རྗེ་མཉམ་མེད་བསྟོད་པ་རྣམ་པར་རྒྱལ་བའི་ཁང་བཟང་ནོར་བུའི་བང་མཛོད།

201007051642539421130736421

སངས་རྒྱས་སྨན་རིའི་སྤྱན་གཅིག་པའི་སྐྱེས་རབས་རྣམ་ཐར་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་བསྟོད་པ་རྣམ་རྒྱལ་ཁང་བཟང་ཞེས་བྱ་བ་ཡན་ལག་བརྒྱད་ལྡན་འདི་ལ།

དང་པོ་ཕྱག་འཚལ་བའི་ལེའུ་ནི།

ཨེ་མ་ཧོ། བོན་ཉིད་ཆེན་པོ་སྤྲོས་པའི་མཐའ་དང་བྲལ། །ངང་ཉིད་གདལ་བ་ལྷུན་གྱིས་གྲུབ་པ་ལས། །འདུས་མ་བྱས་པའི་རྒྱུ་རྐྱེན་མེད་པ་ནི། །

གཡོ་བ་མི་མངའ་རང་བཞིན་ཀློང་ན་གནས། །སྐྱེ་འགག་གནས་སྟོང་དབྱིངས་ལྟར་ལྷུན་གྱིས་གྲུབ། །ངང་དང་རང་བཞིན་མཐའ་དང་དབུས་མེད་པ། །

མེད་པ་ལྔ་ལྡན་བོན་གྱི་སྐུ་མཆོག་སྟེ། །ཀུན་བཟང་བོན་སྐུ་ཉིད་ལ་ཕྱག་འཚལ་ལོ། །རྫོགས་སྐུ་ཆེན་པོ་གཟི་བརྗིད་མདངས་དང་ལྡན། །

འོག་མིན་གནས་ན་སྐུ་མཆོག་ལྷུན་གྱིས་གྲུབ། །མཚན་དང་དཔེ་བྱད་ལྗོན་ཤིང་ལོ་འབྲས་བཞིན། །ཐུགས་རྗེ་བཞི་ལྡན་ཚད་མེད་བཞི་ཡི་སྐུ། །

ཉི་ཟླའི་ཞལ་ནི་ཕྱོགས་བཅུ་གསལ་བ་ཡི། །སེམས་དཔའི་འཁོར་ལ་ཐུགས་རྗེའི་འོད་ཟེར་འཕྲོ། །ངེས་པ་ལྔ་ལྡན་རྫོགས་པའི་སྐུ་མཆོག་སྟེ། །

གཤེན་ལྷ་རྫོགས་སྐུ་ཉིད་ལ་ཕྱག་འཚལ་ལོ། །སྤྲུལ་བའི་སྐུ་མཆོག་བྱེ་བ་ཕྲག་བརྒྱ་ནི། །འཛམ་གླིང་བྱེ་བ་ཕྲག་བརྒྱ་འགྱེད་པ་ཡི། །

སྐུ་གསུམ་ཐུགས་ཀྱི་འོད་ཟེར་གཟི་བརྗིད་འབར། །ལས་ཀྱི་སྐལ་བཟང་རྗེས་འབྲང་དབྱིངས་སུ་བཀོད། །ལས་ངན་སྐལ་བ་མི་ལྡན་སེམས་ཅན་ལ། །

བརྒྱད་ཁྲི་བཞི་སྟོང་བོན་གྱི་ས་བོན་འདེབས། །མ་ངེས་ལྔ་ལྡན་སྤྲུལ་བའི་སྐུ་མཆོག་སྟེ། །སྟོན་པ་སྤྲུལ་སྐུ་ཉིད་ལ་ཕྱག་འཚལ་ལོ། །

སྐུ་གསུམ་ཀློང་ནས་འགྲོ་བའི་དཔལ་དང་མགོན། །བདེ་གཤེགས་སྟོང་དང་ཐུགས་རྗེ་ཆེན་པོ་ཡི། །སེམས་དཔའི་རིག་འཛིན་མཁའ་འགྲོ་བསམ་ལས་འདས། །

གྲངས་མེད་བསྐལ་བར་སངས་རྒྱས་གྲངས་མེད་ནི། །འགྲོ་དྲུག་དོན་ལ་ཐུགས་རྗེ་ཉི་མ་ཤར། །ཁམས་གསུམ་མུན་པར་གནས་པའི་སེམས་ཅན་རྣམས། །

དུས་གསུམ་མུན་པའི་གཏི་མུག་སེལ་བ་མཛད། །འགྲོ་དྲུག་སྐྱོབ་མཛད་སྐུ་ལ་ཕྱག་འཚལ་ལོ། །བསྐལ་སྟོང་སངས་རྒྱས་གྲངས་མེད་འགྲོ་འདུལ་དོན། །

སྡེ་སྣོད་བོན་དང་སྒོ་བཞི་མཛོད་དང་ལྔ། །ཐེག་པ་རིམ་དགུ་མཛད་པ་བཅུ་གཉིས་དང་། །མཛད་པ་དྲུག་བཅུ་བརྒྱད་ཁྲི་བཞི་སྟོང་སྒོ། །

ལས་བཞི་རྒྱུན་ལྔ་ཕྱི་ནང་གསང་གསུམ་ནི། །གྲངས་མེད་བསྐལ་བར་འཕྲུལ་ངག་བོན་སྒྲ་སྒྲོགས། །དུག་ལྔའི་དགྲ་བཅོམ་བོན་གྱི་གཏེར་མཛོད་རྡོལ། །

གྲངས་མེད་འདུལ་མཛད་བོན་ལ་ཕྱག་འཚལ་ལོ། །བདེ་གཤེགས་དགོངས་རྒྱུད་བླ་མ་ཆེ་དྲུག་དང་། །གདུང་རྒྱུད་བཅུ་གསུམ་མཁས་པ་མི་བཞི་དང་། །

ལོ་པཎ་གཤེན་བརྒྱད་གཤེན་གྱེར་རྨ་དབྱིལ་དང་། །བྲུ་ཞུ་སྤ་རྨེའུ་གཙུག་རྒྱན་རིན་པོ་ཆེ། །མི་མཇེད་འདུལ་མཛད་སྤྲུལ་སྐུ་སྐར་ཚོགས་བཀྲ། །

མཁྱེན་བརྩེའི་དབང་ཕྱུག་འགྲོ་དོན་མཛད་པ་ལ། །བདག་སོགས་འགྲོ་དྲུག་ལུས་ངག་རྩལ་བསྐྱེད་ནས། །སྒོ་གསུམ་རབ་ཏུ་བསྟོད་དེ་ཕྱག་འཚལ་ལོ། །

འཛམ་བུའི་གླིང་དུ་གསེར་གྱི་ཉི་ཤར་བཞིན། །དུས་ངན་ལྔ་བརྒྱ་ཐ་མའི་སྙིགས་མ་ལ། །འཕྲུལ་ངག་བོན་གྱི་ཆུ་ཆེན་རབ་བྲུག་ནས། །

རྗེས་འབྲང་ཉོན་མོངས་མ་ལུས་རྩད་ནས་བཀྲུ། །སྡེ་གསུམ་ཤེས་རབ་རྒྱས་པའི་ང་རོ་ཅན། །མ་རིག་གྲུབ་མཐའ་འདྲ་མིན་ཀླད་པ་འགེམས། །

མི་ཡི་སེང་གེ་གཟི་བརྗིད་སྨན་རི་བ། །གཙུག་རྒྱན་མཁན་པོ་ཁྱོད་ལ་ཕྱག་འཚལ་ལོ། །གང་ཅན་ཤར་ཕྱོགས་རྒྱལ་རོང་སྐུ་འཁྲུངས་ནས། །

གཟིགས་དགོངས་མཛད་པ་ལྷུན་གྲུབ་དབེན་ས་ཁར། །མཆོག་མཐུན་གྲུབ་ནས་དཔལ་ལྡན་སྨན་རི་རུ། །འཕྲུལ་ངག་བདེན་པའི་བོན་གྱི་འཁོར་ལོ་བསྐོར། །

མི་མཇེད་གནས་དང་འཛམ་གླིང་ཉེར་ལྔའི་དབུས། །ཡུལ་ཆེན་བཅོ་བརྒྱད་ཡུལ་གྱི་སྙིང་པོ་རུ། །ཁྱད་པ་ཁ་བ་ཅན་གྱི་རྗེས་འབྲང་ལ། །

ལས་སྐལ་ལྡན་མཛད་ཁྱེད་ལ་ཕྱག་འཚལ་ལོ། །གྲངས་མེད་བསྐལ་པར་ཚོགས་གཉིས་རྒྱ་མཚོ་ཡི། །མངོན་པ་ངོ་བོ་མཐོ་ཞིང་གཟི་བརྗིད་འབར། །

མི་མཇེད་སེམས་ཅན་འདྲེན་པའི་ཐུགས་རྗེ་ཅན། །ཁ་བ་ཅན་དུ་བསྟན་པའི་སྒྲོན་མེ་སྤར། །ལུང་རིག་མན་ངག་འབྲུག་སྒྲ་གཡོ་བ་ཅན། །

འཛམ་གླིང་ཕྱོགས་བཅུའི་དད་ལྡན་དང་བ་འདྲེན། །ཁ་ལོ་བསྒྱུར་མཛད་རྗེ་བཙུན་སྨན་རི་བ། །གསེར་གྱི་རི་རབ་སྐུ་ལ་ཕྱག་འཚལ་ལོ། །

དུང་གི་ཟླ་བ་མཁའ་ལ་ཚེས་པ་བཞིན། །སྐལ་ལྡན་སེམས་ལ་བོན་གྱི་ཟླ་བ་ཚེས། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རིམ་པ་རྫོགས། །

དུག་གསུམ་དུག་ལྔ་ཁམས་གསུམ་ས་དགུ་སྟེ། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཕྱགས་མས་འདེབས། །ཉི་ཟླའི་འོད་ལ་མུན་པ་མི་གནས་བཞིན། །

སྒྲིབ་གཉིས་གནས་དག་དྲི་མེད་སྨན་རི་བ། གསེར་གྱི་ཉི་མ་ཁྱེད་ལ་ཕྱག་འཚལ་ལོ། །འདུལ་ཁྲིམས་ཅོ་ལྔའི་ཉ་ཆེན་རྒྱས་པ་བཞིན། །

ཉིས་བརྒྱ་ལྔ་བཅུ་རྫོགས་པ་རིན་པོ་ཆེ། །འཛམ་བུ་གླིང་དུ་སྔོན་སྦྱང་ལས་འཕྲོ་ཅན། །ཚུལ་ཁྲིམས་རྫོགས་མཛད་གཙུག་གི་རྒྱན་ཅིག་པུ། །

ཉམས་པ་མེད་དེ་ཨུཏྤལ་མེ་ཏོག་ལྟར། །བོད་ཡུལ་དབུས་སུ་བསྟན་པའི་རྒྱལ་མཚན་འཛུག །རྣམ་རྒྱལ་ཁང་བཟང་ལྟ་བུའི་སྨན་རི་བ། །

རྩོད་བྲལ་འཛམ་གླིང་རྒྱན་ལ་ཕྱག་འཚལ་ལོ། །སྟག་གཟིག་ཡུལ་དུ་སྡེ་སྣོད་འབྱུང་གནས་མཛད། །དཀར་ནག་རྒྱ་ལ་བླ་མེད་དོན་རྟོགས་མཛད། །

ཞང་ཞུང་ཡུལ་དུ་མ་རིག་མུན་སེལ་མཛད། །བོད་ཀྱི་ཡུད་དུ་ཐུགས་རྗེའི་མངའ་བདག་མཛད། །རིག་པའི་གནས་ལྔར་གཟིགས་པའི་སྤྱན་གཅིག་པ། །

ལྔ་བརྒྱའི་ལས་ངན་ཐ་རམ་སེལ་བར་མཛད། །འཛམ་གླིང་རྒྱན་དྲུག་ཞལ་ཚབ་སྨན་རི་བ། །སྟོང་གི་སྤྱི་ཕུད་དེ་ལ་ཕྱག་འཚལ་ལོ། །

བསྟན་པའི་སྒྲོན་མེ་ལྟ་བུ་སྤྲུལ་བའི་སྐུ། །འོད་ཀྱི་འཁོར་ལོ་ལྟ་བུའི་མུན་སྒྲིབ་སེལ། །ལྷ་ཡི་ཕོ་བྲང་བཞིན་དུ་བདེ་བའི་གནས། །

ཐེག་ཆེན་ཁྲི་འཕང་བཞིན་དུ་ས་ལམ་བགྲོད། །བདུད་རྩིའི་ཆར་བ་བཞིན་དུ་འགྲོ་དྲུག་གསོ། །སྣང་གསལ་སྒྲོན་མེ་བཞིན་དུ་ཐར་ལམ་འབྱེད། །

མཐོ་རིས་སྐས་ལམ་འཛུགས་པའི་སྨན་རི་བ། །ཐུགས་རྗེའི་མངའ་བདག་དེ་ལ་ཕྱག་འཚལ་ལོ། །རྒྱུད་ལུང་སྨན་གྱི་རྒྱལ་པོིས་འགྲོ་དྲུག་སྐྱོབས། །

ཐུགས་རྗེའི་ལྕགས་ཀྱུས་ངན་སོང་མཐོ་རིས་འདྲེན། །མེ་ཏོག་ཧ་ལོ་དྲི་མ་མེད་པའི་སྐུ། །ཐུགས་རྗེ་མངའ་བདག་ཆེན་པོ་བཞི་དང་ལྡན། །

འཁོར་བར་སྒྲོལ་མཛད་གྲུ་གཟིངས་ཕ་རོལ་ཕྱིན། །གཤེན་རབ་ཞལ་སྐྱིན་ནོར་བུ་གཟི་བརྗིད་འབར། །འཁོར་བ་མེད་པའི་ཞིང་མཆོག་སྨན་རི་བ། །

ས་ཆེན་དྲི་མེད་དེ་ལ་ཕྱག་འཚལ་ལོ། །གསུང་གི་རྔ་སྒྲས་སེམས་དཔའ་རྒྱ་མཚོའི་དབུས། །འཕྲུལ་ངག་བདེན་པ་ཡོངས་སུ་བསྟན་པར་མཛད། །

སྨིན་གྲོལ་ལམ་ལ་བཀོད་པ་རིན་པོ་ཆེ། །ཁམས་གསུམ་སེམས་ཅན་དད་ལྡན་ཞིང་གྱུར་བ། །རྒྱལ་བའི་དགོངས་དོན་མ་ལུས་གསལ་བར་མཛད། །

བརྒྱད་ཁྲི་བཞི་སྟོང་གཟིགས་པའི་ཐུགས་ཉིེད་ཀློང་། །ཤེས་བྱ་ཐམས་ཅད་མཁྱེན་པའི་སྨན་རི་བ། །དུས་གསུམ་ས་ལེར་གསལ་ལ་ཕྱག་འཚལ་ལོ། །

གསེར་གྱི་ཉི་མ་ཤར་ནས་ཤར་བ་བཞིན། །མི་མཇེད་ཞིང་གི་སེམས་ཅན་མགོན་མཛད་པ་། །གྲངས་མེད་བསྐལ་པར་ཚོགས་གཉིས་རྫོགས་པ་ནི། །

ལྷ་རྣམས་འདུལ་ཚེ་སྣང་བ་མདོག་ཅན་ཞེས། །ཀླུ་རྣམས་འདུལ་ཚེ་ཡེ་ཤེས་སྙིང་པོ་ཞེས། །མི་རྣམས་འདུལ་ཚེ་མི་ལུས་བསམ་ལེགས་ཞེས། །

སྐུ་སྤྲུལ་དུ་མ་མཛད་པའི་སྨན་རི་བ། །ཕར་ཕྱིན་དྲུག་ཅུ་རྫོགས་ལ་ཕྱག་འཚལ་ལོ། །ལྔ་བརྒྱའི་ལས་ངན་མགོན་མཛད་སྤྲུལ་སྐུ་ནི། །

སྟག་གཟིག་ཡུལ་དུ་ལི་མུར་གཙུག་ཕུད་ཅེས། །དཀར་ནག་རྒྱ་ལ་ཟིང་པ་མཐུ་ཆེན་ཞེས། །ཞང་ཞུང་ཡུལ་དུ་སད་ནེ་གའུ་ཞེས། །

བོད་ཀྱི་ཡུལ་དུ་སྤྲུལ་པའི་སྐུ་མཆོག་མཚན། །གཤེན་གྱི་དྲང་སྲོང་ཤེས་རབ་རྒྱལ་མཚན་ཞེས། །སྐུ་སྤྲུལ་དུ་མ་མཛད་པའི་སྨན་རི་བ། །

དུས་གསུམ་སྒྲོན་མེ་དེ་ལ་ཕྱག་འཚལ་ལོ། །མཉམ་བཞག་དུས་སུ་སྣང་མེད་མཁའ་ལྟར་དག །ཡེངས་མེད་སྣང་བ་བོན་གྱི་སྐུ་རུ་གསལ། །

རྟག་ཆད་མི་མངའ་སྐྱེས་འགག་མཐའ་དང་བྲལ། །སྒྲ་ཚད་དབང་ཐོབ་ལུང་རིག་ཉི་མ་ཤར། །སུམ་བརྒྱ་དྲུག་ཅུའི་སྐད་རིགས་སོ་སོར་བསྒྱུར། །

མཚན་དཔེ་དྲང་ངེས་མཁྱེན་བརྩེ་ཁྱུང་ཆེན་ལྡིང་། །འགྱུར་མེད་དབྱིངས་ན་གནས་པའི་སྨན་རི་བ། །སྐྱེ་མེད་བོན་གྱི་སྐུ་ལ་ཕྱག་འཚལ་ལོ། །

ཉིས་བརྒྱ་ལྔ་བཅུ་རྫོགས་པ་འགྲོ་བའི་མགོན། །ས་མ་ཡ་ཡི་འབུམ་སྡེ་རྫོགས་པར་མཛད། །སྐལ་ལྡན་རྣམས་ལ་སྤྱི་རྒྱ་རླབས་ཀྱིས་གཅོད། །

སྐལ་མེད་རྣམས་ལ་ཐུགས་རྗེས་བྱིན་གྱིས་རླབས། །གདུལ་བྱའི་དོན་དུ་ཡུལ་མཆོག་གནས་བཞི་ལ། །སྤྱན་འདྲེན་ཕྱག་བཤགས་མཆོད་འབུལ་གསོལ་བ་འདེབས། །

ཡུལ་མཆོག་གནས་བཞིའི་ཞལ་གཟིགས་སྨན་རི་བ། །ལྷ་ཞལ་གྲངས་མེད་གཟིགས་ལ་ཕྱག་འཚལ་ལོ། །ཉི་མའི་ཟེར་གྱིས་སྐར་མའི་འོད་འཇོམས་བཞིན། །

ལོག་ལྟ་རྒོལ་བའི་གྲུབ་མཐའ་ཕྱིར་གསལ་ནས། །བརྒྱད་ཁྲི་བཞི་སྟོང་སེང་གེའི་ང་རོ་ཅན། །ཉོན་མོངས་དུག་ལྔའི་དགྲ་ཚོགས་ཆམ་ལ་ཕབ། །

བདུད་བཞི་ཟིལ་གནོན་རྣམ་པར་རྒྱལ་བའི་སྐུ། །ཉོན་མོངས་སངས་མཛད་གཡུ་བྱ་ཁུ་བྱུག་གསུང་། །ཐུགས་ཉིད་ནམ་མཁའ་འདྲ་བའི་སྨན་རི་བ། །

ཡོན་ཏན་རིན་ཆེན་གླིང་ལ་ཕྱག་འཚལ་ལོ། །ཕྲིན་ལས་ཉི་ཟླ་ཉི་ཤར་འོད་ཟེར་བཞིན། ལོག་ལྟ་དུག་ལྔའི་བདུད་དམག་མུན་པ་སེལ། །

མ་རིག་ཞིང་ལ་རིག་པའི་ས་བོན་འདེབས། །ཡེ་ཤེས་ལྔ་ཡི་ལྗང་བུ་འཁྲུངས་པར་མཛད། །སྙེ་མར་བསྐལ་སྟོང་སངས་རྒྱས་སྟོང་གསུམ་གང་། །

སངས་རྒྱས་སྟོང་གི་མཐུ་སྟོབས་འབྲས་དྲུག་ནས། །དུག་ལྔའི་གཅོང་ནད་སེལ་མཛད་སྨན་རི་བ། །དུག་གསུམ་ནད་སེལ་དེ་ལ་ཕྱག་འཚལ་ལོ། །

གསུང་རབ་རྒྱ་མཚོ་ཆེ་ལ་མངའ་མཛད་པའི། །འཆད་རྩོད་རྩོམ་པའི་གཟའ་སྐར་མཁའ་ལ་ཤར། །གསུང་གི་དབང་ཕྱུག་གནམ་ལྕགས་ཐོག་ཆེན་འབེབས། །

དགེ་སྡིག་ཡིད་གཉིས་སེམས་འཛིན་མཐའ་བསལ་མཛད། །དད་པ་དམ་ཚིག་ལྡན་པའི་བློ་རྩལ་བསྐྱེད། །ཁྱད་པར་འདོད་སྤྱོད་ཉོན་མོངས་ནད་དང་བྲལ། །

བདུད་རྩིའི་རྒྱུན་སྦྲེང་ནད་སེལ་སྨན་རི་བ། །འགྲོ་དྲུག་ནད་དང་བྲལ་ལ་ཕྱག་འཚལ་ལོ། །ཤེས་རབ་རྒྱལ་མཚན་སྲིད་པ་གསུམ་ལ་འཛུགས། །

བསྟན་པའི་དར་ཆེན་སྟོང་གསུམ་མཁའ་ལ་ཕྱར། །སྙན་པའི་དུང་ཆེན་སྒྲ་ནི་ཕྱོགས་བཅུར་སྒྲོགས། །བསྟན་འཛིན་གཤེན་རབ་དེ་དང་ཕྱོགས་བཅུ་ཡི། །

བསྐལ་སྟོང་སངས་རྒྱས་སེམས་དཔའ་རིག་འཛིན་དང་། །རིགས་ལྔ་མཁའ་འགྲོ་བརྒྱུད་གསུམ་བླ་མ་བཅས། །སྟོང་གསུམ་བདེར་བཀོད་སངས་རྒྱས་སྨན་རི་བ། །

བསྐལ་སྟོང་འགྲོ་དོན་མཛད་ལ་ཕྱག་འཚལ་ལོ། །

གཉིས་པ་གསོལ་བ་བཏབ་པའི་ཡན་ལག་ནི།

སྟོང་གསུམ་ཞིང་དང་ཕར་འདས་ཕྱོགས་བཅུ་ཡི། །བསྐལ་ཆེན་འདུལ་མཛད་སངས་རྒྱས་ཆེན་པོ་སྟོང་། །བསྐལ་ཕྲན་གཤེན་རབ་བྱེ་བ་ཕྲག་བརྒྱས་འདུལ། །

ཕྱོགས་བཅུའི་ཡུལ་མཆོག་གནས་བཞི་འཁོར་བཅས་ལ། །བདག་སོགས་སེམས་ཅན་ཞིང་དུ་གྱུར་ཚད་དང་། །ཡུལ་ཆེན་ཡུལ་ཕྲན་མཐའ་འཁོབ་སྟོང་ལ་སོགས།

སྙིང་རྗེས་ལས་ངན་ཐམས་ཅད་རྩད་གཅོད་དོན། །འཁོར་བ་མ་སྟོང་བར་དུ་གསོལ་བ་འདེབས། །

གསུམ་པ་མཆོད་པ་འབུལ་བའི་ཡན་ལག་ནི།

ཀུན་བཟང་མཆོད་སྤྲིན་ནམ་མཁའ་གང་བ་འདི། །ཕྱི་ནང་སྣོད་བཅུད་ཉི་ཟླ་སྒྲོན་མེ་བཅས། །སྒོ་བཞི་མཛོད་ལྔའི་མཆོད་པ་སྣ་ཚོགས་ནི། །

རྣམ་ལྔ་རྣམ་བརྒྱད་དངོས་འབྱོར་ཡིད་སྤྲུལ་ཚོགས། །གཟུགས་སྒྲ་དྲི་རོ་རེག་རྒྱནབོན་གཏེར་བཅས། །ལྷ་ཀླུ་མི་ཡི་མཆོད་སྤྲིན་སྟོང་གསུམ་གང་། །

སྐྱབས་གནས་ཡུལ་མཆོག་བཞི་ལ་མཆོད་པ་འབུལ། །སྒྲིབ་སྦྱངས་ཚོགས་རྫོགས་སྐུ་གསུམ་བྱིན་ཆེན་ཕོབ། །

བཞི་བ་བཤགས་པ་འབུལ་བའི་ཡན་ལག་ནི།

བདག་སོགས་ཕ་མ་ངན་སོང་སྦྱོང་ཚད་དང་། །གནས་ངན་ལུས་ངན་དུས་ངན་སེམས་ཅན་རྣམས། །ཁམས་གསུམ་ཁ་འཁོར་རྒྱུ་དྲུག་ལུས་བླང་དང་། །

སྡིག་སྤྱོད་རྒྱལ་བློན་དམག་དཔོན་ཤན་པ་དང་། །རིགས་ངན་མུ་སྟེགས་བྲན་དང་བུད་མེད་དང་། །ཡུལ་ཕྲན་མཐའ་འཁོབ་སྐལ་ངན་གསུམ་སྦྱང་བའི། །

ལས་ཉོན་སྡིག་སྒྲིབ་ཡུལ་མཆོག་སྐུ་ལ་བཤགས། །གནས་བཞིའི་ཐུགས་རྗེས་སྐུ་གསུམ་རྟེན་ཐོབ་མཛོད།།

ལྔ་པ་ཡི་རང་འབུལ་བའི་ཡན་ལག་ནི།

སྐུ་ལྔ་ལྷུན་རྫོགས་རྒྱལ་བ་མན་ཆད་དུ། །ཐེག་པ་རིམ་རྫོགས་སྤྱི་རྗེ་སྨན་རི་བ། །རྩ་བའི་བླ་མ་ལམ་འདྲེན་ཡན་ཆད་དང་། །

ཡུལ་མཆོག་གནས་བཞིའི་སྐུ་གསུང་ཐུགས་རྣམས་དང་། །བདེ་གཤེགས་སྟོང་དང་ལྷ་གཤེན་ལྷ་མོ་བཅས། །རྟེན་གསུམ་མ་ལུས་བརྒྱད་ཁྲི་བཞི་སྟོང་ལ། །

ཕྱོགས་བཅུའི་སྐལ་ལྡན་ལས་བཟང་འཕྲོ་ཡོད་རྣམས། །མོས་འདུན་སྤྱོད་པར་ལྷ་མི་ཡི་རང་ངོ་། །

དྲུག་པ་བཀའ་འཁོར་སྐོར་བའི་ཡན་ལག་ནི།

ཞ་ལོང་འོན་ལྐུགས་རྣམ་ཤེས་འཆལ་བ་དང་། །མཚན་གཉིས་མ་ནིང་སྦུར་དང་ལྷག་ཆད་དང་། །ཁམས་གསུམ་ཁ་འཁོར་དམན་པའི་དགེ་མེད་དང་། །

དབང་པོ་ཉམས་པ་ཀྱི་ཧུད་སྡུག་བསྔལ་ཅན། །དེ་དག་སྐྱོབ་མཛད་ལས་བཞི་རྒྱུན་གྱི་ལྷ། །ཡུལ་མཆོག་གནས་བཞིའི་ལྷ་ཚོགས་ཐུགས་རྗེ་ཅན། །

ཕྱི་ནང་གསང་བ་ཡང་གསང་དཔེ་རྩེ་གསུམ། །འགྲོ་དོན་འཁོར་ལོ་བརྒྱད་ཁྲི་བཞི་སྟོང་བསྐོར། །

བདུན་པ་བསྔོ་བའི་ཡན་ལག་ནི།

ལྷ་ཀླུ་མི་གསུམ་དགེ་བཅུ་སྤྱོད་པ་དང་། །བདག་གིས་སྒོ་གསུམ་འདུན་ཏེ་བསྟོད་པ་ཡིས། །ཕྱོགས་བཅུའི་དགེ་བཅུའི་རྩ་བ་གང་བསྒྲུབས་དང་། །

ཡུལ་མཆོག་བཞི་ལ་སྒོ་གསུམ་འདུན་པ་དང་། །མི་དགེ་བཅུ་པོ་གཏན་དུ་སྤངས་པ་དང་། །རྒྱས་འབྲིང་བསྡུས་པའི་དགེ་བ་ཅི་བསགས་པ། །

དགེ་བ་བཅུ་ཡིན་ནམ་མཁའ་གང་བ་འདི། །ངན་སོང་གནས་སྦྱངས་འགྲོ་རྣམས་དོན་དུ་བསྔོ། །

བརྒྱད་པ་སྨོན་ལམ་གྱི་ཡན་ལག་ནི།

དུས་གསུམ་སངས་རྒྱས་བསྐལ་སྟོང་བདེ་བར་གཤེགས། །ཕྲིན་ལས་རྣམ་བཞིའི་འགྲོ་བའི་དོན་མཛད་པའི། །སེམས་དཔའ་རིག་འཛིན་མཁའ་འགྲོ་གྲུབ་ཐོབ་བཅས། །

བརྒྱུད་གསུམ་བླ་མའི་སྐུ་གསུང་ཐུགས་དང་གསུམ། །ཡོན་ཏན་ཕྲིན་ལས་ཐུགས་རྗེའི་སྟོབས་ཕྱུང་ལ། །བསྐལ་ངན་ཁྲག་གི་རྒྱ་མཚོ་འཁྱིལ་བའི་དབུས། །

བོན་གྱི་འཕྲུལ་ངག་བདུད་རྩིའི་རྦ་རླབས་ཀྱིས། །འཁོར་བ་མུ་མེད་རྒྱ་མཚོ་སྒྲོལ་བར་ཤོག །

 

ཅེས་སངས་རྒྱས་མཁན་པོ་སྨན་རི་བའི་བསྟོད་པ་རྣམ་རྒྱལ་ཁང་བཟང་ཞེས་བྱ་བ་འདི། །བདག་གིས་བློ་གཏད་སྙིང་གིས་གསོལ་བཏབ་ནས། །ཚིག་ནི་བརྒྱད་སྡེབ་སུམ་ཅུའི་ཐར་ལམ་ཕྱེ། །ཤོ་ལོ་ཀ་ནི་དྲུག་ཅུ་གསལ་པར་བྲིས། །ཤད་བར་དག་ནི་་སུམ་བརྒྱ་དྲུག་ཅུ་བཞུགས། །དེ་འདྲའི་དགོངས་དོན་རིན་ཆེན་་གྲམ་མའི་གླིང་། །གཤེན་རབ་བཀའ་ཡི་ཕ་ནོར་བུ་ལ་བཞག། །རྗེས་འཇུག་སྐྱེ་རྒ་ན་འཆི་སྒྲོལ་ཕྱིར་བསྔོ། །འགལ་འཁྲུལ་ནོར་བ་མཆིས་ན་དོན་ལ་བཤགས། །ཉེ་བར་བཀོད་པའི་འབྲས་བུ་ཆེན་པོ་ནི། །མ་རིག་མུན་སེལ་སྒྲོན་མེ་འདེགས་པར་ཤོག ཅེས་པ་འདི་ནི་གཤེན་ཉི་མ་རྒྱལ་མཚན། གནས་མཆོག་རི་རྒྱལ་རྩེ་ལ་བཞུགས་པའི་དུས་སུ། བར་ལམ་གཡུང་དྲུང་གླིང་དུ་མཁའ་འགྲོ་མ་ཞིག་གཤེགས་སོང་པས། དེའི་འགྲོ་དོན་ལ་བྱ་རྒོད་ཅིག་ཏུ་སྤྲུལ་ནས་བྱོན་པ་ལ། དེར་འགྲོ་དོན་འགྲུབ་ནས་མཁའ་སྤྱོད་གནས་སུ་རིག་འཛིན་མཁའ་འགྲོའི་འཚོགས་གྲལ་ཕེབས་པ་ལ། རིག་འཛིན་ཕོ་རྒྱུད་ཐམས་ཅད་གཡས་ན་བཞུགས་ནས་སྣང་། བླ་ཆེན་དྲན་པ་ནམ་མཁའ་དབུས་སུ་བཞུགས་ནས་སྣང་། གཡོན་དུ་མཁའ་འགྲོ་མོ་རྒྱུད་ཐམས་ཅད་བཞུགས་ནས་སྣང་། ཐམས་ཅད་ཀུན་གྱི་ཞལ་ནས་བསྟོད་པ་རྣམ་རྒྱལ་ཁང་བཟང་འདིས་བསྟོད་ཅིང་འདུག་པ་ལ། གཤེན་ཉི་མ་རྒྱལ་མཚན་བདག་ལ་སྙན་དུ་བརྒྱུད་པ་ལགས་སོ། བདག་གིས་ཀྱང་དད་པ་མོས་འདུན་ཆེན་པོ་བསྐྱེད་ནས་མཁའ་སྤྱོད་ནས་མར་བྱོན་ནས། དེ་ནས་མཚན་ལྡན་སྨན་རི་བ་མཉམ་མེད་ཆེན་པོ་ཤེས་རབ་རྒྱལ་མཚན་ལ་མཇལ་དུ་འགྲོ་དགོངས་ནས་བྱང་གཡུང་དྲུང་གླིང་དུ་ཕེབས་པ་དང་། ཁྲི་ཐོག་ཏུ་བཞུགས་ནས་འདུག་པ་ལ། སྤྱན་ཆབ་བསམ་དུ་མེད་པ་བྱུང་ནས། དེ་ནས་ཀུན་གྱིས་ཞུས་ནས་སྤྱན་ཆབ་ཤོར་བ་གང་ཡིན་ཞུས་པས། སྨན་རིའི་སྐུ་མདུན་ཤེས་རབ་རྒྱལ་མཚན་འདས་ནས་མཁའ་སྤྱོད་ཀྱི་གནས་སུ་གཤེགས་སོང་པས་བདག་དང་མ་མཇལ། དེས་ན་སྙན་བརྒྱུད་ཀྱི་བསྟོད་པ་རྣམ་རྒྱལ་ཁང་བཟང་ཆེན་པོ་འདི་ལ་ནན་ཏན་བྱ་དགོས་བསམ་ནས་ཡི་གེ་རིས་སུ་བཀོད་པ་ཡིན་ནོ། །

702 total views, 2 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།