གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཡུང་དྲུང་བོན་ལུགས་ལྟར་གཡུང་དྲུང་གི་མཚོན་དོན།

IMG_6773གཡས་སྐོར་གཡོན་སྐོར་ཙམ་གྱིས་ཁྱད་པར་ལས་དོན་ལ་བཀའ་བན་བོན་གཉིས་ཀ་དང་། ཕྱི་ནང་གི་ཁྱད་པར་མེད་པ་ཚང་མས་གཡུང་དྲུང་ཞེས་པའི་ཕྱག་མཚན་རྒྱུན་ལྡན་དུ་བཀོལ་སྤྱོད་བྱེད་བཞིན་འདུག་ནའང་། དེ་དག་གི་མཚོན་དོན་གང་ཡིན་གཞན་སྡེའི་གཞུང་ལུགས་ཁག་ལས་གསལ་པོར་མ་མཇལ། འོན་ཀྱང་གཡུང་དྲུང་བོན་གྱི་ལུགས་ལ་གཡུང་དྲུང་གཡས་སྐོར་འདི་ཡི་མཚོན་དོན་ཤིན་ཏུ་ཟབ་པར་སྣང་བ་འདི་ལྟ་སྟེ། གསང་ཆེན་མ་རྒྱུད་ཐུགས་རྗེ་ཉི་མའི་གཞུང་སྤྱིའི་དགོངས་དོན་མདོར་དྲིལ་བའི་དབང་དུ་བྱས་ན། གཡུང་དྲུང་ཞེས་པ་འདི་ནི། སེམས་ཉིད་མ་བཅོས་པའི་ཡིན་ལུགས་བློ་བྱས་ཀྱི་མཚན་མས་སྟོང་པའི་བོན་ཉིད་གཤིས་ཀྱི་གནས་ལུགས་བོན་སྐུ་ནམ་མཁའ་དང་འདྲ་བའི་སྐུ་མཆོག་མཚོན་པ་དང་། དུས་གསུམ་ཐོག་མཐའ་གང་གི་ཆར་ཡང་ནུབ་མ་མྱོང་བའི་མི་ནུབ་ཡེ་ཤེས་ཀྱི་ཆེ་བ་མངོན་བྱང་གི་སྐུ་མཚོན་པ་དང་། འདུས་བྱས་ཀྱི་མཚན་མ་ལས་གྲོལ་བའི་འགྱུར་མེད་རང་རིག་གི་སྐུ་མཆོག་བདེ་བ་ཆེན་པོའི་སྐུ་མཚོན་པ་དང་། སྐྱེ་འགག་གནས་གསུམ་གྱི་མཐའ་དང་བྲལ་བའི་སྟོང་གསལ་བདེ་བ་གསུམ་ཀའི་ངོ་བོ་སྐྱེ་མེད་ངོ་བོ་ཉིད་ཀྱི་སྐུ་མཚོན་པ་ཡིན། ཁྱད་པར་དུ་གསང་མཆོག་ཡབ་ཡུམ་གྱིས་རྒྱལ་རིགས་ཀྱི་གཤེན་པོ་མི་ལུས་བསམ་ལེགས་ལ་གསུངས་པའི་མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་ནང་ཚན་གཞི་ཡེ་སངས་རྒྱས་པའི་རྒྱུད་ཀྱི་ལེའུ་དྲུག་པ་མི་འགྱུར་ཐིག་ལེ་སྟོན་བྱེད་ཀྱི་གཞུང་གི་དཀྱུས་ཚིག་དང་། དེའི་འགྲེལ་རྒྱལ་རིགས་ཀྱི་གཤེན་པོ་མི་ལུས་བསམ་ལེགས་ཀྱིས་མཛད་པའི་མི་འགྱུར་ཐིག་ལེའི་འགྲེལ་གྱི་དགོངས་དོན་དང་སྦྱར་ཏེ་འཆད་ན། གཡུང་དྲུང་ཞེས་པའི་ཕྱག་མཚན་འདི་ནི་གསང་མཆོག་རིགས་ལྔ་མཚོན་བྱེད་ཡིན་པ་ཤིན་ཏུ་གསལ།

 

དང་པོ་གཡུང་དྲུང་གི་ལྟེ་བས་གསང་མཆོག་རིགས་ལྔའི་ནང་ཚན་དབུས་དེ་བཞིན་རིགས་ཀྱི་ལྷ་ཡི་ངོ་བོར་གནས་པ་ལྷ་གསང་མཆོག་མཐར་ཐུག་མཚོན་པར་གསུངས། ལྷ་གསང་མཆོག་མཐར་ཐུག་ཅེས་པ་འདི་ལ་ཡང་གཞུང་དོན་གྱི་རིམ་པ་དང་འབྲེལ་ཏེ་འཆད་ན་འདི་ལྟར་གོ་དགོས་པ་ཡིན་ཏེ། ཚོགས་ལམ་ཚོགས་ཀྱིས་བགྲོད། སྦྱོར་ལམ་བསྐྱེད་པའི་རིམ་པས་བགྲོད། མཐོང་ལམ་སྔགས་ཀྱིས་བགྲོད། མ་དག་ས་དྲུག་ལ་ཐབས་དྲུག་ལམ་ཁྱེར་གྱིས་བགྲོད། དག་པ་ས་གསུམ་ལ་ཐར་སྨིན་གྲོལ་གསུམ་གྱིས་བགྲོད་ནས་མཐར་ཐིག་ལེ་ཞེ་ལྔའི་ནང་ནས་འབྲས་བུའི་ཐིག་ལེ་བཅུ་མངོན་དུ་གྱུར་པ་དང་གཞི་ལམ་འབྲས་གསུམ་གྱི་ནང་ནས་འབྲས་དྲུག་མངོན་དུ་གྱུར་པའི་ཚེ། རྟེན་གྱི་རྣལ་འབྱོར་པ་དེ་ལ་ཉོན་མོངས་ཀྱི་མཚན་མ་དག་ཚུལ་གྱི་དབང་དུ་བྱས་ན་ཞེ་སྡང་གི་མཚན་མ་རང་སར་དག་པའི་རང་འབྱུང་གི་རིག་པ་ཟང་ཐལ་རང་སྣང་གིས་བསྡུས་པ་དེ་དང་། བདུད་རང་སར་དག་པའི་དབང་དུ་བྱས་ན་སྒྱུ་མ་གཟུགས་བརྙན་གྱི་བདུད་བརྒྱད་རང་སར་དག་པའི་རང་འབྱུང་གི་རིག་པ་ཟང་ཐལ་རང་སྣང་གིས་བསྡུས་པ་དེ་དང་། ཁམས་ལ་སྦྱར་ན་ཁམས་ལྔའི་ནང་ཚན་རྣམ་ཤེས་ནམ་མཁའི་ཁམས་རང་སར་དག་པའི་རང་འབྱུང་གི་རིག་པ་ཟང་ཐལ་རང་སྣང་གིས་བསྡུས་པ་དེ་དང་། ཡེ་ཤེས་ལ་སྦྱར་ན་སྟོང་པས་སྟོང་པ་འཇལ་བའི་སྟོང་ཉིད་ཡེ་ཤེས་གསལ་བྱེད་གཞན་ལ་མི་ལྟོས་པའི་སྟོང་པ་རང་གསལ་གྱི་ཡེ་ཤེས་དེ་དང་། ཐིག་ལེར་སྦྱར་ན་འབྲས་བུའི་ཐིག་ལེ་བཅུའི་ནང་ཚན་ཐིག་ལེ་དང་པོ་འབྲས་བུའི་ཐིག་ལེ་ཡེ་ཤེས་འགྱུར་མེད་ཀྱི་སྐུ་ཅན་དེ་དང་། ཞིང་ཁམས་ལ་སྦྱར་ན་ཞིང་ཁམས་ལྔ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འབྱུང་གནས་ཐིམ་གསུམ་གྱི་གཞི་རུ་གྱུར་པ་དབུས་དེ་བཞིན་རིགས་ཀྱི་ཞིང་ཁམས་དེ་ཉིད་དང་། རྩལ་ཤར་མཚན་དཔེས་བརྒྱན་པའི་སྐུའི་དབང་དུ་བྱས་ན། མཚན་དང་དཔེ་བྱད་ལྡན་པའི་སྐུ་ཡི་ངོ་བོར་གནས་པ་ངོ་བོ་སྟོང་པའི་ཆ་ལས་ལྷ་གསང་མཆོག་མཐར་ཐུག་ཏུ་གྱུར་ཏེ། སྐུ་ཚད་ནམ་མཁའི་མཐའ་དང་མཉམ་པ། དེ་ཡང་སྐུ་མདོག་མཐིང་འབྲང་ནམ་མཁའ་དག་པའི་ཁ་དོག་ཅན། སྐུ་མཚན་དང་དཔེ་བྱད་རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ་རུ་ཞལ་བདུན་དང་ལྡན་པ། མཐིང་འབྲང་དཀར་ལྗང་སེར་སྔོ་བཞི་ཕྱོགས་བཞིར་གཟིགས་པ། དམར་པོ་དང་དཀར་པོ་གྱེན་དུ་བརྩེགས་པ། བླ་མེད་ཡིད་བཞིན་ནོར་བུས་དབུ་ལ་བརྒྱན་པ། གཡུང་དྲུང་གི་དཔྲལ་རྒྱན། རིགས་རྟགས་ཀྱི་དབུ་རྒྱན། ཉི་ཟླའི་འཁོར་ལོ་དང་སྐར་མའི་ཆུར་འཁོར་བརྒྱན་པ། དབུ་གཙུག་ལྕང་ལོ་རལ་ཕྲན་སྐུ་ཕྱེད་སླེབ་པ། སྐུ་ཤ་རྒྱས་ཤིང་མཉེན་ལྕུགས་གར་དང་བཅས་པ། ཕྱག་གཡས་པ་བརྒྱད་ན་ལྷ་བརྒྱད་ཀྱི་ཐོད་པར་ལོག་རྟོག་མུ་སྟེགས་བརྒྱད་ཀྱི་སྙིང་ཁྲག་གསོལ་བ། གཡོན་པ་བརྒྱད་ན་གཟའ་བརྒྱད་ཀྱི་ཐོད་པར་ཐེ་ཚོམ་ཤས་ཆེ་ཆག་ཉམས་བག་ལ་ཉལ་བའི་དོན་སྙིང་བླུགས་པ་འཛིན་པ། ཞབས་བརྒྱད་མ་རྟོགས་པའི་བདུད་ནག་པོ་བརྒྱད་ཀྱི་གདན་ལ་འགྱིང་བ། སྐུ་ཡི་གནས་བརྒྱད་ཀླུ་ཆེན་བརྒྱད་སྦྲུལ་གྱི་ཆུན་འཁོར་བྱས་པ། བསེ་ནན་གྱི་གྱད་སྡོམ་རུས་པའི་རྒྱན་དྲུག བསྐལ་པའི་མེ་རི་འབར་བ། སྐུ་སྟོད་ལ་གསེར་གྱི་གར་གཤོག རྒོད་ཀྱི་ཐེའུ་སྤུ། རླུང་གི་དཔྱང་བུ་འཕུར་བ། བདུད་ཀྱི་གཡང་གཞི། གླང་ཆེན་གྱི་ཀོ་རློན། སེང་གེའི་ཤུན་དམར་གོས་སུ་གྱོན་པ། སྟག་གི་ཤམ་ཐབས། སྦྲུལ་གྱི་སྐུ་རེག ཐོད་པའི་ཕྲེང་བས་བརྒྱན་པ། ཐོད་སྐམ་གྱི་དབུ་རྒྱན། སྙིང་གི་མགུར་ཆུ། སོར་མོའི་དོ་རློན་འཕྲུལ་བ། ཁྲག་ཆེན་གྱི་དཔལ་བེའུ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུར་སྤྲས་པ། ཞབས་གཡས་པ་བཞི་བརྐྱངས་པ། གཡོན་པ་བཞི་བསྐུམས་པ། འགྱིང་དང་བརྗིད་པའི་གར་སྟབས་ཅན། ཁྲོས་པའི་ཚུལ་རྟུལ་ཤུགས་རབ་ཏུ་འབར་ཞིང་། བཞད་པའི་གད་སྒྲས་བདུད་དང་སྲིན་པོ་རྒྱལ་བ། སྔགས་ཀྱི་འབྲུག་སྒྲས་སྟོང་གསུམ་གནས་ནས་སྒྲོལ་བ། སྤྱན་སྙན་ཤངས་ལྗགས་བཅོས་པའི་ཁྲོ་གཉེར་རབ་ཏུ་འབར་བ། བ་སྤུ་ཡེ་ཤེས་གསེར་གྱི་ཚ་ཚ་རབ་ཏུ་འཕྲོ་བ། དྲན་པ་ཙམ་གྱིས་བདུད་དང་སྲིན་པོ་སྒྲོལ་བ། འགྱིང་བའི་གར་གྱིས་ཐམས་ཅད་ཟིལ་གྱིས་གནོན་པ། འཕགས་པའི་རྩལ་ཤུགས་ནམ་མཁའི་མཐའ་ལས་ཡལ་ལ་ཁད་པ། དཔག་པའི་ཆེ་བ་བླ་མེད་ཡང་རྩེར་ཕྱིན་པ། གཡོ་བའི་གཟི་མདངས་མཐའ་ལས་འདས་པའི་སྐུ་རུ་བཞུགས་ཤིང་ཐར་པའི་བརྡར་སེང་བརྒྱད་སྨིན་པའི་བརྡར་པད་མ་ཉི་མའི་གདན་གྲོལ་བའི་བརྡར་འཇིག་རྟེན་གྱི་བསླུ་བ་བརྒྱད་གདན་དུ་གཏིང་ཞིང་གཞན་སྣང་འགག་མེད་དུ་འཆར་བ་དེའོ། རྩལ་ཤར་གྱི་དབང་དུ་བྱས་པའི་གསང་མཆོག་མཐར་ཐུག་གི་སྐུ་མདོག་ཕྱག་མཚན་གྱི་བཀོད་པ་འདི་རྣམས་གསང་སྔགས་མ་རྒྱུད་རྒྱ་མཚོའི་མངོན་རྟོགས་ཐུགས་རྗེ་ཉི་མའི་འོད་ཟེར་ལས་ཚིག་དོན་ཇི་བཞིན་བཞུགས་པ་དེ་ལྟར་བཀོད་པ་ཡིན་ནོ།

 

གཉིས་པ་ཤར་གྱི་གྲུ་ཁུག་དེ་ནི་གསང་མཆོག་རིགས་ལྔའི་ནང་ཚན་ཤར་གཡུང་དྲུང་རིགས་ཀྱི་ལྷ་ཡི་ངོ་བོར་གནས་པ་གསང་མཆོག་རིག་པའི་ཁུ་བྱུག་མཚོན་པར་གསུངས། གསང་མཆོག་རིག་པའི་ཁུ་བྱུག་ཅེས་པ་འདི་ཡང་གཞུང་དོན་གྱི་རིམ་པ་དང་འབྲེལ་ཏེ་འཆད་ན་འདི་ལྟར་གོ་དགོས་པ་ཡིན་ཏེ། ལམ་བགྲོད་ཚུལ་གྱི་རིམ་པ་གོང་དང་མཚུངས་ལ་མཐར་ཐིག་ལེ་ཞེ་ལྔའི་ནང་ནས་འབྲས་བུའི་ཐིག་ལེ་བཅུ་མངོན་དུ་གྱུར་པ་དང་གཞི་ལམ་འབྲས་གསུམ་གྱི་ནང་ནས་འབྲས་དྲུག་མངོན་དུ་གྱུར་པའི་ཚེ། རྟེན་གྱི་རྣལ་འབྱོར་པ་དེ་ལ་ཉོན་མོངས་ཀྱི་མཚན་མ་དག་ཚུལ་གྱི་དབང་དུ་བྱས་ན་གཏི་མུག་གི་མཚན་མ་རང་སར་དག་པའི་རང་འབྱུང་གི་རིག་པ་ཟང་ཐལ་རང་སྣང་གིས་བསྡུས་པ་དེ་དང་། བདུད་རང་སར་དག་པའི་དབང་དུ་བྱས་ན་མ་རིག་པ་འཁྲུལ་པ་སྐྱེ་བའི་བདུད་རང་སར་དག་པའི་རང་འབྱུང་གི་རིག་པ་ཟང་ཐལ་རང་སྣང་གིས་བསྡུས་པ་དེ་དང་། ཁམས་ལ་སྦྱར་ན་ཁམས་ལྔ་ལས་མཚེར་པ་སའི་ཁམས་རང་སར་དག་པའི་རང་འབྱུང་གི་རིག་པ་ཟང་ཐལ་རང་སྣང་གིས་བསྡུས་པ་དེ་དང་། ཡེ་ཤེས་ལ་སྦྱར་ན་སྒྲིབ་བྱེད་མེད་པར་འོད་གསལ་གྱི་རང་བཞིན་དུ་གནས་པའི་མེ་ལོང་ལྟ་བུའི་ཡེ་ཤེས་གསལ་ལ་རྟོག་པ་རྡུལ་ཙམ་མེད་པའི་ཡེ་ཤེས་དེ་དང་། ཐིག་ལེར་སྦྱར་ན་འབྲས་བུའི་ཐིག་ལེ་བཅུའི་ནང་ཚན་ཐིག་ལེ་བདུན་པ་རིག་པའི་ཐིག་ལེ་གསལ་ལ་རང་བཞིན་མེད་པ་དེ་དང་། ཞིང་ཁམས་ལ་སྦྱར་ན་འགྱུར་མེད་གཡུང་དྲུང་གི་སྐུ་རུ་གནས་ཤིང་འཛིན་ཆགས་ཞེན་གསུམ་གྱིས་སྟོང་པའི་ཀུན་བཟང་གི་དགོངས་པ་དེ་ལ་རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་པར་ཤར་བས་ཤར་གཡུང་དྲུང་རིགས་ཀྱི་ཞིང་ཁམས་དེ་ཉིད་དང་། རྩལ་ཤར་མཚན་དཔེས་བརྒྱན་པའི་སྐུའི་དབང་དུ་བྱས་ན། མཚན་དང་དཔེ་བྱད་ལྡན་པའི་སྐུ་ཡི་ངོ་བོར་གནས་པ་ཡབ་གསང་མཆོག་རིག་པའི་ཁུ་བྱུག་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་པ། ནོར་བུ་རིན་པོ་ཆེ་ཡི་ཐོར་གཙུག གཡུང་དྲུང་གི་དཔྲལ་རྒྱན། རིན་པོ་ཆེ་ཡི་རྩེར་ཕྲན། ཨུད་དཔལ་གྱི་སྙན་ཆ། ཁྲོ་བོའི་ཞལ་རས་ལ། ཡེ་ཤེས་ཀྱི་སྤྱན་གསུམ་བསྒྲད་པ། གཡོ་བའི་སྨིན་མ་བསྐྱོད་པ། ཚངས་པའི་སྙན་གདེང་བ། ཁྲོས་པའིཤངས་སྤོར་བ། འཇིགས་པའི་ཞལ་གདང་བ། རྣོ་དབལ་གྱི་མཆེ་བ་གཙེགས་པ། དྲག་པོའི་ལྗགས་རློབས་པ། བསྐལ་པའི་འདུ་འཕྲོ་འདྲ་བའི་ཨག་ཚོམ་ཅན། སྐུ་སྟོད་ཆེ་བརྗིད་རོལ་བའི་ཁྲོ་ཚུལ་ལ། བདུད་ཀྱི་གཡང་གཞི་དང་། ཐོད་པའི་ཕྲེང་བ་དང་། རུས་པའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་པ་གཉིས་ན་ཤེས་རབ་ཀྱི་རལ་གྲི་དང་ཐབས་ཀྱི་མདའ་གཞུ་བསྣམས་པ། གཡོན་པ་གཉིས་ན་ཡེ་ཤེས་ཀྱི་གར་གདུང་དང་ཟོ་བོ་སྦར་ཤད་བསྣམས་པ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཞབས་གཉིས་གཡས་བརྐྱངས་གཡོན་བསྐུམས་པས་མ་རིག་འཁྲུལ་པའི་བདུད་དང་སྐྱེ་བའི་བདུད་མོ་མནན་ཏེ་གླང་ཆེན་གྱི་ཁྲི་ལ་བཞུགས་ཤིང་གཞན་སྣང་འགག་མེད་དུ་འཆར་བ་དེའོ། རྩལ་ཤར་གྱི་དབང་དུ་བྱས་པའི་གསང་མཆོག་རིག་པའི་ཁུ་བྱུག་གི་སྐུ་མདོག་ཕྱག་མཚན་གྱི་བཀོད་པ་འདི་རྣམས་གསང་སྔགས་མ་རྒྱུད་རྒྱ་མཚོའི་མངོན་རྟོགས་ཐུགས་རྗེ་ཉི་མའི་འོད་ཟེར་དང་གསང་སྔགས་མ་རྒྱུད་ལྷ་ཚོགས་སུམ་བརྒྱ་དྲུག་ཅུའི་སྒྲུབ་གཞུང་ལས་ཚིག་དོན་ཇི་བཞིན་བཞུགས་པ་དེ་ལྟར་བཀོད་པ་ཡིན་ནོ།

 

གསུམ་པ་བྱང་གི་གྲུ་ཁུག་དེ་ནི་གསང་མཆོག་རིགས་ལྔའི་ནང་ཚན་བྱང་འཁོར་ལོ་རིགས་ཀྱི་ལྷ་ཡི་ངོ་བོར་གནས་པ་གསང་མཆོག་གསང་བའི་རྒྱལ་པོ་མཚོན་པར་གསུངས། གསང་མཆོག་གསང་བའི་རྒྱལ་པོ་ཞེས་པ་འདི་ཡང་གཞུང་དོན་གྱི་རིམ་པ་དང་འབྲེལ་ཏེ་འཆད་ན་འདི་ལྟར་གོ་དགོས་པ་ཡིན་ཏེ། ལམ་བགྲོད་ཚུལ་གྱི་རིམ་པ་གོང་དང་མཚུངས་ལ་མཐར་ཐིག་ལེ་ཞེ་ལྔའི་ནང་ནས་འབྲས་བུའི་ཐིག་ལེ་བཅུ་མངོན་དུ་གྱུར་པ་དང་གཞི་ལམ་འབྲས་གསུམ་གྱི་ནང་ནས་འབྲས་དྲུག་མངོན་དུ་གྱུར་པའི་ཚེ། རྟེན་གྱི་རྣལ་འབྱོར་པ་དེ་ལ་ཉོན་མོངས་ཀྱི་མཚན་མ་དག་ཚུལ་གྱི་དབང་དུ་བྱས་ན་ང་རྒྱལ་གྱི་མཚན་མ་རང་སར་དག་པའི་རང་འབྱུང་གི་རིག་པ་ཟང་ཐལ་རང་སྣང་གིས་བསྡུས་པ་དེ་དང་། བདུད་རང་སར་དག་པའི་དབང་དུ་བྱས་ན་ཕུང་པོ་ལུས་ལེན་རྒས་པའི་བདུད་རང་སར་དག་པའི་རང་འབྱུང་གི་རིག་པ་ཟང་ཐལ་རང་སྣང་གིས་བསྡུས་པ་དེ་དང་། ཁམས་ལ་སྦྱར་ན་ཁམས་ལྔ་ལས་གློ་བ་རླུང་གི་ཁམས་རང་སར་དག་པའི་རང་འབྱུང་གི་རིག་པ་ཟང་ཐལ་རང་སྣང་གིས་བསྡུས་པ་དེ་དང་། ཡེ་ཤེས་ལ་སྦྱར་ན་བདག་གཞན་བྱ་བ་མ་བརྩལ་ཀྱང་ལྷུན་གྱིས་གྲུབ་པའི་བྱ་བ་ནན་ཏན་གྱི་ཡེ་ཤེས་དེ་དང་། ཐིག་ལེར་སྦྱར་ན་འབྲས་བུའི་ཐིག་ལེ་བཅུའི་ནང་ཚན་ཐིག་ལེ་དགུ་པ་ཡེ་ཉིད་ཐིག་ལེ་གསལ་བ་དེ་བཞིན་ཉིད་ཅེས་པ་དེ་དང་། ཞིང་ཁམས་ལ་སྦྱར་ན་དབང་བསྒྱུར་གྱི་འཁོར་ལོ་ཇི་བཞིན་ཡེ་ཤེས་ཀྱི་རང་སྣང་ལ་ཡེ་ཤེས་ཀྱི་འཁོར་ལོས་དབང་བསྒྱུར་ཞིང་བག་ཆགས་སྡིག་སྒྲིབ་བྱང་བའི་ཡེ་ཤེས་ཀྱི་སྟོབས་དང་ལྡན་པའི་བྱང་འཁོར་ལོ་རིགས་ཀྱི་ཞིང་ཁམས་དེ་ཉིད་དང་། རྩལ་ཤར་མཚན་དཔེས་བརྒྱན་པའི་སྐུའི་དབང་དུ་བྱས་ན། མཚན་དང་དཔེ་བྱད་ལྡན་པའི་སྐུའི་ངོ་བོར་གནས་པ་གསང་མཆོག་གསང་བའི་རྒྱལ་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་ཞབས་གཉིས་པ། ཁྲོ་བོའི་གདང་དྲུག་དང་ལྡན་པ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཕྱག་གཡས་པ་གཉིས་ན་བྱམས་པའི་རལ་ཀྱུ་དང་ཐུགས་རྗེའི་ལྕགས་ཀྱུ་བསྣམས་པ། ཕྱག་གཡོན་པ་གཉིས་ན་མི་ནུབ་པའི་རྒྱལ་མཚན་དང་འཛིན་བྱེད་ཀྱི་གཟེ་མ་བསྣམས་པ། ཞབས་གཉིས་གཡས་བརྐྱངས་གཡོན་བསྐུམས་པ། ཕུང་པོ་ལུས་ལེན་གྱི་བདུད་དང་རྒས་པའི་བདུད་གཉིས་གདན་དུ་བཏིང་བ། གཡང་གཞི་དང་སྟག་ཤམ་སྦྲུལ་ནག་གིས་བརྒྱན་ཏེ་རྟ་མཆོག་གི་ཁྲི་ལ་བཞུགས་ཤིང་གཞན་སྣང་འགག་མེད་དུ་འཆར་བ་དེའོ། རྩལ་ཤར་གྱི་དབང་དུ་བྱས་པའི་གསང་མཆོག་གསང་བའི་རྒྱལ་པོའི་སྐུ་མདོག་ཕྱག་མཚན་གྱི་བཀོད་པ་འདི་རྣམས་གསང་སྔགས་མ་རྒྱུད་རྒྱ་མཚོའི་མངོན་རྟོགས་ཐུགས་རྗེ་ཉི་མའི་འོད་ཟེར་དང་གསང་སྔགས་མ་རྒྱུད་ལྷ་ཚོགས་སུམ་བརྒྱ་དྲུག་ཅུའི་སྒྲུབ་གཞུང་ལས་ཚིག་དོན་ཇི་བཞིན་བཞུགས་པ་དེ་ལྟར་བཀོད་པ་ཡིན་ནོ།

 

བཞི་པ་ནུབ་ཀྱི་གྲུ་ཁུག་དེ་ནི་གསང་མཆོག་རིགས་ལྔའི་ནང་ཚན་ནུབ་པད་མ་རིགས་ཀྱི་ལྷ་ཡི་ངོ་བོར་གནས་པ་གསང་མཆོག་གསང་བའི་ཡེ་ཤེས་མཚོན་པར་གསུངས། ལྷ་གསང་མཆོག་གསང་བའི་ཡེ་ཤེས་ཞེས་པ་འདི་ཡང་གཞུང་དོན་གྱི་རིམ་པ་དང་འབྲེལ་ཏེ་འཆད་ན་འདི་ལྟར་གོ་དགོས་པ་ཡིན་ཏེ། ལམ་བགྲོད་ཚུལ་གྱི་རིམ་པ་གོང་དང་མཚུངས་ལ་མཐར་ཐིག་ལེ་ཞེ་ལྔའི་ནང་ནས་འབྲས་བུའི་ཐིག་ལེ་བཅུ་མངོན་དུ་གྱུར་པ་དང་གཞི་ལམ་འབྲས་གསུམ་གྱི་ནང་ནས་འབྲས་དྲུག་མངོན་དུ་གྱུར་པའི་ཚེ། རྟེན་གྱི་རྣལ་འབྱོར་པ་དེ་ལ་ཉོན་མོངས་ཀྱི་མཚན་མ་དག་ཚུལ་གྱི་དབང་དུ་བྱས་ན་འདོད་ཆགས་ཀྱི་མཚན་མ་རང་སར་དག་པའི་རང་འབྱུང་གི་རིག་པ་ཟང་ཐལ་རང་སྣང་གིས་བསྡུས་པ་དེ་དང་། བདུད་རང་སར་དག་པའི་དབང་དུ་བྱས་ན་ཆགས་འཁོར་ཉོན་མོངས་ན་བའི་བདུད་རང་སར་དག་པའི་རང་འབྱུང་གི་རིག་པ་ཟང་ཐལ་དེ་དང་། ཁམས་ལ་སྦྱར་ན་ཁམས་ལྔ་ལས་མཆིན་པ་མེའི་ཁམས་རང་སར་དག་པའི་རང་འབྱུང་གི་རིག་པ་ཟང་ཐལ་རང་སྣང་གིས་བསྡུས་པ་དེ་དང་། ཡེ་ཤེས་ལ་སྦྱར་ན་རྒྱ་མཚོ་དྭངས་པའི་ཀློང་དུ་གཟུགས་བརྙན་མ་འདྲེས་པར་སོ་སོར་གསལ་བ་བཞིན་རྩལ་ཤར་རོལ་པའི་སྣང་ཆ་རྣམས་མ་འདྲེས་པར་སོ་སོ་ནས་སྟོང་པའི་རང་གཟུགས་སུ་རྟོགས་པའི་སོར་རྟོགས་ཡེ་ཤེས་དེ་དང་། ཐིག་ལེར་སྦྱར་ན་འབྲས་བུའི་ཐིག་ལེ་བཅུའི་ནང་ཚན་ཐིག་ལེ་བརྒྱད་པ་བསམ་གཏན་ཐིག་ལེ་བདེ་བའི་ངང་ལ་གནས་ཞེས་པ་དེ་དང་། ཞིང་ཁམས་ལ་སྦྱར་ན་འདམ་གྱི་དྲི་མས་མ་འགོས་པའི་པད་མའི་སྐུ་མཆོག་ལྟར་མ་རིག་པའི་མཚན་མ་ནུབ་ཅིང་འཁྲུལ་པ་རྟོག་འཛིན་གྱི་ཚོགས་རྣམས་རང་བཞིན་ཡེ་དག་ཏུ་གནས་པས་ནུབ་པད་མ་རིགས་ཀྱི་ཞིང་ཁམས་དེ་ཉིད་དང་། རྩལ་ཤར་མཚན་དཔེས་བརྒྱན་པའི་སྐུའི་དབང་དུ་བྱས་ན། མཚན་དང་དཔེ་བྱད་ལྡན་པའི་སྐུའི་ངོ་བོར་གནས་པ་གསང་མཆོག་གསང་བའི་ཡེ་ཤེས་སྐུ་མདོག་གཡུ་འོད་འབར་བ། ཞལ་གཅིག་ཕྱག་བཞི་ཞབས་གཉིས་པ། སྤྱན་བཟློག་པ་ལ་སོགས་ཁྲོ་བོའི་གདང་དྲུག ཐོད་སྐམ་གྱི་དབུ་རྒྱན་དུར་ཁྲོད་ཆས་བརྒྱད་དང་ལྡན་པ། ཕྱག་གཡས་པ་གཉིས་ན་ཡེ་ཤེས་ཀྱི་རལ་ཀྱུ་དང་རེག་ཆོད་ཀྱི་ཤ་འབལ་འཛིན་པ། ཕྱག་གཡོན་པ་གཉིས་ན་དུག་གསུམ་འབུག་པའི་ཁ་ཊཾ་དང་དབལ་སོ་རུ་ཅོ་བསྣམས་པ། ཞབས་གཉིས་གཡས་བརྐྱངས་གཡོན་བསྐུམས་པ། ཆགས་འཁོར་ཉོན་མོངས་ཀྱི་བདུད་དང་ན་བའི་བདུད་གདན་དུ་བཏིང་སྟེ། ཆུ་སྲིན་གྱི་ཁྲི་ལ་བཞུགས་ཤིང་གཞན་སྣང་འགག་མེད་དུ་འཆར་བ་དེའོ། རྩལ་ཤར་གྱི་དབང་དུ་བྱས་པའི་གསང་མཆོག་གསང་བའི་ཡེ་ཤེས་ཀྱི་སྐུ་མདོག་ཕྱག་མཚན་གྱི་བཀོད་པ་འདི་རྣམས་གསང་སྔགས་མ་རྒྱུད་རྒྱ་མཚོའི་མངོན་རྟོགས་ཐུགས་རྗེ་ཉི་མའི་འོད་ཟེར་དང་གསང་སྔགས་མ་རྒྱུད་ལྷ་ཚོགས་སུམ་བརྒྱ་དྲུག་ཅུའི་སྒྲུབ་གཞུང་ལས་ཚིག་དོན་ཇི་བཞིན་བཞུགས་པ་དེ་ལྟར་བཀོད་པ་ཡིན་ནོ།

 

ལྔ་པ་ལྷོ་ཡི་གྲུ་ཁུག་དེ་ནི་གསང་མཆོག་རིགས་ལྔའི་ནང་ཚན་ལྷོ་རིན་ཆེན་རིགས་ཀྱི་ལྷ་ཡི་ངོ་བོར་གནས་པ་གསང་མཆོག་གསང་བའི་གཡུང་དྲུང་མཚོན་པར་གསུངས། ལྷ་གསང་མཆོག་གསང་བའི་གཡུང་དྲུང་ཞེས་པ་འདི་ཡང་གཞུང་དོན་གྱི་རིམ་པ་དང་འབྲེལ་ཏེ་འཆད་ན་འདི་ལྟར་གོ་དགོས་པ་ཡིན་ཏེ། ལམ་བགྲོད་ཚུལ་གྱི་རིམ་པ་གོང་དང་མཚུངས་ལ་མཐར་ཐིག་ལེ་ཞེ་ལྔའི་ནང་ནས་འབྲས་བུའི་ཐིག་ལེ་བཅུ་མངོན་དུ་གྱུར་པ་དང་གཞི་ལམ་འབྲས་གསུམ་གྱི་ནང་ནས་འབྲས་དྲུག་མངོན་དུ་གྱུར་པའི་ཚེ། རྟེན་གྱི་རྣལ་འབྱོར་པ་དེ་ལ་ཉོན་མོངས་ཀྱི་མཚན་མ་དག་ཚུལ་གྱི་དབང་དུ་བྱས་ན་ཕྲག་དོག་གི་མཚན་མ་རང་སར་དག་པའི་རང་འབྱུང་གི་རིག་པ་ཟང་ཐལ་རང་སྣང་གིས་བསྡུས་པ་དེ་དང་། བདུད་རང་སར་དག་པའི་དབང་དུ་བྱས་ན་འཆི་བདག་ལས་བརྩན་འཆི་བའི་བདུད་རང་སར་དག་པའི་རང་འབྱུང་གི་རིག་པ་ཟང་ཐལ་རང་སྣང་གིས་བསྡུས་པ་དེ་དང་། ཁམས་ལ་སྦྱར་ན་ཁམས་ལྔ་ལས་མཁལ་མ་ཆུའི་ཁམས་རང་སར་དག་པའི་རང་འབྱུང་གི་རིག་པ་ཟང་ཐལ་རང་སྣང་གིས་བསྡུས་པ་དེ་དང་། ཡེ་ཤེས་ལ་སྦྱར་ན་བཟང་ངན་ཆེ་ཆུང་གི་མཚན་མ་ལས་གྲོལ་ཞིང་གཟུང་འཛིན་གཉིས་ཀྱི་རྒྱ་མདུད་ལས་གྲོལ་བའི་འཁོར་འདས་མཉམ་པ་ཉིད་དུ་མཁྱེན་པའི་ཡེ་ཤེས་དེ་དང་། ཐིག་ལེར་སྦྱར་ན་འབྲས་བུའི་ཐིག་ལེ་བཅུའི་ནང་ཚན་ཐིག་ལེ་བཅུ་པ་སེམས་ཉིད་ཐིག་ལེ་ཅིར་ཡང་མ་བཅོས་པ་དེ་དང་། ཞིང་ཁམས་ལ་སྦྱར་ན་ཡོན་ཏན་མངོན་པར་རྫོགས་པའི་ཡིད་བཞིན་གྱི་ནོར་བུ་ལྟར་དཀྱིལ་འཁོར་རབ་འབྱམས་རྒྱ་མཚོའི་བཀོད་པ་རྣམས་འབད་མེད་ལྷུན་གྲུབ་ཏུ་བྱུང་བའི་ལྷོ་རིན་ཆེན་རིགས་ཀྱི་ཞིང་ཁམས་དེ་ཉིད་དང་། རྩལ་ཤར་མཚན་དཔེས་བརྒྱན་པའི་སྐུའི་དབང་དུ་བྱས་ན། མཚན་དང་དཔེ་བྱད་ལྡན་པའི་སྐུའི་ངོ་བོར་གནས་པ་ཡབ་གསང་མཆོག་གསང་བའི་གཡུང་དྲུང་སྐུ་མདོག་ནམ་མཁའ་དག་པའི་ཁ་དོག་ཅན། ཞལ་གཅིག་ཕྱག་བཞི་ཞབས་གཉིས་པ། ཁྲོ་བོའི་གདང་དྲུག གར་གྱི་ཉམས་དགུ དུར་ཁྲོད་ཆས་བརྒྱད་དང་ལྡན་པ། ཕྱག་གཡས་པ་གཉིས་ན་ཐུགས་རྗེའི་རལ་ཀྱུ་དང་རྟོག་འཇོམས་ཀྱི་ཐོ་བ་ཕྱར་བ། ཕྱག་གཡོན་པ་གཉིས་ན་གསང་བའི་འཕར་འདབ་དང་རོམ་པོའི་འབྲུ་བདུན་བསྣམས་པ། དཔའ་ལ་འཇིག་པའི་ཆ་ལུགས་སྟོན་པ། ཞབས་གཉིས་གཡས་བརྐྱངས་གཡོན་བསྐུམས་པ། འཆི་བདག་ལས་བརྩན་དང་འཆི་བའི་བདུད་གཉིས་གདན་དུ་བཏིང་བ་སྟེ། ཤང་ཤང་གི་ཁྲི་ལ་བཞུགས་ཤིང་གཞན་སྣང་འགག་མེད་དུ་འཆར་བ་དེའོ། རྩལ་ཤར་གྱི་དབང་དུ་བྱས་པའི་གསང་མཆོག་གསང་བའི་གཡུང་དྲུང་གི་སྐུ་མདོག་ཕྱག་མཚན་གྱི་བཀོད་པ་འདི་རྣམས་གསང་སྔགས་མ་རྒྱུད་རྒྱ་མཚོའི་མངོན་རྟོགས་ཐུགས་རྗེ་ཉི་མའི་འོད་ཟེར་དང་གསང་སྔགས་མ་རྒྱུད་ལྷ་ཚོགས་སུམ་བརྒྱ་དྲུག་ཅུའི་སྒྲུབ་གཞུང་ལས་ཚིག་དོན་ཇི་བཞིན་བཞུགས་པ་དེ་ལྟར་བཀོད་པ་ཡིན་ནོ།

 

དེ་ལྟར་མཚོན་དགོས་པའི་བཀའ་རྒྱུད་ཀྱི་ཁུངས།
གསང་མཆོག་ཡབ་ཡུམ་གྱིས་གསུངས་པའི་གསང་ཆེན་ཐུགས་རྗེ་ཉི་མའི་རྒྱུད་གསུམ་གྱི་ནང་ཚན་གཞི་ཡེ་སངས་རྒྱས་པའི་རྒྱུད་མི་འགྱུར་ཐིག་ལེ་བསྟན་པའི་ལེའུ་དྲུག་པ་ལས། ཡེ་ཤེས་དེའི་གཡུང་དྲུང་ཐོབ་པའི་ཚུལ། ཐིག་ལེའི་བཅུད་ལས་སངས་རྒྱས་སྐུར་གྲུབ་པས། ཡོངས་སུ་མཚོན་པའི་མཐའ་ལས་འདས་པ་ཡི། དེ་མཚོན་གཡུང་དྲུང་གྲུ་ཁུག་གཟུགས་སྣང་ཡང་། རྩེ་གཅིག་བདེ་ཆེན་ངང་ལ་ཅོག་གི་བཞག སྤྲོས་པའི་དངོས་བྲལ་དོན་དམ་ལུང་ཡང་མནན། ཐམས་ཅད་རོ་གཅོག་ངང་དུ་ཐག་ཀྱང་ཆོད། སྒོམ་མེད་རང་བཞིན་གནས་པའི་ཐེག་པ་ཆེ། དེ་ལྟར་གནས་པས་མི་འགྱུར་གཡུང་དྲུང་ཐོབ། ཅེས་དང་། དེའི་འགྲེལ་གསང་བདག་གྲུབ་པའི་དབང་ཕྱུག་རྒྱལ་རིགས་ཀྱི་གཤེན་པོ་མི་ལུས་བསམ་ལེགས་ཀྱིས་མཛད་པའི་མི་འགྱུར་ཐིག་ལེའི་འགྲེལ་ལས། གསུམ་པ་ཡེ་ཤེས་དེས་གཡུང་དྲུང་ཐོབ་པའི་ཚུལ་ནི། གཡུང་དྲུང་དེ་གང་ཞེ་ན། དུས་གསུམ་དུ་འགྱུར་བ་མེད་པ། ཡོངས་སུ་མཚན་མའི་མཐའ་ལས་འདས་པ་དེ་ལ་གདགས་སོ། དེ་ལྟར་མཚན་མེད་ཡིན་བཞིན་མོད། དངོས་པོ་ལྟེ་བ་གྲུ་ཁུག་དང་བཅས་པ་ཅི་ལ་བསྟན་ཞེ་ན། མཚན་མས་དོན་ལ་མཚོན་པའི་ཕྱིར་བསྟན་ཏེ། ལྟེ་བ་དང་བཅས་པ་ལྷ་གསང་མཆོག་མཐར་ཐུག་མཚོན་པའོ། གྲུ་ཁུག་དང་བཅས་པ་ལྷ་གསང་མཆོག་གསང་བའི་ཁུ་བྱུག་བྱ་བ། བདེ་བ་ཆེན་པོ་ལ་སྤྲོ་ཞིང་དང་བ་བསྐྱེད་པ་དང་། མཚན་མེད་ལ་ཅོག་གིས་བཞག་པའི་བརྡའོ། གསང་མཆོག་གསང་བའི་རྒྱལ་པོ་བྱ་བ་བདེ་བ་ཆེན་པོ་ལ་སྤྲོས་དང་བྲལ་བར་འཇུག་ཅིང་། དོན་དམ་གྱི་ལུང་ནོད་པའི་བརྡའོ། གསང་མཆོག་གསང་བའི་ཡེ་ཤེས་བྱ་བ། བདེ་བ་ཆེན་པོ་དེ་ལ་དུ་མ་རོ་གཅིག་ཏུ་བསྲེ་ཞིང་། བྱང་ཆུབ་སེམས་ལ་ངང་གིས་ཐག་ཆོད་པའི་བརྡའོ། གསང་མཆོག་གསང་བའི་གཡུང་དྲུང་བྱ་བ། བདེ་བ་ཆེན་པོ་ལ་བསྒོམ་ཞིང་སྤྱད་དུ་མེད་དེ། རང་བཞིན་ཉིད་ཀྱི་ཐེག་པ་ཆེན་པོར་གྲུབ་པའི་བརྡའོ། དེ་ལྟར་དངོས་པོ་བསྟན་པས་དངོས་མེད་ཡེ་ཤེས་རྙེད་པའི་ལྷའི་དོན་དེ་དག ཡེ་ཤེས་དེ་ལ་ལྷུན་གྱིས་གྲུབ་པས་ན། བདེ་བ་ཡེ་ཤེས་མི་འགྱུར་བའི་གཡུང་དྲུང་ཐོབ་པར་བསྟན་པའོ། ཞེས་དང་། གསང་མཆོག་ཡབ་ཡུམ་གྱིས་གསུངས་པའི་འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་ལས། སྐུ་ལས་ཡེ་ཤེས་ཇི་ལྟར་འཆར་ཞེ་ན། བདེ་ཆེན་རྩལ་ལས་འགག་མེད་ཆེ་བ་རུ། རྩལ་མེད་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཤར། ཞེ་སྡང་གནས་དག་སྟོང་ཉིད་ཡེ་ཤེས་ཀྱིས། གདུལ་བྱ་མ་སྨིན་པ་རྣམས་སྨིན་པ་དང་། སྒྱུ་མ་གཟུགས་བརྙན་བདུད་བརྒྱད་རང་གྲོལ་ནས། དེ་བཞིན་རིགས་ཀྱི་ཞིང་ཁམས་ལྷུན་གྲུབ་ནས། གསང་མཆོག་མཐར་ཐུག་སྐུ་རུ་སངས་རྒྱས་སོ། གཏི་མུག་གནས་དག་མེ་ལོང་ཡེ་ཤེས་ཀྱིས། མ་རིག་འཁྲུལ་པ་སྐྱེ་བའི་བདུད་བཅོམ་ནས། གཡུང་དྲུང་རིགས་ཀྱི་ཞིང་ཁམས་ལྷུན་གྲུབ་ནས། གསང་མཆོག་ཁུ་བྱུག་སྐུ་རུ་སངས་རྒྱས་སོ། ང་རྒྱལ་གནས་དག་ནན་ཏན་ཡེ་ཤེས་ཀྱིས། ཕུང་པོ་ལུས་ལེན་རྒས་པའི་བདུད་བཅོམ་ནས། འཁོར་ལོ་རིགས་ཀྱི་ཞིང་ཁམས་ལྷུན་གྲུབ་ནས། གསང་མཆོག་རྒྱལ་པོའི་སྐུ་རུ་སངས་རྒྱས་སོ། འདོད་ཆགས་གནས་དག་སོར་རྟོགས་ཡེ་ཤེས་ཀྱིས། ཆགས་འཁོར་ཉོན་མོངས་ན་བའི་བདུད་བཅོམ་ནས། པད་མ་རིགས་ཀྱི་ཞིང་ཁམས་ལྷུན་གྲུབ་ནས། གསང་མཆོག་ཡེ་ཤེས་སྐུ་རུ་སངས་རྒྱས་སོ། ཕྲག་དོག་གནས་དག་མཉམ་ཉིད་ཡེ་ཤེས་ཀྱིས། འཆི་བདག་ལས་བརྩན་འཆི་བའི་བདུད་བཅོམ་ནས། རིན་ཆེན་རིགས་ཀྱི་ཞིང་ཁམས་ལྷུན་གྲུབ་ནས། གསང་མཆོག་གཡུང་དྲུང་སྐུ་རུ་སངས་རྒྱས་སོ། ཞེས་དང་། ལམ་མངོན་སངས་རྒྱས་པའི་རྒྱུད་ལས། ཐུགས་ལ་གསང་མཆོག་མཚེར་པ་ཁུ་བྱུག་སྟེ། གློ་བ་གསང་རྒྱལ་མཆིན་པར་གསང་ཡེ་ཤེས། མཁལ་མར་གསང་བའི་གཡུང་དྲུང་ཡབ་ཡུམ་བསྐྱེད། ཅེས་གསུངས་པའི་གསེར་གྱི་ཡང་ཞུན་དང་འདྲ་བའི་ལུང་མཆོག་འདི་དག་ལ་རྟོག་དཔྱོད་དང་ཉམས་ལེན་མཛོད་དང་། མཚོན་བྱེད་དཔེའི་གཡུང་དྲུང་གི་ལམ་ནས་མཚོན་བྱ་དོན་གྱི་གཡུང་དྲུང་ཚུལ་བཞིན་དུ་རྟོགས་པར་འགྱུར་བ་གདོན་མི་ཟའོ།

 

གཡུང་དྲུང་ཞེས་པ་འགྱུར་མེད་དང་སྐྱེ་མེད་ཀྱི་བརྡ་དོན་ཡིན་པའི་རྒྱུ་མཚན།
ད་ལྟ་འོ་ཅག་རྣམས་ཀྱིས་རིས་སུ་བྲིས་ཤིང་འབུར་དུ་གཏོད་པའི་གཡུང་དྲུང་འདི་ནི། དངོས་མེད་གཡུང་དྲུང་གི་སྐུ་མཆོག་དེ་ཉིད་མཚོན་བྱེད་ཙམ་ཡིན་ལ། དེ་ལྟར་དངོས་པོས་དངོས་མེད་མཚོན་པ་ལ་དགོས་པ་ཡང་ཡོད་དེ། མ་རྟོགས་པ་རྣམས་རྟོགས་པར་བྱ་བའི་ཕྱིར། ཀུན་རྫོབ་སྒྱུ་མས་ཁྲིད་ནས་ངེས་པའི་དོན་བསྟན་དགོས་པའི་ཕྱིར་རོ། གསང་སྔགས་ཟབ་མོའི་རྒྱུད་དོན་ལ་དཔྱད་ན་སྐུ་གསུང་ཐུགས་ཀྱི་རྟེན་མཆོག་རྣམས་དང་དེ་བཞིན་དཀྱིལ་འཁོར་རྣམ་པ་གསུམ་དུ་བསྟན་པ་རྣམས་དང་ལྷ་ཡི་སྐུ་མདོག་ཕྱག་མཚན་རེ་རེས་ཀྱང་ཁྱད་པར་གྱི་དོན་རེ་གོ་རྒྱུ་ཡོད་པ་སྨོས་མེད་དོ། དེ་རྣམས་ལ་གསང་སྔགས་ཀྱི་གཞུང་ནས་བཤད་པའི་དག་པ་དྲན་པ་ཞེས་ཀྱང་བརྗོད། མཚོན་བྱ་དོན་གྱི་གཡུང་དྲུང་ནི་སྔ་རབས་འདས་པ་རྣམས་ཀྱི་གཤེགས་ཤུལ། ད་ལྟ་བཞུགས་པ་རྣམས་ཀྱི་ཐུགས་དགོངས། མ་བྱོན་རྒྱལ་བ་ཡོངས་ཀྱི་འདྲེན་པ། གསུང་རབས་དུ་མའི་དགོངས་གཞིའི་རྩ་བར་གྱུར་པའི་རང་འབྱུང་གི་རིག་པ་ཟང་ཐལ་འདི་ཉིད་ཡིན་ཏེ། གསང་བདག་གྲུབ་པའི་དབང་ཕྱུག་རྒྱལ་རིགས་ཀྱི་གཤེན་པོ་མི་ལུས་བསམ་ལེགས་ཀྱིས་མཛད་པའི་མི་འགྱུར་ཐིག་ལེའི་འགྲེལ་ལས། གསུམ་པ་ཡེ་ཤེས་དེས་གཡུང་དྲུང་ཐོབ་པའི་ཚུལ་ནི། གཡུང་དྲུང་དེ་གང་ཞེ་ན། དུས་གསུམ་དུ་འགྱུར་བ་མེད་པ། ཡོངས་སུ་མཚན་མའི་མཐའ་ལས་འདས་པ་དེ་ལ་གདགས་སོ། དེ་ལྟར་མཚན་མེད་ཡིན་བཞིན་མོད། དངོས་པོ་ལྟེ་བ་གྲུ་ཁུག་དང་བཅས་པ་ཅི་ལ་བསྟན་ཞེ་ན། མཚན་མས་དོན་ལ་མཚོན་པའི་ཕྱིར་བསྟན་ཏེ། ལྟེ་བ་དང་བཅས་པ་ལྷ་གསང་མཆོག་མཐར་ཐུག་མཚོན་པའོ། གྲུ་ཁུག་དང་བཅས་པ་ལྷ་གསང་མཆོག་གསང་བའི་ཁུ་བྱུག་བྱ་བ། བདེ་བ་ཆེན་པོ་ལ་སྤྲོ་ཞིང་དང་བ་བསྐྱེད་པ་དང་། མཚན་མེད་ལ་ཅོག་གིས་བཞག་པའི་བརྡའོ། གསང་མཆོག་གསང་བའི་རྒྱལ་པོ་བྱ་བ་བདེ་བ་ཆེན་པོ་ལ་སྤྲོས་དང་བྲལ་བར་འཇུག་ཅིང་། དོན་དམ་གྱི་ལུང་ནོད་པའི་བརྡའོ། གསང་མཆོག་གསང་བའི་ཡེ་ཤེས་བྱ་བ། བདེ་བ་ཆེན་པོ་དེ་ལ་དུ་མ་རོ་གཅིག་ཏུ་བསྲེ་ཞིང་། བྱང་ཆུབ་སེམས་ལ་ངང་གིས་ཐག་ཆོད་པའི་བརྡའོ། གསང་མཆོག་གསང་བའི་གཡུང་དྲུང་བྱ་བ། བདེ་བ་ཆེན་པོ་ལ་བསྒོམ་ཞིང་སྤྱད་དུ་མེད་དེ། རང་བཞིན་ཉིད་ཀྱི་ཐེག་པ་ཆེན་པོར་གྲུབ་པའི་བརྡའོ། དེ་ལྟར་དངོས་པོ་བསྟན་པས་དངོས་མེད་ཡེ་ཤེས་རྙེད་པའི་ལྷའི་དོན་དེ་དག ཡེ་ཤེས་དེ་ལ་ལྷུན་གྱིས་གྲུབ་པས་ན། བདེ་བ་ཡེ་ཤེས་མི་འགྱུར་བའི་གཡུང་དྲུང་ཐོབ་པར་བསྟན་པའོ། ཞེས་གསུངས་པ་ལྟར་རོ། སྔགས་སེམས་སྤྱིའི་སྐད་དུ་ཀུན་ཏུ་བཟང་པོ་ཞེས་སུ་བསྔགས་པ་ཡང་འདི་ཉིད་ཡིན། དེ་ལྟ་བུའི་གཡུང་དྲུང་གི་སྐུ་དེ་འགྱུར་མེད་ཀྱི་རང་བཞིན་དུ་ཇི་ལྟར་གནས་པ་ཡིན་ནམ་ཞེ་ན། དང་པོ་འགྱུར་མེད་དུ་གནས་པའི་ཚུལ་འཆད་ན་འདི་ལྟར་ཡིན་ཏེ། འདུས་བྱས་ལས་གྲུབ་པའི་གནས་ཐམས་ཅད་ནི་རྒྱུ་རྐྱེན་འཕེལ་འགྲིབ་ཀྱི་རྗེས་སུ་འགྲོ་བས་འགྱུར་བ་ཅན་ཤ་སྟག་ཡིན་ལ་རྒྱལ་བ་ཀུན་ཏུ་བཟང་པོའི་ཐུགས་དགོངས་རང་འབྱུང་གི་རིག་པ་ཟང་ཐལ་འདི་ནི་འདུས་བྱས་ལ་རག་མ་ལས་པས་གང་གིས་ཀྱང་འགྱུར་ཏུ་མི་བཏུབ་ཤིང་བོན་ཉིད་གཤིས་ཀྱི་ངོ་བོར་གྲུབ་པས་མི་འགྱུར་གཡུང་དྲུང་གི་ངོ་བོར་གནས་པ་དང་། འདུས་བྱས་ལས་གྲུབ་པའི་དུས་འདས་པ་འགག་ཟིན་པ་དང་ད་ལྟ་བ་སྐྱེས་ལ་མ་འགག་པ་དང་མ་འོངས་པ་སྐྱེ་བའི་ནུས་པ་ཡོད་ཀྱང་མ་སྐྱེས་པའི་རིགས་རྣམས་ནི་འགྱུར་བ་ཅན་ཡིན་ལ་རྒྱལ་བ་ཀུན་ཏུ་བཟང་པོའི་ཐུགས་དགོངས་རང་འབྱུང་གི་རིག་པ་ཟང་ཐལ་འདི་ནི་དུས་གསུམ་གྱི་མཚན་མའི་མཐའ་ལས་རྣམ་པར་གྲོལ་ཞིང་ཐིག་ལེ་ཉག་མ་གཅིག་གི་ངོ་བོར་གནས་པས་དུས་ཀྱི་མི་འགྱུར་གཡུང་དྲུང་གི་ངོ་བོར་གནས་པ་དང་། འདུས་བྱས་ལས་གྲུབ་པའི་ཚེ་ཚད་ལ་རིང་ཐུང་དང་ཕྱི་ནང་གི་བར་ཆོད་བསམ་གྱིས་མི་ཁྱབ་པར་མངའ་བས་འགྱུར་བ་ཅན་ཡིན་ལ་རྒྱལ་བ་ཀུན་ཏུ་བཟང་པོའི་ཐུགས་དགོངས་རང་འབྱུང་གི་རིག་པ་ཟང་ཐལ་འདི་ནི་སྐྱེ་འགག་གནས་གསུམ་གྱི་མཐའ་དང་བྲལ་བས་མི་འགྱུར་གཡུང་དྲུང་གི་ངོ་བོར་གནས་པ་དང་། འདུས་བྱས་ལས་གྲུབ་པའི་དབང་པོའི་ལུས་དང་ཡིད་ལུས་རྣམས་ནི་འཇིག་རྐྱེན་གྱི་དབང་དུ་གྱུར་པས་འགྱུར་བ་ཅན་ཡིན་ལ་རྒྱལ་བ་ཀུན་ཏུ་བཟང་པོའི་ཐུགས་དགོངས་རང་འབྱུང་གི་རིག་པ་ཟང་ཐལ་འདི་ནི་མི་བདེ་བའི་མཚན་མའི་མཐའ་ཐམས་ཅད་དང་བྲལ་བའི་བདེ་བ་ཆེན་པོ་གསང་མཆོག་རང་རིག་གི་ལུས་ཡིན་པས་མི་འགྱུར་གཡུང་དྲུང་གི་ངོ་བོར་གནས་པ་དང་། བློ་དང་ཡིད་དང་རྣམ་ཤེས་ཀྱི་རིགས་སུ་གྱུར་པའི་རིག་པ་དེ་རྣམས་རིག་པ་འགྱུར་བ་ཅན་ཡིན་ལ་རྒྱལ་བ་ཀུན་ཏུ་བཟང་པོའི་ཐུགས་དགོངས་རང་འབྱུང་གི་རིག་པ་ཟང་ཐལ་འདི་ནི་སྐྱེ་མེད་རང་འབྱུང་གི་རིག་པ་ཡིན་པས་མི་འགྱུར་གཡུང་དྲུང་གི་ངོ་བོར་གནས་པ་ཡིན་ཏེ། གཞི་ཡེ་སངས་རྒྱས་པའི་རྒྱུད་མི་འགྱུར་ཐིག་ལེ་བསྟན་པའི་ལེའུ་དྲུག་པ་ལས། དང་པོ་གཞིའི་རང་འབྱུང་ཡེ་ཤེས་དེ། གནས་ཀྱི་མི་འགྱུར་བོན་ཉིད་གཡུང་དྲུང་དབྱིངས། དུས་ཀྱི་མི་འགྱུར་དུས་གསུམ་གཅིག་པུ་ཉིད། ཚེའི་མི་འགྱུར་སྐྱེ་འགག་མཐའ་དང་བྲལ། སྐུ་ནི་མི་འགྱུར་བདེ་བ་ཆེན་པོའི་སྐུ། ཡེ་ཤེས་མི་འགྱུར་རང་འབྱུང་དག་པར་བཞུགས། ཞེས་གསུངས་པ་ལྟར་རོ།

 

དེ་ལྟ་བུའི་གཡུང་དྲུང་གི་སྐུ་དེ་སྐྱེ་མེད་ཀྱི་རང་བཞིན་དུ་ཇི་ལྟར་གནས་པ་ཡིན་ནམ་ཞེ་ན། སྐྱེ་མེད་དུ་གནས་པའི་ཚུལ་འཆད་ན་འདི་ལྟར་ཡིན་ཏེ། རང་འབྱུང་གི་རིག་པ་ཟང་ཐལ་འདི་ནི་འཛིན་པའི་མཐའ་ལས་འདས་པས་བདག་གཞན་གཉིས་སུ་འཛིན་ནས་འཁོར་བ་དང་ཉོན་མོངས་སྐྱེ་བ་མེད་པ་དང་། འདི་ནི་གང་སྣང་གང་ཤར་གསལ་ལ་རྟོག་པ་མེད་པའི་ཚུལ་དུ་མཁྱེན་པ་ཙམ་ལས་སྣང་བ་ལ་ཆགས་ནས་ལས་དང་སྡུག་བསྔལ་སྐྱེ་བ་མེད་པ་དང་། འདི་ནི་འདས་པའི་རྗེས་མི་གཅོད་པ་དང་མ་འོངས་པའི་སྔོན་མི་བསུ་བ་ད་ལྟ་བ་ལ་རྩིས་གདབ་སོགས་གང་ཡང་མི་བྱེད་པའི་རིག་པ་ཡིན་པས་རིག་པ་འདི་ཡིས་སྣང་བའི་རྗེས་གཅོད་ནས་འཁྲུལ་པ་རྟོག་འཛིན་གྱི་རིགས་རྣམས་སྐྱེ་བའི་སྐབས་མི་སྲིད་པས་སྐྱེ་བ་མེད་པ་དང་། འདི་ནི་འཛིན་ཆགས་ཞེན་གསུམ་གྱི་རྒྱ་ལས་ཡེ་ནས་གྲོལ་བའི་རང་འབྱུང་ཀ་དག་གི་ངོ་བོར་གནས་པ་ཙམ་ལས་རིག་པ་འདིས་གང་ཞིག་ཡུལ་དུ་བྱེད་ནས་གཟུང་འཛིན་གྱི་སྒྲིབ་པ་སོགས་གང་ཡང་སྐྱེ་བ་མེད་པ་དང་། འདི་ནི་འཁྲུལ་སྒྲིབ་གོལ་གསུམ་དང་ལོག་དམན་འཆལ་གསུམ་སད་སྟོར་འབྱམས་གསུམ་གྱི་སྐྱོན་སོགས་ཀྱིས་ཡེ་ནས་གོས་མ་མྱོང་པའི་དག་པ་ཆེན་པོའི་ངོ་བོར་གནས་པའི་གསང་ཆེན་གྲུབ་པའི་མཐའ་ཡིན་ལ། རིག་པ་འདི་འཆལ་ནས་གྲུབ་པའི་མཐའ་སོགས་གང་ཡང་སྐྱེ་བ་མེད་པ་ཡིན་ཏེ། གཞི་ཡེངས་རྒྱས་པའི་རྒྱུད་སྐྱེ་མེད་ཐིག་ལེ་བསྟན་པའི་ལེའུ་བདུན་པ་ལས། ཇི་ཕྱིར་འདི་ལ་སྐྱེ་བ་མེད་བརྒལ་ན། འདས་པས་འཁོར་བ་ཉོན་མོངས་སྐྱེ་བ་མེད། མཁྱེན་པས་ལས་དང་སྡུག་བསྔལ་སྐྱེ་བ་མེད། ངེས་པས་འཁྲུལ་པ་རྟོག་འཛིན་སྐྱེ་བ་མེད། དག་པས་གཟུང་འཛིན་སྒྲིབ་པ་སྐྱེ་བ་མེད། ཡིན་པས་འཆལ་བའི་གྲུབ་མཐའ་སྐྱེ་བ་མེད། ཅེས་གསུངས་པ་ལྟར་རོ།

 

གཡུང་དྲུང་འདི་ལ་སྐུ་ཞེས་མཚན་གསོལ་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
སྤྱིར་སྐུ་ཞེས་པ་འདི་ལ་མདོ་སྔགས་སེམས་གསུམ་གི་གཞུང་སོ་སོའི་ཁོངས་ནས་གསུང་སྲོལ་དུ་མ་ཞིག་ཡོད་མོད་ཀྱང་། སྐབས་འདིར་གསང་ཆེན་མ་རྒྱུད་ཐུགས་རྗེ་ཉི་མའི་རྒྱུད་གསུམ་གྱི་དགོངས་དོན་གཙོ་བོར་བཞག་ནས་འགྲེལ་ན། རྒྱལ་བ་ཀུན་ཏུ་བཟང་པོའི་ཐུགས་དགོངས་རང་འབྱུང་གི་རིག་པ་ཟང་ཐལ་མི་ཤིག་གཡུང་དྲུང་གི་ངོ་བོར་གནས་པ་འདི་ལ་སྐུ་ཞེས་མཚན་གསོལ་དགོས་པའི་རྒྱུ་མཚན་ནི། སྤྱིར་ལུས་ཀྱི་རྣམ་གྲངས་ལ་གཞུང་འདི་ནས་ཆབ་ནག་པས་འདོད་པའི་དབང་པོའི་ལུས་དང་འཕན་ཡུལ་པས་འདོད་པའི་ཡིད་ཀྱི་ལུས་དང་ཆབ་དཀར་བས་འདོད་པའི་རང་རིག་གི་ལུས་དང་དཔོན་གསས་པས་འདོད་པའི་སེམས་ཉིད་ཀྱི་ལུས་དང་བཞི་རུ་གསུངས་ཀྱང་། ལུས་དང་པོ་གཉིས་ནི་ཐ་མལ་གྱི་ལུས་ཡིན་པས་མི་རུང་ལ་འདི་ནི་འོག་མ་གཉིས་ལས་འདས་པའི་གསང་མཆོག་གི་ལུས་ཡིན་པ་དང་རང་རིག་གི་ལུས་ཡིན་པ་ཡེ་ཤེས་ཀྱི་ལུས་ཡིན་པའི་རྒྱུ་མཚན་གྱིས་སྐུ་ཞེས་མཚན་གསོལ་བ་ནི་གཞུང་འདི་རྣམས་ཀྱི་དགོངས་དོན་འཁྲུལ་མེད་ཡིན། དང་པོ་གསང་མཆོག་གི་ལུས་ཡིན་པའི་རྒྱུ་མཚན་ཡོད་དེ། གསང་མཆོག་གི་ལུས་ཞེས་བྱ་བ་གསང་བ་ཆེན་པོ་དགུས་གསང་བའི་ལུས་ཡིན་པ་དང་གསང་བའི་བོན་སྡེ་དགུ་ལས་ཁྱད་པར་དུ་འཕགས་པའི་ལུས་ཡིན་པའི་ཕྱིར་ཏེ། གསང་བདག་གྲུབ་པའི་དབང་ཕྱུག་རྒྱལ་རིགས་ཀྱི་གཤེན་པོ་མི་ལུས་བསམ་ལེགས་ཀྱིས་མཛད་པའི་མི་ནུབ་ཐིག་ལེའི་འགྲེལ་ལས། གསང་ཆེན་ཞེས་བྱ་བ་རང་འབྱུང་གི་ཡེ་ཤེས་དེ། གསང་བ་ཆེན་པོ་དགུས་གསང་བ་ཡིན་ཏེ། རང་བཞིན་གྱིས་གསང་བས་ཕྱི་རོལ་པས་མི་མཐོང་། ལས་ཀྱིས་གསང་བས་སེམས་ཅན་ཉོན་མོངས་པས་མི་མཐོང་། ཐབས་ཀྱིས་གསང་བས་གྲུབ་མཐའ་གཞན་པས་མི་མཐོང་། ཤེས་རབ་ཀྱིས་གསང་བས་ཐེག་པ་དམན་པས་མི་མཐོང་། མཁའ་འགྲོའི་རྩལ་གྱིས་གསང་བས་སྐལ་མེད་ལ་མི་འཕྲད། གསང་སྔགས་ཀྱི་ནུས་པས་གསང་བས་བདུད་དང་སྲིན་པོས་མི་ཚུགས། ཡེ་ཤེས་ཀྱི་སྟོབས་ཀྱིས་གསང་བས་ཉོན་མོངས་པས་བར་མི་ཆོད། ཐུགས་རྗེའི་མཐུ་ཡིས་གསང་བས་ཞུགས་པ་སྨིན་གྲོལ་དུ་ངེས། ཨ་དཀར་གྱི་དབྱིངས་ཀྱིས་གསང་བས་བོན་གཞན་རྣམས་ཕྱི་ཤར་འགྱུར། དེ་ལྟར་གསང་བ་ཆེན་པོ་དགུས་གསང་བས་ན་གསང་ཆེན་ཞེས་་བྱའོ། གསང་མཆོག་ཅེས་བྱ་བ་གསང་བའི་བོན་སྡེ་དགུ་ལས་མཆོག་ཏུ་གྱུར་པའོ། ཞེས་གསུངས་པ་ལྟར་རོ། གཉིས་པ་རང་རིག་གི་ལུས་ཡིན་པའི་རྒྱུ་མཚན་ཡོད་དེ། རང་རིག་གི་ལུས་ཞེས་བྱ་བ་འདི་ནི་ལྟོས་སྟེ་ཤེས་པའི་རིག་པ་དང་འཐད་པ་སྒྲུབ་པའི་རིག་པ་བྱ་བ་བྱེད་པའི་རིག་པ་དེ་དག་ལས་རྣམ་པར་འདས་པའི་སྟོང་པ་རང་གསལ་གྱི་ཡེ་ཤེས་དེ་ཉིད་ལ་གོ་བ་ཡིན་ཏེ། གཞི་ཡེ་སངས་རྒྱས་པའི་རྒྱུད་ཀུན་གཞི་ཡེ་ཤེས་ལྷུན་གྲུབ་བསྟན་པའི་ལེའུ་གཉིས་པའི་དཀྱུས་ཚིག་ལས། རང་རིག་མངོན་སུམ་ཟབ་དཀར་དོན་ཞུགས་པས། འཇིག་རྟེན་ལུས་མིན་ལུས་མཆོག་རང་རིག་ལུས། ཞེས་དང་། དེ་ཉིད་ལས། མངོན་རྗེས་གཞན་བཞི་དགོས་ནུས་འདིར་ཆུང་ཡང་། ཟབ་དཀར་གྲུབ་མཐའ་རང་རིག་མེད་ཐབས་མེད། ཅེས་དང་། དེ་ཉིད་ལས། འཇལ་བྱེད་རང་རིག་དངོས་ལ་མ་གསལ་ན། དམུ་ལོང་ནམ་མཁའི་མཐའ་ཚོལ་ཇི་བཞིན་ཡིན། ཞེས་གསུངས་པ་ལྟར་རོ། གསུམ་པ་ཡེ་ཤེས་ཀྱི་ལུས་ཡིན་པའི་རྒྱུ་མཚན་ཡོད་དེ། གསང་བདག་གྲུབ་པའི་དབང་ཕྱུག་གིས་མཛད་པའི་མི་ནུབ་ཐིག་ལེའི་འགྲེལ་ལས། ཡང་དག་པའི་ཡེ་ཤེས་ཀྱི་ལུས་ཡིན་པས་ན་སྐུའོ། ཞེས་གསུངས་པ་ལྟར་རོ།

 

གཡུང་དྲུང་འཆང་བ་པོ་རྣམས་ཀྱི་ཐུགས་ལ་ངེས་དགོས་པའི་ཞུ་སྙིང་།
བསྟན་པའི་སྙིང་པོ་གསང་སྔགས་དང་གསང་སྔགས་གི་ངོ་བོ་ནི་རང་འབྱུང་གི་རིག་པ་ཟང་ཐལ་གྱི་སྐུ་རུ་གྱུར་པའི་རྒྱལ་བ་ཀུན་ཏུ་བཟང་པོའི་ཐུགས་གཡུང་དྲུང་དེ་ཉིད་ཡིན་ལ། འདི་ལྟ་བུའི་གཡུང་དྲུང་གི་དོན་དེ་ཉིད་ལ་རང་གི་དད་པ་དང་ཡིད་ཆེས་བརྩོན་འགྲུས་ཀྱི་གྲོགས་དང་སྦྲེལ་ནས་ཉམས་ལེན་བསྐྱང་ནུས་ན་ཚེས་གཅིག་ལུས་གཅིག་ལ་རྫོགས་པ་ཆེན་པོའི་ལུགས་འདིར་སངས་རྒྱས་ལག་འཆང་ཐོབ་པར་གདོན་མི་ཟའོ། འདི་ལྟ་བུའི་གཡུང་དྲུང་གི་དོན་དེ་ཉིད་ལ་ཐབས་བསྐྱེད་རྫོགས་ཀྱི་ཉམས་ལེན་གནད་དུ་བསྣུན་ནས་ཉམས་ལེན་ཚུལ་བཞིན་དུ་བསྐྱང་ནུས་ན། རིང་པོར་མི་ཐོག་པར་མྱུར་བ་ཉིད་དུ་ཟབ་དཀར་སྔགས་ཀྱི་ལུགས་ལ་གསང་མཆོག་མཐར་ཐུག་གི་སྐུ་རུ་གྲུབ་པར་ངེས་པའོ། ལུང་རིག་འགྲེལ་ཚུལ་གྱི་གནད་ཤེས་ན་གསང་མཆོག་རིགས་ལྔ་འདི་ལ་ཡང་དྲང་དོན་དང་ངེས་དོན་གྱི་འགྲེལ་ཚུལ། གཞི་དང་རྩལ་ཤར་གྱི་འགྲེལ་ཚུལ། ཕྱི་ནང་གསང་གསུམ་གྱི་འགྲེལ་ཚུལ་དུ་མ་ཞིག་ཡོད་པར་སྣང་། གསང་ཆེན་མ་རྒྱུད་ཐུགས་རྗེ་ཉི་མའི་ལྷ་ཚོགས་སྤྲོས་ཚུལ་གྱི་རིམ་པ་ལ་ཡང། རབ་ཀྱི་དབང་དུ་བྱས་ན་ཐུགས་རྗེ་ཉི་མ་འབུམ་ཤར་གྱི་ལྷ་ཚོགས་དང་། འབྲིང་གི་དབང་དུ་བྱས་ན་ཐུགས་རྗེ་ཉི་མ་སྟོང་ཤར་གྱི་ལྷ་ཚོགས། བསྡུས་པའི་དབང་དུ་བྱས་མ་རྒྱུད་ཀྱི་ལྷ་ཚོགས་སུམ་བརྒྱ་དྲུག་ཅུ་རྩ་དྲུག། ཤིན་ཏུ་བསྡུས་པའི་དབང་དུ་བྱས་ན་བརྒྱ་དང་དྲུག་ཅུའི་ལྷ་ཚོགས་ཀྱི་བཀོད་པ་སྤྲོས་རྒྱུ་ཡོད་པ་བོན་ཉིད་ཐིག་ལེའི་འགྲེལ་གྱི་དགོངས་དོན་ལྟར་ཡིན་ལ། ལྷ་ཚོགས་དེ་རྣམས་བསྡུས་ན་གསང་མཆོག་ཡབ་ཡུམ་གཉིས། གསང་མཆོག་ཡབ་ཡུམ་གཉིས་ཀྱང་དོན་དམ་པའི་དབང་དུ་བྱས་ན། གསལ་སྟོང་ཡབ་ཡུམ་གཉིས། དེ་ཡང་མདོར་དྲིལ་ན་ཐིག་ལེ་ཉག་གཅིག་གི་བདག་ཉིད་དུ་བཞུགས་པའོ། དེ་ཉིད་དཔེའི་ལམ་ནས་མཚོན་བྱེད་དུ་བོན་གྱི་བརྡ་རྟགས་རིས་སུ་བྲིས་པའི་གཡུང་དྲུང་དང་འབུར་དུ་གཏོད་པའི་གཡུང་དྲུང་ལ་སོགས་པ་འདི་རྣམས་བྱུང་བ་ཡིན་ནོ། མཚོན་བྱེད་དཔེའི་གཡུང་དྲུང་གི་བརྡ་རྟགས་དེ་ནི་རྒྱུད་གསུམ་གྱི་གཞུང་ལས་གསལ་བ་ལྟར་ན་གསང་མཆོག་རིགས་ལྔ་མཚོན་བྱེད་དུ་གསུངས་པ་དེ་ལྟར་ལ། སེམས་ཕྱོགས་ཀྱི་ལུགས་སུ་བྱས་ན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་དུ་གནས་པའི་མ་བཅོས་གཉུག་མའི་སྐུ་མཆོག་དེ་ཉིད་མཚོན་བྱེད་ཡིན་པར་སྨོས་ཅི་ལ་དགོས།

 

རང་གི་བཀའ་དྲིན་སུམ་ལྡན་གྱི་དཔོན་གསས་བླ་མ་༧གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་སེང་གེ་མཆོག་གིས་གསུངས་པའི་མ་རྒྱུད་ཀྱི་གདམས་སྐོར་འདི་རྣམས་ཀྱི་ཞལ་ཁྲིད་ལ་ཡང་ནས་ཡང་དུ་ཉན་པའི་སྐལ་པ་དང་ལྡན་ཞིང་། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གི་སྐུ་མདུན་ནས་གདམས་སྐོར་འདི་རྣམས་ཀྱི་ཞལ་ཁྲིད་ཐོབ་པ་དང་། ཤིན་ཏུ་ཟབ་པའི་གཞུང་ཆེན་འདི་རྣམས་ལ་རང་གིས་ཐོས་བསམ་ཅུང་ཟད་བྱས་པའི་ཉེར་ལེན་དང་བཅས་ཉི་མ་དོན་གྲུབ་ཏུ་འབོད་པས་ས་འཛིན་སྨན་གྱི་རི་བོ་ནས་སྤེལ།