༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་རྗེ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་དུས་ཆེན།

12

༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་ཞེས་སྙན་པའི་གྲགས་པ་ས་གསུམ་ན་འབྲུག་སྒྲ་བཞིན་ལྡིར་བའི་སྙིགས་དུས་གཡུང་དྲུང་བསྟན་སྲོག་འཚོ་བའི་ཞིང་ས། འཕགས་ཡུལ་བྱང་ཕྱོགས་ཧི་མ་ཅལ་གྱི་མངའ་སྡེ། བོན་གཞིས་ཐོབ་རྒྱལ་གསར་པའི་ལ་མགོ་རུ་གཞིས་ཆགས་པའི་གཡུང་དྲུང་བོན་གྱི་བསྟན་པའི་རྩ་ལག་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འབྱུང་ལྡན་ ༣༠༡ གི་བོད་མེ་མོ་བྱ་ལོའི་བོད་ཟླ་དང་པོའི་ཚེས་བཞི་དང་ལྔ། ཕྱི་ལོ་ ༢༠༡༧ ཟླ་ ༠༣  ཚེས་ ༠༢ དང་ ༠༣ ཉིན། གཡུང་དྲུང་བོན་གྱི་བསྟན་པའི་གསལ་བྱེད་ཆེན་མོ་༧རྣམ་འདྲེན་རྒྱལ་བ་གཉིས་པ་༧རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་སྐུ་བལྟམས་ནས་མི་ལོ་ ༦༦༡ འཁོར་བའི་དུས་ཆེན་ཁྱད་པར་ཅན་དེ་བརྩི་སྲུང་ཞུས་ཡོད།

ཐོག་མར་བོད་ཟླ་དང་པོའི་ཚེས་བཞི་ཉིན་གྱི་ཐོ་རངས་ཕྱག་ཚོད་ལྔ་པའི་ཐོག་སྨན་རིའི་གཙུག་ལག་ཁང་གི་ཡང་ཐོག་ནས་བཞེངས་བརྡ་བཏང་སྟེ་གྲྭ་ཚང་འདུས་མང་སྨན་རིའི་གླིང་གི་དབུས་གཙུག་ལག་ཁང་དུ་འཚོགས་ནས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་གའི་ཞལ་ཕྱེ་ནས་བདེར་བར་གཤེགས་པ་སྟོང་གི་མཚན་བརྗོད་དེ་དགོང་དྲོར་བཀའ་སྐྱོང་དམར་ལམ་སོགས་གསུངས་ནས་ཚོགས་གྲོལ།

43

ཉིན་གཉིས་པ་སྟེ་བོད་ཚེས་ལྔ་ཉིན་གྱི་ཞོགས་པའི་ཆུ་ཚོད་བཞི་པའི་སྟེང་སྨན་རིའི་མཁན་སློབ་བླ་སྤྲུལ་རྣམས་དབུ་བཞུགས་ཐོག་དགེ་སློང་ཡོ་ཀ་འཚོགས་ནས་དགེ་ཚུལ་སློང་ཞུ་མཁན་རྣམས་ལ་བསླབ་ཁྲིམས་སྡོམ་པ་གནང་། དེ་ནས་སྔར་ཉིན་ལྟར་ཚོགས་ནས་ཞོགས་པའི་ཆུ་ཚོད་བརྒྱད་པའི་སྟེང་བླ་སྤྲུལ་རྣམས་དང་གྲྭ་ཚང་འདུས་མང་ནས་དགོན་པའི་དར་མོ་ཆེ་བསླངས་ནས་བཀྲ་ཤིས་རབ་གནས་དང་བསང་གསོལ་ལྷ་རྒྱལ་བཅས་གསོལ་གནང་།

56

དེ་རྗེས་འཕྲལ་ཕུགས་རྒྱང་གསུམ་ལ་དམིགས་ཏེ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གིས་དབུས་པའི་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་མི་དགེ་བའི་བཤེས་གཉེན་རྣམས་ལྷན་འཛོམས་ཐོག་གཏན་འབེབས་གྲོས་ཆོད་གནང་བའི་བཅའ་ཁྲིམས་སྒྲིག་གཞི་རིན་པོ་ཆེའི་དགོངས་དོན་གྲངས་ཚན་དགུ་པའི་ནང་གསལ་ལྟར། འཆར་ལོར་དགེ་བཤེས་གཏོང་ངེས་ཀྱི་ལོ་རིམ་བཅུ་གསུམ་པའི་རྫོགས་ཆེན་སློབ་གཉེར་པ་རྣམས་ཀྱིས། དེ་རིང་དུས་ཁྱད་པར་ཅན་གྱི་ཉིན་སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེར་ཆེད་བཅར་གྱིས་རྟེན་འབྲེལ་ལྷ་དར་གྱིས་སྣ་དྲངས་ནས། དགེ་བཤེས་གཏོང་འཐུས་ཀྱི་བཀའ་འཁྲོལ་སྐྱབས་འཇུག་ཞུས། དཔོན་སློབ་རིན་པོ་ཆེ་ནས་རྟེན་འབྲེལ་གྱི་དར་ཁ་བསྒྲོན་གནང་མཛད།

78

དེ་ནས་འཆར་ཅན་ལྟར་རྣམ་དག་འདུལ་བའི་གསོ་སྦྱོང་གྱེར་གདངས་དང་བཅས་གསུངས་གྲུབ་རྗེས་ཕྱི་སྐོར་སེར་འཕྲེང་ལ་ཕེབས་ནས་ཕྱིར་གཙུག་ལག་ཁང་གི་སྒོ་འཁྱམས་སུ་གཤེན་རབ་མཆོད་ལྔ་བརྡུངས་ནས་མཇུག་སོགས་གྲུབ་མཚམས།

IMG_7466

གྲྭ་ཚང་ལྷན་རྒྱས་འཆད་ར་ལ་ཕེབས་ནས་རྟེན་འབྲེལ་རྟགས་བསལ་བཏང་ནས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་གནང་།

IMG_7455

ཕྱི་དྲོར་ཡང་ཡར་འཚོགས་ནས་ཨ་རྫོགས་སྙན་གསུམ་སོགས་གྱེར་མཚམས་༧དཔལ་ལྡན་སྨན་རིའི་གྲྭ་ཚང་གི་ཚོགས་ཆེན་དགེ་སྐོས་ལགས་ནས་སྲིད་པ་སྐོས་ཀྱི་ཆག་ཤིང་ཆེན་མོའི་ཆེ་བཤད་དང་འབྲེལ་ཐུགས་དམ་བཅའ་ཡིག་རིན་པོ་ཆེ་ཉན་བསྐུལ་གྱི་ཚོགས་གཏམ་དང་སྨན་རིའི་གྲྭ་ཚང་གཉེར་པ་ལགས་ནས་ཐུགས་དམ་བཅའ་ཡིག་ཆེན་མོ་ཚོགས་དབུས་སུ་སྙན་སྒྲོན་གྲུབ་རྗེས། ༧སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་སྨན་རིའི་བཅའ་ཡིག་ཆེན་མོ་དང་འབྲེལ་བའི་བཀའ་སློབ་ཟབ་རྒྱས་དང་འཆར་ལོར་དགེ་བཤེས་གཏོང་འཐུས་ཀྱི་སློབ་གཉེར་པ་རྣམ་པར་“བཀའ་རམས་པ་”ཞེས་ཡོངས་ལ་གསལ་ཁྱབ་ཀྱི་བཀའ་གསུང་ཆེད་ཕེབས་བཀའ་དྲིན་བསྩལ་མཛད་གནང་།

IMG_1598IMG_1601

དགོང་དྲོར་བོན་གཞིས་སེར་སྐྱ་མི་མང་ཡོངས་ནས་མར་མེ་གླིང་སྐོར་དང་དགེ་འདུན་པ་རྣམས་ཀྱིས་གཤེན་རབ་མཆོད་རྔ་གྲུབ་རྗེས་༧རྗེ་མཉམ་མེད་བླ་མའི་གསེར་སྐུ་ཁྱད་པར་ཅན་ལ་མཇལ་ཁ་ཞུས། མཇུག་ཏུ་སྐབས་བཅུ་དགུ་པའི་བཀའ་རམས་པ་གཉིས་ནས་བཀྲ་ཤིས་འཁོར་གསུམ་གྱི་རྟགས་བསལ་བཏང་ཏེ་སེར་སྐྱ་མང་ཚོགས་ཡོངས་ནས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ནས་མཇུག་ཡོངས་སུ་བསྡུས་པ་བཅས་ཀྱི་གནས་ཚུལ་བསྡུས་པ་ཙམ་དུ། །

IMG_1611IMG_1616

གཡུང་དྲུང་བོན་དྲ་ཚིགས་རྒྱུན་ལས་ཁང་ནས།

པར་པ། ཁྱུང་ཁྲི་རྒྱལ་དང་གྱེར་ནག་ཚང་།

 

 

 

 

841 total views, 2 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།