རྣམ་མཁྱེན་སྟོན་པ་གཤེན་རབ་མཆོག་སྐུ་འཁྲུངས་ནས་མི་ལོ་༡༨༠༣༤འཁོར་བའི་དུས་ཆེན།

IMG_7798 IMG_7799

གཡུང་དྲུང་བསྟན་པ་རྒྱས་པའི་ས་གནས། མདོ་སྔགས་ཉི་མ་ཤར་བའི་གླིང་ཆེན། རིག་གནས་ཆུ་བོ་འདུས་པའི་རྫིང་བུ། ལེགས་བཤད་ལུང་རིག་སྒྲོགས་པའི་སྐྱེད་ཚལ། མང་ཐོས་མཁས་མང་འདུས་པའི་སྡེ་གནས། གྲུབ་པའི་སར་བཞུགས་རྣམས་ཀྱི་མཁའ་སྤྱོད། གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སྔར་གྱི་ཕྱག་རྒྱུན་དང་བོན་གྱི་གྲྭ་ས་གོང་མ་སངས་རྒྱས་རྒྱལ་བ་སྨན་རི་བའི་ལུགས་ལྟར། གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག བོད་མེ་བྱ་ལོའི་ཧོར་ཟླ་དང་པོའི་ཚེས་བཅུ་བཞི་དང་བཅོ་ལྔ་སྟེ་ཉིན་གཉིས་(༢༠༡༧།༣།༡༡ནས་༡༢)ཀྱི་རིང་། བདག་ཅག་གི་༧སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གི་སྐུ་ཡི་མཚན་དཔེ་མི་མཇེད་པའི་འཇིག་རྟེན་གྱི་ཞིང་ཁམས་འདིར་བཞད་ནས་མི་ལོ་(༡༨༠༣༤)ཧྲིལ་པོར་འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པ།

IMG_7786IMG_7787

དེ་ཡང་ཉིན་དང་པོར་ཞོགས་པའི་ཆུ་ཚོད་ལྔ་པ་ཙམ་ནས་སྨན་རིའི་གྲྭ་ཚང་གི་རྣམ་དག་འདུལ་བའི་གཙུག་ལག་ཁང་ཆེན་དུ་གཤེན་གྱི་དགེ་སྤྱོད་ཀྱི་ཆོ་གའི་ཞལ་ཕྱེས་ནས་དབུ་འཛུགས་གནང་ཡོད་པ་དང་།

IMG_1708 IMG_1728

ཧོར་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་མཛད་མདོ་རྒྱས་པ་<<དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་>>ལས། ‘‘དེ་ནས་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔ་ལ་སྟོན་པ་སྐུ་འཁྲུངས་ཏེ།’’།ཞེས་དང་། དེ་བཞིན་<<མདོ་གཟེར་མིག་>>ལས། ‘‘ལོའི་འགོ་བོ་བྱི་བ་ལ་དགོངས་ནས་གཤེགས་པ་ནི། འཇིག་རྟེན་གྱི་ཁམས་སུ་མཛད་པ་བཅུ་གཉིས་ཀྱི་དོན་མཐར་ཕྱིན་པས། ནན་ཏན་གྱིས་སེམས་ཅན་འདུལ་ཞིང༌། ཞིབ་ཏིག་གིས་བསྟན་པ་སྤེལ་བ་ལགས་སོ། །ཟླ་བའི་མགོ་བོ་དཔྱིད་ཟླ་ར་བ་ལ་དགོངས་ནས་གཤེགས་པ་ནི། ཟླ་བ་བཅུ་གཉིས་ཀྱི་འགོ་དཔྱིད་ཟླ་ར་བ་ལ་དགོངས་ནས་བྱོན་པ་ལགས་སོ། །ཞག་གི་སྙིང་པོ་ཚེས་བཅོ་ལྔ་ལ་གཤེགས་པ་ནི། སྔོན་གྱི་སྟོན་པ་རྣམས་གཤེགས་པའི་དུས་ཁྱད་པར་ཅན་གྱི་རྗེས་དང༌། ཟླ་གསང་ཐིག་ལེའི་དངོས་གྲུབ་ནོད་པས་གཤེགས་པའོ། །སྐར་མའི་དམ་པ་རྒྱལ་གྱི་རུ་གོང་དུ་གཤེགས་པ་ནི། བདུད་ལྔ་དབང་དུ་བསྡུས་ཏེ་རྒྱལ་བ་དང༌། འཇིག་རྟེན་ཟིལ་གྱིས་གནོན་ཏེ་རྒྱལ་བའི་ཕྱིར་རོ། །དུས་ཚོད་ཀྱི་དང་པོ་ནམ་ལངས་པ་ལ་དགོངས་ནས་གཤེགས་པ་ནི། ནམ་ལངས་པའི་རྟིང་ལ་ཉི་ཤར་འོང་བ་དང་འདྲ་སྟེ། བདག་གཤེགས་པའི་རྟིང་ལ། སྐུ་ལས་སྤྲུལ་སྐུ་འབུམ་ཕྲག་མང་པོ་ཕྱུང་ནས། འགྲོ་བ་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རོ།’’།ཞེས་གསུངས་པ་ལྟར།

IMG_1735IMG_1732

བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་སྐུ་འཁྲུངས་པའི་དུས་ཆེན་ཁྱད་པར་ཅན་གྱི་ཞོགས་པར་གདན་ས་ཆེན་མོ་སྨན་རིའི་གླིང་དུ་རྣམ་དག་འདུལ་བའི་གསོ་སྦྱོང་འཚོགས་གནང་ཞིང་། དེ་ནས་གཤེན་གྱི་དགེ་སྤྱོད་རྣམ་པར་དག་པའི་མདོ་ཆོག་གསུངས།

IMG_7793IMG_7780

ཆུ་ཚོད་བཅུ་པ་ཙམ་ནས་ཕྱག་སྲོལ་ལྟར་སྨན་རིའི་གླིང་གི་སྐབས་བཅུ་དགུ་པའི་བཀའ་རམས་པ་རྣམས་ནས་༧སྨན་རིའི་བླ་བྲང་དང་སྨན་རིའི་དཔོན་སློབ་རིན་པོ་ཆེ་བཅས་ལ་རྟེན་འབྲེལ་གྱི་གསོལ་ཇ་འདེགས་འབུལ་ཞུས་ནས་དྲན་རྟེན་སྐུ་པར་སོགས་བསྒྲོན་གནང་། ཕྱི་དྲོར་ཆུ་ཚོད་བཞི་པ་ཙམ་ནས་བླ་སྤྲུལ་དགེ་འདུན་རྣམས་དང་བོན་གཞིས་ཐོབ་རྒྱལ་གསར་པའི་མང་ཚོགས་དང་སློབ་ཕྲུག་ཡོངས་ནས་ཕྱི་སྐོར་ལ་ཕེབས་གནང་།

IMG_1736IMG_1730

དགོང་དྲོར་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་བཤད་སྒྲུབ་སློབ་དཔོན་རིན་པོ་ཆེ་བཅས་བོན་གཞིས་སེར་སྐྱ་མང་ཚོགས་ཡོངས་ནས་སྟོན་པའི་སྐུ་བརྙན་མཐོང་བ་རང་གྲོལ་ལ་མཆོད་མཇལ་དང་མར་མེའི་གླིང་སྐོར་སོགས་ཞུས་ནས་མཐར་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ནས་དུས་ཆེན་མཇུག་གྲུབ་པར་མཛད་ཡོད་པ་བཅས་སོ།།

པར་པ། ངག་དབང་ཤེས་རབ་དང་གྱེར་ནག་ཚང་།

1,585 total views, 5 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།