོས་འཁོར་ཚང་དགེ་བཤེས་ཉི་མ་འོད་ཟེར་གྱིས་ཡུ་རོབ་མགོ་སེར་གླིང་ནས།

694 total views, 3 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།