བོན་སྒོ་འདོན་ཐེངས་༢༧པ་དཔར་སྐྲུན་ལེགས་གྲུབ་བྱུང་།

Cover(Vol.27)23.2.17(for approval)

སྔོན་གླེང་གཡུང་དྲུང་གཏེར་མཛོད།

“ཞང་བོད་”ཅེས་པའི་མིང་ཚིག་སྦྲགས་མ་འདི་ཉིད་བཀོལ་སྤྱོད་བྱས་ན་ད་ནི་བོད་མི་རེ་ཟུང་གི་ཆབ་སྲིད་ཀྱི་འཁྱེར་སོ་ལ་ཕོག་ཐུག་འགྲོ་བ་དང༌། ཞིབ་འཇུག་པ་རྒན་གྲས་རེ་འགའི་སྒེར་གྱི་ལྟོ་ཕོར་ལའང་རྡོག་ཐོ་ཐེབས་པའི་མངོན་རྟགས་འཆར་བས། ཞང་བོད་ཀྱི་མི་རིགས་དང་དེའི་ཆོས་རིག་གི་ལས་དབང་ནི་འབུར་འཇོམས་པའི་མགོ་གནོན་དང་གཉའ་གཅོག་ལས་ད་དུང་ཡང་ཡོངས་སུ་ཐར་མེད་པར་ཁུམས།

Cover(Vol.27)23.2.17(for approval)2བོད་རིགས་ལ་རེའི་སྲིད་ཕྱོགས་ཀྱི་ལྟ་ཚུལ་ནི་དམིགས་བསལ་བ་ཞིག་སྟེ། ཁོ་ཚོས་བོད་མི་ཡོད་ཚད་རྐོ་ཕོར་གཅིག་ལས་དཔར་བའི་ཚ་ཚ་ལྟ་བུ་ཡིན་དགོས་པར་འདོད། སྲིད་ཕྱོགས་ཀྱི་འཛིན་སྟངས་ཚད་འཛིན་ཅན་དེའི་ར་སྐོར་ནང་“ཞང་བོད་”ཅེས་པ་ལྟ་བུ་ནི་མི་རིགས་དུམ་བུར་གཏོང་བར་ཉེན་ཚབས་ཆེ་བའི་མིང་ཚིག་སྐྱོན་ཅན་ཏེ། སྤྱི་དམངས་ལ་བསྒྲག་པར་རན་འཚམ་དུ་མི་བླ་བར་ལྟ། ཁོ་བོས་རྒྱུན་པར་“ཞང་བོད་”ཅེས་སུ་བཀོལ་བར་བརྟེན་ཐེངས་གཅིག་མཁས་པའི་འདུ་ཚོགས་ཤིག་ཏུ་གཞན་ཕྱོགས་ཀྱི་མཁས་པ་ལ་རེས་ཆེད་དམིགས་ཀྱིས་དཔྱས་བཏགས་ནས་གཤེ་བཀྱོན་སྟིང་གསུམ་ངང་སྡིགས་ཀྱང་མྱོང༌། སྔ་རྟིང་བར་གསུམ་གང་དུ་བརྟགས་ཀྱང་མདོ་མེད་ཀྱི་དབང་འཛིན་པ་རེ་འགས་རང་རེའི་ཆོས་རིག་ཕལ་མོ་ཆེ་རྣམས་དཀར་ནག་རྒྱ་ཡི་ནལ་དྭར་བསྙད་པའང་གཟི་བརྗིད་དུ་བརླམས་དྲགས་པས། ཤུལ་འཛིན་པ་དག་གིས་ཀྱང་ཞང་ཞུང་ནི་གཤེན་ཡུལ་ལམ་བོན་ཡུལ་ཞིག་ཡིན་ཤག་གིས་དེའི་སྐོར་རྣམས་ཇི་མི་སྙམ་པར་བོར་སྟབས། སར་ཆགས་རྡོར་གྲུབ་ཀྱི་རང་སའི་ཆོས་རིག་ལ་རྒྱུན་དུ་མཁྲེགས་དྲེད་འབོལ་ཟུག་བྱེད་པའི་གཤོ་ངན་ཞིག་གནའ་ནས་ཚུགས། དེས་ན་སྙེན་སྲིང་དབང་གིས་འཆེལ་བ་དང་འཁུ་ལྡོག་བྲལ་བའི་སྒོ་ནས་དེ་ཕྱོགས་སུ་གཞུངས་ཐག་རིང་བའི་བདེན་པ་བདར་བ་ནི་སྦང་མ་རློན་པ་ཆུར་སྒྲུང་བ་བཞིན་དོན་མེད་འབྲས་སྟོང་དུ་ཟད།

IMG_7371གལ་ཏེ་མཐུན་འབྲེལ་གྱི་ཀུན་སློང་དང་དཀྱེལ་ཡངས་ཀྱི་བསམ་གཞིག་ཐོག་ཕན་ཚུན་ཁྱད་མེད་གཅིག་ཚུལ་བརྗོད་ན་ཚུར་ལ་རྔན་ཆན་གྱིས་བརྐུས་རབས་བཤུས་རབས་བསྙད། དེ་ལྟར་མིན་ཚུལ་ལ་སོ་སོའི་འབྱུང་ཁུངས་ལོགས་སུ་ཡོད་རབས་ནས་ཞང་ཞུང་སོགས་གླེང་ན་མི་རིགས་ཁ་བྲལ་གཏོང་བའི་ནག་འགེལ་གྱོད་འཛུགས་བྱེད།

གང་ལྟར་“ཞང་བོད་”ཅེས་པའི་མིང་ཡིག་དོ་འབྲེལ་འདི་ནི། ཐོལ་འཕྲལ་རླུང་འཚུབ་ཀྱིས་དེད་ཡོང་བའི་མདང་ནུབ་གསར་དར་གྱི་ཐ་སྙད་ཅིག་མ་ཡིན་ཏེ། མི་ལོ་སྟོང་ཕྲག་གོང་གི་ཡིག་རྙིང་ཀླུ་འབུམ་དང་མ་རྒྱུད་སོགས་ལས་མངོན་པའི་ཕྱིར། དེས་ན་ཞང་ཞུང་གི་མངའ་དབང་དེ་ཡུལ་ཁམས་དེ་དང་ཤ་ཁྲག་རུས་གསུམ་དང་ཆོས་རིག་ལོ་རྒྱུས་ཀྱི་འབྲེལ་བ་ཆེ་བའི་བོད་རིགས་ཡན་པ་བ་ངེས་གཟུང་ཅན་ཁོ་ནར་བདོག འོན་ཀྱང༌། བོད་འདི་ཇི་ཙམ་བག་དྲོ་དང་དགྲ་ལྷ་དེ་བཞིན་ལྕགས་ཐར་ལ་དབང་བ་ལྟར་དེ་ཙམ་གྱིས་གཡུང་དྲུང་དང༌། ཨོ་རྒྱན། ཀརྨ། ཀུན་དགའ། བློ་བཟང་བཅས་ལའང་ཆ་སྙོམས་སུ་བདག་པར་སེམས།

མ་གཞི་བོད་ཆེན་པོ་ཟེར་བ་ནི་མི་ལོ་ཆིག་སྟོང་སུམ་བརྒྱ་ཚུན་གྱི་ལོ་རྒྱུས་ཏེ། ཞང་ཞུང་སུམ་པ་འ་ཞ་སོགས་དབང་སྒྱུར་རྒྱ་སྐྱེད་ལས་གྲུབ་པས་སོ། །དེས་ན་དེ་ཕན་ཞང་ཞུང་ནི་རྒྱལ་ཁབ་ཅིག་གི་ངོ་བོར་ཆགས་ཡོད་པར་ཏུན་ཧོང་ཡིག་རྙིང་དང་རྒྱ་ནག་གི་ཐང་ཡིག་རྙིང་མ་ལས་ཀྱང་གསལ། དེ་ལྟའི་རྒྱལ་ཁབ་དེ་ལ་སྐད་ཡིག་རང་སྐྱ་འཕེར་བར་གནས་པའང་ལོ་རྒྱུས་ཙམ་གྱིས་མ་ཚད་ཞང་བོད་ལྷན་སྡེབ་སྒྲ་སྦྱོར་གྱི་བོན་དཔེའང་དངོས་སུ་བཞུགས། འོ་ན་སྐད་འདི་ཚང་པོར་སྨྲ་མཁན་ད་སྐབས་མེད་དོན་ཅི་ཡིན་ཟེར་ན། འཕགས་ཡུལ་གྱི་དབུས་འགྱུར་འཆང་བའི་གནའ་གྲོང་ཆེན་མོ་མ་ག་དྷའི་སྤྱི་སྐད་དམ་ཤཱཀྱའི་བསྟན་པའི་གསུང་རབ་ཀྱི་སྐད་ཕུད་དུ་གྱུར་པའི་པཱ་ལི་སྐད་ནི་ད་སྐབས་བསྟན་བཅོས་གླེགས་བམ་ཁོ་ནས་སྨྲ་བ་ཙམ་དུ་ལུས་ཤིང༌། རྒྱ་ནག་ཆིང་རྒྱལ་རབས་༡༦༣༦-༡༩༡༡ཀྱིས་གཞུང་སྐད་དུའང་བཀོལ་མྱོང་བའི་མན་ཇུའི་སྐད་ཡིག་སྨྲ་མཁན་ཡང་དེང་སང་བཅུ་སྐོར་ཞིག་ལས་མ་ལྷག་པ་དག་གི་ཉམས་རྒུད་དང་བསྡུར་ན་དུས་རབས་བདུན་པ་ནས་སྣུབ་འགོ་བཙུགས་པའི་ཞང་ཞུང་སྐད་ཡིག་ཉམས་པ་ལ་ནི་ལན་ཁག་ཅི།

དེ་ཡང་སྒྲིག་འཛུགས་ཅན་དང་རང་དབང་ཅན་གྱི་ཞིབ་འཇུག་པ་དུ་མས་རྣམ་དཔྱོད་ཀྱི་ཚན་ཁ་ཆེ་མདོག་གིས་གི་གུ་ཕྱིན་ཀ་ལོག་གི་རྒྱུ་མཚན་སོགས་ལས་ཡིག་རྙིང་གི་འཁྲུན་ཆོད་བྱེད་ཀྱང༌། བོན་དཔེ་རྣམས་སུ་ཁོ་ཚོས་ཕྱིན་ལོག་ལྟ་ཅི་གི་གུ་མགོ་མཇུག་སློག་ནས་ཡོད་ཀྱང་སྣང་འཇོག་མི་བྱ་བར་ཐག་གིས་ཆོད་སྟེ། མིག་སྔར་འབུས་པའི་དགའ་ཐང་འབུམ་པ་ཆེ་དང༌། ཀན་སུའི་འབྲུག་ཆུ། གློ་བོའི་སྨར་རྫོང༌། འབྲུག་ཡུལ་གྱི་བྱང་ཤར་སོགས་ཀྱི་དཔེ་རྙིང་དག་ལ་སྣང་མེད་ལིང་སྐྱུར་བྱེད་ཚུལ་དེས་ཀྱང་ཤེས་པས་སོ། །

IMG_7372དེས་ན་བོད་ལ་བདོག་པའི་བཟང་དགུ་ལེགས་བརྒྱ་ཡོད་ཚད་དཀར་ནག་རྒྱ་ཡི་བཀའ་དྲིན་ཡིན་ཤག་གི་བསམ་བློའི་འཛིན་སྟངས་རྨང་གཞིར་འཆང་བའི་ནུབ་ཕྱོགས་པའི་ཞིབ་འཇུག་པ་རྒན་གྲས་ཁག་གཅིག་ལ་ཞང་ཞུང་གི་ཤེས་རིག་ཟེར་བ་ནི་བྲེད་ཤ་སློང་བའི་སྦར་རྫས་ལྟ་བུར་ཡང་གྱུར་ཡོད་སྟེ། ཁོ་ཚོས་མི་ལོ་བཅུ་ཕྲག་དུ་མར་རང་གི་རྔུལ་ཁྲག་བཙགས་པ་ལས་བསྒྲུབས་པའི་ཉམས་ཞིབ་ཀྱི་གྲུབ་འབྲས་ཡོ་ཀ་གློ་བུར་དུ་རྩི་མཐོང་གི་ཆ་འཇོག་དང་འབྲལ་ཉེན་ཡོད་པས་སོ། །དེས་ན་ཁོ་ཚོས་གོ་སྐབས་ནམ་བྱུང་ལ་རྟུན་པས་དགག་རྒོལ་གྱི་ལས་སུ་ཞུགས་པ་དག་ལ་ནམ་ཡང་མ་འདྲོགས་ཤིག

ཕྱོགས་གཞན་ནས་བལྟས་ན་ཞང་ཞུང་གི་བོན་རིག་པ་དེས་ཡོད་དགུ་བདག་གིར་བསྟེན་ཞིང་དོར་བ་ཅི་ཡང་མེད་སྟབས། དེ་ནི་ཤེས་རིག་གི་ནོམ་ཆེན་ཕུན་སུམ་ཚོགས་པར་འཛོམས་པའི་གཏེར་མཛོད་ཅིག་ཏུ་གྱུར། དེ་བས་གནའ་རབས་བོད་དང་བོན་གྱི་ལོ་རྒྱུས་རྣལ་མ་ཞིག་གླེང་བ་ལ་ཞང་ཞུང་ནི་ལོགས་སུ་བསྐྱུར་ཐབས་བྲལ་བའི་གཞུང་ཤིང་ཞིག་ཀྱང་ཆགས་ཏེ། གངས་དཀར་ཏི་སེ་དང་རྟ་མཆོག་ཁ་འབབ་ལ་མ་འབྲེལ་བའི་ཡར་ཀླུངས་གཙང་པོའི་དཔལ་ཡོན་སྒྲོག་པའི་ཐབས་ཀྱང་དབེན་པ་ཙམ་དུ་མ་ཟད། འཕགས་ཡུལ་གྱི་ཆོས་རིག་གཙོ་ཁག་དག་གི་འགོ་ཁུངས་ཀྱང་ཞང་ཞུང་རྒྱལ་ཁམས་ཀྱི་ལྟེ་དཀྱིལ་གངས་རྒྱལ་ཏི་སེ་དང་འབྲེལ་རབས་རིག་བྱེད་མཁན་པོ་རང་ངོས་ནས་བརྗོད་པས་སོ། །

དེས་ན་ལོ་དེབ་འདིའི་དམིགས་བྱ་གཙོ་བོ་ཞིག་ཀྱང་རང་རེའི་ཆེ་བཞི་དག་གི་ཕུགས་རྡིག་འགངས་ཆེན་ཞང་བོད་གཡུང་དྲུང་བོན་གྱི་གནའ་རབས་ཆོས་རིག་གི་གཏེར་མཛོད་དེ་ཉིད་ཉམས་པ་བསྐྱར་གསོ་དང་མ་ཉམས་གཅེས་སྲུང་གི་འགན་འཁྲི་ལྷུ་རུ་ལེན་ཁུལ་ལགས་ན། ང་ཚོས་བྱབྱཞང་བོད་བྱབྱཅེས་པའི་མིང་ཡིག་ཟུང་འབྲེལ་འདི་ཉིད་ཀྱི་རྡོ་རིང་བསྒྲེང་བ་ལ་ལས་ཕྱོད་ཆེ་བའི་རྒྱང་མཆོངས་རྒྱུན་ཆགས་སུ་འབུང་པ་གང་དག་གངས་ཅན་གྱི་ཆོས་རིག་ལ་ཤ་ཚ་བ་ཀུན་ཀའི་མིག་མཐོང་རྣར་ཐིངས་སུ་གྱུར་ཅིག་གུ།། །།

“ཞང་བོད་”རྒྱལ་ལོ། །

གཙོ་སྒྲིག་པ་ཆོས་འཁོར་ཚང་ཉི་མ་འོད་ཟེར་པས།

 

 

 

1,537 total views, 2 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།