སྟོན་པ་གཤེན་རབ་མི་བོའི་མཛད་རྣམ་སྙིང་བསྡུས།

tompa_shenrabTonpa-Shenrab

དང་པོ་རྣམ་པར་བཞེས་པའི་མཛད་པ། (སྐྱེ་བ་བཞེས་པའི་མཛད་པ།)

༄༅།། རྣམ་འདྲེན་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱིས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས། མཐར་ཐུག་འོག་མིན་གྱི་ཞིང་དུ་སྐུ་གསུམ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་མཛད་དེ། རྩོད་ལྡན་ཚེ་ལོ་བརྒྱ་པའི་འགྲོ་བ་རྣམས་འདུལ་བའི་དུས་ལ་བབས་ཚེ་འོག་མིན་གྱི་ཞིང་དུ་གཤེན་ལྷ་འོད་དཀར་ལ་འགྲོ་བ་འདུལ་བའི་བོན་ལུང་ཞུས་ཏེ་གནས་རིགས་ཆེན་པོ་བཞི་དང༌། གཟུགས་ཁམས་བཅུ་བདུན། འདོད་ལྷ་གཞན་འཕྲུལ་དབང་བྱེད་སོགས་ནས་རིམ་བཞིན་བྱོན་ཏེ། རྩ་གསུམ་ལྷ་ཡི་ཞིང་དུ་ཕེབས། གཅུང་ཤེས་པ་རྒྱལ་ཚབ་ཏུ་བསྐོས་ཤིང་འཇིག་རྟེན་དྲེགས་པའི་སྡེ་ཚོགས་རྣམས་དབང་དུ་བསྡུས་ཏེ་བསྟན་པའི་སྲུང་མར་བསྐོས། རི་རབ་ཀྱི་ཁ་ཁྱེར་ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོའི་རྒྱལ་ས་ནས་གཟིགས་དགོངས་ཚད་ལྔ་ཐུགས་ལ་བཀྲམ་སྟེ། རྟག་གཟིགས་འོལ་མོ་ལུང་རིང་གི་རྒྱལ་མཁར་བར་པོ་སོ་བརྒྱད། ཡབ་རྒྱལ་བོན་ཐོད་དཀར་དང༌། ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ་ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བ། ཟླ་བའི་དང་པོ་དཔྱིད་ར་མེ་སྟག་གི་ཟླ་བ། ཞག་གི་སྙིང་པོ་ཚེས་བཅོ་ལྔ༌། དུས་ཚོད་ཀྱི་དང་པོ་ནམ་ལངས། སྐར་མའི་དམ་པ་རྒྱལ་གྱི་རུ་གོང་དུ་སྐུ་འཁྲུངས། ཕྱི་ལོའི་སྔོན་ ༡༦༠༡༧མཚན་མཁན་བྲམ་ཟེ་གསལ་ཁྱབ་འོད་ལྡན་གྱིས་སངས་རྒྱས་བསྟན་པའི་གཙོ་བོ་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ཞེས་མཚན་གསོལ། དེ་རྗེས་མི་ལོ་གཅིག་རིང་གཞོན་ནུ་རོལ་རྩེད་མཛད། དེ་ནས་འཇིག་རྟེན་གྱི་མངའ་དབང་ཅན་རྣམས་ཀྱིས་ཞབས་ནས་བཏེགས་ཏེ་དམུ་རིགས་འཕྲུལ་གྱི་རྒྱལ་པོའི་རྒྱལ་སར་བཀོད་དེ་སྲིད་གསུམ་ཡོངས་ཀྱི་མངའ་བདག་ཏུ་མངའ་གསོལ། རྒྱལ་བུའི་བཀའ་ཁྲིམས་བསྩལ་བའི་མདོ་དང༌། སངས་རྒྱས་བསྟན་པ་ཆགས་པའི་གཞི་མ་བཟོ་རིག་པའི་སྐོར་རྣམས་གསུངས་ཏེ་འཛམ་གླིང་རྒྱན་དྲུག་སོགས་ལ་གཉེར་དུ་གཏད།

གཉིས་པ་རྣམ་པར་སྤེལ་བའི་མཛད་པ། (བསྟན་པ་སྤེལ་བའི་མཛད་པ།)

དེ་ནས་སྟོན་པ་གཤེན་ལོ་བཅུ་གཉིས་བཞེས་པའི་བར་དུ་ཐེག་པ་རིམ་དགུའི་གཉེར་དཔོན་རྣམས་དང་ཕྱི་ནང་གསང་བའི་འཁོར་ཚོགས་ལ་ཕྱྭ་གཤེན་དང༌། སྣང་གཤེན། འཕྲུལ་གཤེན། སྲིད་གཤེན་ཏེ་རྒྱུ་ཡི་ཐེག་པ་བཞི་དང༌། དགེ་བསྙེན། དྲང་སྲོང༌། ཨ་དཀར། ཡེ་གཤེན་ཏེ་འབྲས་བུའི་ཐེག་པ་བཞི། ཡང་རྩེ་བླ་མེད་ཀྱི་ཐེག་པ་བཅས་ཐེག་པ་རིམ་དགུའི་བོན་བསྟན། གཡུང་དྲུང་དགུ་བརྩེགས་ཀྱི་རི་ལ་རྨ་ལོ་དང་གཡུ་ལོ་བཅས་པའི་ཡེ་གཤེན་གྱི་འཁོར་ཚོགས་ལ་སྒྲ་ཚད་ཀྱི་བོན་དང་དབང་ལྡན་ས་བདག་རྒྱལ་པོའི་ཕོ་བྲང་དུ་དབང་ལྡན་དུས་ཀྱི་འཁོར་ལོའི་ཕྱི་ནང་གསང་གསུམ་གྱི་རྒྱུད་རྣམས་གསུངས་ཏེ་རྩིས་རིག་གི་རྣམ་བཞག་གཏན་ལ་ཕབ། གཞན་ཡང་ལྷ་ཀླུ་མི་ཡི་ཞིང་ཁམས་སུ་དཔེའུ་རྩེ་རྣམ་པ་གསུམ་གྱི་བོན་རྣམས་བསྟན།

གསུམ་པ་རྣམ་པར་འདུལ་བའི་མཛད་པ། (འགྲོ་འདུལ་གྱི་མཛད་པ།)

སྟོན་པ་མཆོག་ཐུགས་དག་པ་གཉིས་ལྡན་གྱི་བོན་དབྱིངས་ལས་མ་གཡོས་བཞིན་དུ། འདུལ་གཤེན། ཡེ་གཤེན། གཡེན་འདུལ་སུམ་ཅུ་རྩ་གསུམ་དང༌། འབྱུང་བའི་གཤེན་བཞི། ཕྱོགས་བཞི་དབུས་ལྔའི་གཤེན། འཛམ་གླིང་བྱེ་བ་ཕྲག་བརྒྱ་རུ་སྤྲུལ་པའི་སྐུ་མཆོག་བྱེ་བ་ཕྲག་བརྒྱ་ཡིས་འདུལ་བར་མཛད་དོ། །

བཞི་པ་རྣམ་པར་འདྲེན་པའི་མཛད་པ། (འགྲོ་བ་འདྲེན་པའི་མཛད་པ།)

འཇིག་རྟེན་གྱི་ཁམས་ན་ཤིན་ཏུ་སྡིག་ཆེ་ཞིང་ཉོན་མོངས་ཆགས་སྲེད་ཀྱིས་གདུང་བར་གྱུར་པ་ཞེ་སྡང་ཅན་སྡིག་ཆེན་གཏོ་བུ་དོད་དེ་དང༌། འདོད་ཆགས་ཅན་བཙུན་མོ་འགུ་ལིང་མ་ཏི། ང་རྒྱལ་ཅན་ཁྲི་ཤི་དབང་རྒྱལ། ཕྲག་དོག་ཅན་ཧ་ལ་ར་ཙ། གཏི་མུག་ཅན་གུ་ཝེར་ར་ཙ་སོགས་དུག་ལྔ་ཤས་ཆེ་བའི་གདུལ་བྱ་ཤིན་ཏུ་ནས་གདུལ་དཀའ་བའི་སེམས་ཅན་གྲངས་ལས་འདས་པ་ཞིག་འཁོར་བའི་གནས་ནས་དྲངས་ཏེ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་བཀོད་པར་མཛད་དོ། །

ལྔ་པ་རྣམ་པར་ངེས་པའི་མཛད་པ། (ཁབ་བཞེས་པའི་མཛད་པ།)

དེ་ནས་ལྷ་ཡི་དབང་པོ་བརྒྱ་བྱིན་སོགས་ཀྱིས་ཁབ་རྣམས་བཞེས་པར་གསོལ་བ་བཏབ་པ་དང༌། རབས་ཆད་མ་ནིང་བྱ་བའི་ངག་བཅག་ནས་འགྲོ་བ་རང་མཐུན་གྱི་ཆ་ལུགས་བསྟན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡུམ་བཅུའི་སྤྲུལ་པ་ཧོས་བཟའ་དཔོ་བཟའ་ལྷ་བཟའ་ཀླུ་བཟའ་ཀོང་བཟའ་རྒྱ་བཟའ་ཕྱྭ་བཟའ་གསས་བཟའ་བྲམ་ཟེ་བཟའ་སོགས་དགྱེས་སྡེའི་ཚུལ་དང༌། རྒྱལ་རྗེ་བྲམ་ཟེ་དམངས་རིགས་ཀྱི་བུ་མོ་ལྔ་བཅུ་ལྔ་བཅུ་རྒྱལ་མོ་དང་བློན་མོ་དང་ཁྲུས་མཛད་དང་བྲན་མོའི་ཚུལ་དང༌། ཤག་རིགས་ཧོས་རིགས་དཔོ་རིགས་རྒྱ་རིགས་གཏོ་དཔྱད་གཉན་རིགས་ཀྱི་བུ་མོ་སུམ་ཅུ་སུམ་ཅུ་མཛའ་མོ་དང་སྲིད་འཛིན་དང་སྐུ་སྲུང་དང་རྩིས་མཁན་དང་མགྲོན་མོའི་ཚུལ་དུ་བཞེས་པར་མཛད་དེ། དེ་དག་ཡུམ་ཆེན་མོ་སུམ་བརྒྱ་དྲུག་ཅུའི་སྤྲུལ་པ་ངོ་མཚར་གྱི་ཡོན་ཏན་དུ་མས་བརྒྱན་པ་ཤ་སྟག་སྟེ་སྲེད་ལེན་གྱི་དྲི་མ་རིང་ནས་སྤངས་ཀྱང་འཁོར་བའི་ཕོ་མོའི་སྲེད་ལེན་གྱི་འབྲེལ་བ་གཅོད་པའི་ཕྱིར་དུ་ཐབས་མཁས་ཀྱི་མཛད་པའི་ཆར་བྱུང་བའོ། །

དྲུག་པ་རྣམ་པར་སྤྲུལ་པའི་མཛད་པ། (སྲས་སྤྲུལ་པའི་མཛད་པ།)

རྒྱལ་བའི་སྐུ་ལ་རིགས་རྒྱུད་མི་འཚལ་ཡང་རྒྱལ་པོའི་གདུང་རྒྱུད་མི་ཆད་པར་བྱ་བའི་ཕྱིར་དང༌། སེམས་ཅན་གྱི་དོན་དུ་ཐབས་དང་ཤེས་རབ་རོལ་པའི་ཚུལ་ལས་བདེར་གཤེགས་ཀྱི་སྤྲུལ་པ་ཉེ་སྲས་བརྒྱད་དུ་འཁྲུངས་ཏེ། གང་ཞེ་ན། ཧོས་བཟའ་རྒྱལ་མེད་ལ་སྲས་གཏོ་བུ་འབུམ་སངས་དང་དཔྱད་བུ་ཁྲི་ཤེས་གཉིས། དཔོ་བཟའ་ཐང་མོ་ལ་ལུང་འདྲེན་གསལ་བ་དང་རྒྱུད་འདྲེན་སྒྲོན་མ་གཉིས། གསས་བཟའ་ངང་རིང་ལ་འོལ་དྲུག་ཐང་པོ། ཕྱྭ་བཟའ་གུང་དྲུག་ལ་རྒྱལ་བའི་གདུང་འཚོབ་མུ་ཆོ་ལྡེམ་དྲུག ཀོང་བཟའ་ཁྲི་ལྕམ་ལ་དམུ་རྒྱལ་གྱི་གདུང་རྒྱུད་འཛིན་པའི་རྒྱལ་སྲས་གཡུང་དྲུང་དབང་ལྡན། རྒྱ་བཟའ་འཕྲུལ་བསྒྱུར་ལ་རྒྱལ་སྲས་ཀོང་ཚ་འཕྲུལ་བུ་བཅས་འཁྲུངས། དེ་རྣམས་འཁྲུངས་དུས་སུ་ལྷ་ཀླུ་མི་རྣམས་གླུ་གར་བསྒྱུར་ཞིང་ཁྱད་པར་དུ་ལྷ་ཚངས་པས་ཁྲུས་གསོལ་མཛད། དེ་དག་སངས་རྒྱས་ཉིད་ལ་དང་པོ་བཀའ་ཡི་གླེང་སློང་གི་ཞུ་བ་པོ་དང༌། བར་དུ་བསྟན་པའི་གཉེར་འཛིན་ཅིང༌། ཐ་མར་བཀའ་ཡི་བསྡུ་བ་པོ་མཛད་པ་དང༌། སྟོན་པའི་བསྟན་པ་མ་རྫོགས་ཀྱི་བར་དུ་ཐུགས་རྗེའི་སྤྲུལ་པ་མ་འགག་པར་སེམས་ཅན་ཀྱི་དོན་མཛད་པའོ། །གཞན་ཡང་ཧོས་བཟའ་ལ་བུ་མོ་གཤེན་བཟའ་ནེའུ་ཆེན་དང༌། དཔོ་བཟའ་ལ་གཤེན་བཟའ་ནེའུ་ཆུང་སྟེ་བུ་མོ་གཉིས་འཁྲུངས་པའོ། །

བདུན་པ་རྣམ་པར་འཇོམས་པའི་མཛད་པ། (བདུད་བཏུལ་བའི་མཛད་པ།)

ཚངས་རིས་ཀྱི་ཐད་མུན་པ་གཡུང་དྲུང་ཟེར་ལྡན་གྱི་ཡུལ་ན་བདུད་རྒྱ་ལག་ཐོད་རྗེའི་བུ་བདུད་རྗེ་ཁྱབ་པ་ལག་རིང་ཞེས་བྱ་བ་དེས་སྟོན་པས་བདུད་ཀྱི་ཞིང་ཁམས་སྟོངས་སུ་འཇུག་པ་མཐོང་ནས་གཤེན་རབ་ལ་ཆོ་འཕྲུལ་སྣ་དགུ་བསྟན་པ་དེ་དག་སྟོན་པའི་ཐབས་ཀྱིས་བཏུལ་བར་མཛད་པས་སྣ་དགུའི་ཐ་མ་དྲག་པོ་བདུད་ཀྱི་དམག་བྱེ་བ་དུང་ཕྱུར་དྲངས་ཏེ་མདའ་མཚོན་སྣ་ཚོགས་ཀྱི་ཆར་དུ་ཕབ་ཀྱང༌། སྟོན་པས་སྤྲུལ་པ་མཛད་པས་མཚོན་ཆ་ཐམས་ཅད་པད་མའི་ཆར་དུ་གྱུར་པ་ན་བདུད་འཁོར་དང་བཅས་པ་དད་པ་སྐྱེས་ཏེ་སྟོན་པའི་འཁོར་དུ་གྱུར། དེ་ནས་བདུད་ཀྱིས་གཤེན་རབ་ཀྱི་འཁོར་ལ་ཆོ་འཕྲུལ་སྣ་ཚོགས་བསྟན་ཀྱང་སྟོན་པའི་བྱིན་རླབས་ཀྱིས་གནོད་པ་ཆེར་མ་བྱུང་ཡང་སྔོན་གྱི་ལས་དབང་གིས་བུ་མོ་གཤེན་བཟའ་ནེའུ་ཆུང་མེ་ཏོག་གི་གླིང་ནས་རེ་ཞིག་བདུད་ཀྱི་རྗེས་སུ་འབྲངས་སོ། །གཏོ་བུ་དང་ཡུམ་དཔོ་བཟའ་གཉིས་ཀྱིས་སྟོན་པ་བདུད་ཡུལ་དུ་འབྱོན་ནས་ནེའུ་ཆུང་བཀུག་པར་ཞུས་པས་སྟོན་པ་བདུད་ཡུལ་དུ་ཕེབས་ནས་ནེའུ་ཆུང་དང་བདུད་ཕྲུག་སྟག་བུ་ཐུང་དང་གཟིག་བུ་ཐུང་གཉིས་ཀྱང་བཀུག་པར་མཛད། དེ་ནས་བདུད་ཀྱིས་གཤེན་རབ་ཀྱི་ནོར་ལ་ཆོ་འཕྲུལ་བསྟན་ཏེ་བདུད་ཕྲུག་ཤོར་བ་རྐྱ་བདུན་གྱིས་གཤེན་གྱི་རྟ་བདུན་བརྐུས་ནས་ཀོང་པོའི་ཡུལ་དུ་བྲོས་པས་སྟོན་པ་རྟ་ལ་ཆགས་པ་མ་ཡིན་ཀྱང་བོད་སྲིན་པོའི་རིགས་དབང་དུ་བསྡུ་བ་དང༌། བདུད་དྲེགས་པ་ཅན་དམ་ལ་འདོགས་པའི་ཆེད་རྟ་ཡི་རྗེས་སུ་བྱོན་པ་ན་བོད་ཀྱི་ལྷ་འདྲེ་ལ་སོགས་སེམས་ཅན་མང་པོས་ཀྱང་མདུན་ནས་བསུས་ཏེ་ཕྱག་འཚལ་ཞིང་མཆོད་པ་ཕུལ། སྟོན་པས་ཀྱང་གཙང་པོ་ལ་པད་མའི་གདན་སྟེང་ནས་ཀོང་པོ་རོང་ནགས་སུ་གཤེགས་ཏེ་བདུད་ཚོགས་རྣམས་ཕམ་པར་མཛད། ཕྱི་རབས་འགྲོ་བའི་དོན་དུ་ཐུགས་ལས་བོན་རིར་སྤྲུལ་ཏེ་བོད་ཀྱི་བོན་པོ་རྣམས་ལ་ལྷ་གསོལ་བ་དང༌། འདྲེ་བཀར་བ། ཡུགས་ཕུད་པའི་རྒྱུ་བོན་ཙམ་ཞིག་བསྟན་ནས་ནམ་ཞིག་ཐེག་པ་རིམ་དགུའི་བོན་རྣམས་ཀྱང་དར་ཞིང་རྒྱས་པའི་སྨོན་ལམ་བཏབ།

བརྒྱད་པ་རྣམ་པར་རྒྱལ་བའི་མཛད་པ། (བསྟན་པ་རྗེས་བཞག་གི་མཛད་པ།)

སྟོན་པ་ཤག་རིགས་རྒྱལ་པོའི་འགྲོ་དོན་དུ་བྱོན་ནས་གསས་མཁར་སྒྲོན་མ་དགུ་ཐོག་ཏུ་གཤེན་རབ་ཁ་ཏེ་མུ་ཡ་ལ་ཐེག་དགུའི་བསྟན་པ་རྗེས་བཞག་མཛད། རྒྱལ་རིགས་ཀྱི་ཞིང་དུ་གཤེན་རབ་སྤང་ལ་ནམ་གཤེན་ལ་སྐུ་གདུང་བསྟན་པ་རྗེས་བཞག་མཛད། རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་གསས་ཁང་དཀར་ནག་བཀྲ་གསལ་རྒྱ་མཚོའི་གླིང་ཐོག་འབར་བ་བཞེངས་པའི་བར་ཆོད་རྣམས་སེལ་ཏེ་མངའ་དབུལ་རབ་གནས་དང༌། དེ་ནས་སྲིད་པ་སངས་པོ་འབུམ་ཁྲི་དང་ཐབས་ཤེས་ཟུང་དུ་སྦྲེལ་ཏེ་བོན་ཐེག་པ་རིམ་དགུ་དང་སྒོ་བཞི་མཛོད་ལྔ༌། ཕྱི་ནང་གསང་གསུམ་རྣམས་རྒྱས་པར་དཀྲོལ་ཏེ་རིན་ཆེན་སྣ་ལྔའི་གླེགས་བམ་དུ་བྲིས་པའི་གསུང་རབ་ཐམས་ཅད་དཀར་ནག་བཀྲ་གསལ་དུ་བསྟན་པ་རྗེས་བཞག་མཛད།

དགུ་པ་རྣམ་པར་རིག་པའི་མཛད་པ། (ཁྱིམ་སྤངས་རབ་བྱུང་གི་མཛད་པ།)

མི་ལོ་སུམ་སྟོང་ཆིག་བརྒྱ་གཤེན་ལོ་སུམ་ཅུ་སོ་གཅིག་བཞེས་པའི་དུས་ན་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དེ་ཉིད་ཀྱིས་གསས་མཁར་ཁྲི་སྨོན་རྒྱལ་བཞད་ཀྱི་ཕྱོགས་བཞིར་སྐྱེ་རྒས་ན་འཆི་སྡུག་བསྔལ་གྱི་ཆུ་བོ་བཞིར་གཟིགས་པའི་ངེས་འབྱུང་གི་རྐྱེན་གྱིས་བསྐུལ་བའི་ཚུལ་མཛད་དེ་མཆོད་རྟེན་རྣམ་དག་དཀར་པོའི་དྲུང་དུ་ཁྱིམ་སྤངས་རབ་ཏུ་བྱུང་བར་མཛད་དེ་ན་བཟའ་པད་ལོ་རིས་དྲུག་དང༌། རིན་ཆེན་བླངས་བའི་རྫས་ལྔ་སོགས་རབ་བྱུང་གི་ཆས་རྣམས་བཞེས་པར་མཛད། དེ་རྗེས་འོག་མིན་གྱི་ཞིང་དུ་དྲང་སྲོང་ལེགས་ལྡན་རྒྱལ་བའི་མདུན་ནས་དག་པ་དྲང་སྲོང་གི་ཁྲིམས་རྣམས་རྫོགས་པར་བླངས་པས་མཚན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་ཁྲི་གཙུག་རྒྱལ་བ་ཞེས་སུ་གསོལ། དེ་ནས་སུམ་ཅུ་རྩ་གསུམ་དང༌། རྒྱལ་ཆེན་རིགས་བཞི། འོལ་གླིང་གི་ཟད་མཚམས་མེ་ཏོག་གླིང་བཅས་སུ་དཀའ་ཐུབ་རྣམ་གསུམ་མཛད། བདུད་རྗེ་ཁྱབ་པ་སོགས་ཀྱི་འཁོར་རྣམས་ལ་བོན་འཁོར་བསྐོར་བར་མཛད་པས་རིམ་བཞིན་ཡིད་ཀྱི་ཁྱེའུ་ཆུང་སོགས་འཁོར་རྣམས་སྤྲིན་བཞིན་དུ་འདུས་པ་ལ་བོན་འཁོར་ཚིག་བཞི་གསུངས་པས་ཀུན་ཀྱང་དད་ནས་རབ་ཏུ་བྱུང་བར་ཁས་བླངས་པས་འཁོར་སྡེ་བཞི་ཡ་བརྒྱད་དུ་ཕྱེས་ཏེ། སྟོན་པ་ཁྲི་གཙུག་རྒྱལ་བས་སློབ་དཔོན་མཛད། གཡུང་དྲུང་གཙུག་གཤེན་རྒྱལ་བས་མཁན་པོ་མཛད། འ་ཞ་གསང་བ་མདོ་སྡུད་ཀྱིས་དཔང་པོ་མཛད་ནས་འདུལ་ཁྲིམས་རྣམས་འབོག་པར་མཛད། གཞན་ཡང་བསྙེན་གནས་དང༌། དགེ་བསྙེན། གཙང་གཙུག དྲང་སྲོང་བཅས་ཀྱི་རྩ་བ་དང་ཡན་ལག་གི་ཁྲིམས་རྣམས་རྒྱས་པར་བཀྲོལ་ཏེ་གསུངས་པས་འཁོར་རྣམས་རྣམ་དག་འདུལ་བའི་བོན་ལ་ཚུལ་བཞིན་དུ་སྤྱོད་པར་མཛད་པའོ། །

བཅུ་པ་རྣམ་པར་དབེན་པའི་མཛད་པ། (འཁོར་སྤངས་དགོན་པའི་མཛད་པ།)

སྟོན་པ་རི་གཡུང་དྲུང་དགུ་བརྩེགས་ཀྱི་ནགས་ཚལ་དུ་གཡེང་བའི་ཚོགས་སྤངས་གཅིག་པུར་དགོན་པར་གཤེགས་ནས་གཞན་དང་མཚམས་བཅད་པར་མཛད་དེ་བཞུགས། བཙུན་པ་ཁྱབ་པ་དང་གཏོ་བུ་འབུམ་སངས་སོགས་དབང་པོ་རབ་རྣམས་ལ་ཚེ་གཅིག་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་ཐབས་དོན་དམ་ཐིག་ལེ་ཉག་གཅིག་གི་གདམས་པ་བསྟན། གཤེན་བཟའ་ལ་སོགས་དབང་པོ་ཐ་མའི་འཁོར་རྣམས་ལ་སྤྱོད་པ་མས་འཛེགས་སྤང་གཉེན་རིམ་སྐྱེ་བསྟན། དེ་ནས་རྗོགས་ཆེན་གྱི་རྒྱུད་སྡེ་བཅུ་གཉིས་སོགས་གཏན་ལ་ཕབ་སྟེ། དབེན་པའི་གནས་སུ་ནགས་ཚལ་དགོན་པ་བརྩེགས། །མཚོ་གླིང་ནགས་ཚལ་དུར་ཁྲོད་ལུང་ཕུག་ཏུ། །རི་དྭགས་སྨས་མ་བཞིན་དུ་ཉམས་སུ་བླངས། །གཅིག་པུར་མ་ཡེངས་དོན་དམ་རྙེད་པར་བསྟན། །དེ་ཡང་སྐྱེ་བ་གཅིག་གིས་བླ་མེད་བསྒྲུབ་པའི་ཕྱིར།། དོན་དུ་ལྟ་སྒོམ་སྤྱོད་པ་ཟུང་འབྲེལ་བའི། །བཀའ་འཁོར་ཐ་མ་ཕྱི་ནང་གསང་གསུམ་གྱི། །བོན་འཁོར་བསྐོར་བའི་རྟེན་འབྲེལ་མཐར་རྒྱན་ནོ། །

བཅུ་གཅིག་པ་རྣམ་པར་གྲོལ་བའི་མཛད་པ། (མཐར་ཕྱིན་དགེ་ལྡན་གྱི་མཛད་པ།)

དེ་ནས་སྟོན་པས་་འཁོར་ཚོགས་གྲངས་མེད་པ་རྣམས་ལ་བདག་དང་གཞན་མེད་འཁོར་དང་གང་ཟག་རྣམས། ལྟ་བ་མཐོ་ནས་ཡས་ཕུབ་པ་དང༌། སྤྱོད་པ་མས་ནས་ཡར་ལ་འཛེགས་པ། གཞི་སྙིང་རྗེ་ཆེན་པོ་ལ་ལེན་ཞིང་ཐབས་ཕ་རོལ་ཕྱིན་པ་བཅུ་ལ་སྤྱོད་ནས་ཐེག་པ་གོང་སྤར་ལ་འཇུག་པའི་རིམ་པ་བསྟན། གཞན་ཡང་བསྐལ་སྲིད་འབྱུང་བའི་ཆགས་གནས་འབྱུང་ཚུལ་དང༌། མ་འོངས་བསྟན་པ་བོན་གྱི་གནས་ཚུལ། མཚན་དཔེ་ཡོན་ཏན་རྟགས་ཀྱི་འབྱུང་ཚུལ། སྦྱངས་ཐོབ་མཐར་ཕྱིན་གྱི་བོན་རྣམས་བསྟན་ཅིང༌། ཕྱི་འཁོར་བྱེ་བ་དུང་ཕྱུར་དང༌། བར་འཁོར་འབུམ་ཕྲག་ཉི་ཤུ། ནང་འཁོར་ཆིག་ཁྲི་དྲུག་སྟོང༌། གསང་འཁོར་བརྒྱ་ཕྲག་སོ་ལྔ༌། སྐུ་འཁོར་སེམས་དཔའ་ལྔ་སྟོང་ལྔ་བརྒྱ། ཡེ་གཤེན་སུམ་བརྒྱ་དྲུག་ཅུ། སྐུ་ལས་སྤྲུལ་པའི་སྲས་བརྒྱད། འཇིག་རྟེན་མངའ་དབང་ཚོགས་དང་བཅས་པའི་འཁོར་རྣམས་ལ་མ་འོངས་འགྲོ་དོན་མཐར་ཕྱིན་བྱ་བའི་ཕྱིར་བརྗོད་འདས་བོན་རྣམས་གཏད་གཉེར་མཛད་དོ། །

བཅུ་གཉིས་པ་རྣམ་པར་གྲུབ་པའི་མཛད་པ། (མྱ་ངན་ལས་འདས་པའི་མཛད་པ།)

སྟོན་པ་མཆོག་ལ་སྐྱེ་འཆི་མི་མངའ་ཡང་མི་རྟག་རྟག་ཏུ་རེ་བའི་སེམས་ཅན་རྣམས་ལ་དཔེ་བསྟན་ཏེ་སུན་ཕྱུང་བའི་ཕྱིར་མྱ་ངན་ལས་འདས་ཚུལ་བསྟན་པའི་དང་པོ་སྐུ་ལུས་ལ་བསྙུང་བའི་ཚུལ་བཞེས་པས་འཁོར་ཚོགས་རྣམ་སྐྲག་ཅིང༌། གཏོ་བུས་གཏོ་དང༌། དཔྱད་བུས་དཔྱད་སོགས་མཛད་པས་ཀུན་རྫོབ་བདེན་པ་མི་བསླུ་ཡིད་ཆེས་བྱ་བ་སོགས་ཀྱི་ཆེད་དུ་བསྙུང་བ་དྭངས་ཏེ་སྐུ་ཁམས་བདེ་བའི་ཚུལ་མཛད། དེ་ནས་ཡང་བསྙུང་བ་ཕྱིར་ལ་ཐུ་བའི་ཚུལ་བསྟན་པས་ཡིད་ཀྱི་ཁྱེའུ་ཆུང་དང་རྨ་ལོ་གཡུ་ལོ་སོགས་ཀྱིས་མྱ་ངན་མི་འདའ་བའི་གསོལ་བ་བཏབ་པས་འདའ་དགའ་འཆི་བྲོད་ཀྱི་ངང་ནས་འཁོར་རྣམས་ལ། ང་ཡང་མྱ་ངན་འདའ་མ་ཡིན། །བོན་ཀྱང་ནུབ་པར་མི་འགྱུར་ཏེ།། རྟག་ཏུ་རེ་བ་སུན་ཕྱུང་ཕྱིར། །ལན་གཅིག་མྱ་ངན་འདའ་ཚུལ་བསྟན། །ཞེས་གསུངས་ནས་གཤེན་ལོ་བརྒྱད་ཅུ་གྱ་གཉིས་མི་ལོ་བརྒྱད་སྟོང་ཉིས་བརྒྱ་བཞེས་པའི་ཆུ་ཡོས་དགུན་ཟླ་ར་བའི་གནམ་སྟོང་ལ་རི་གཡུང་དྲུང་དགུ་བརྩེགས་ཀྱི་རྩེ་མོ་རུ་ངོ་མཚར་ཆེ་བའི་དགེ་མཚན་འབུམ་ཕྲག་དུ་མ་དང་བཅས་སྐུ་མི་རྟག་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་ན། འཁོར་རྣམས་འདུས་ཏེ་བཙུན་པ་ཁྱབ་པས་སྟོན་པའི་ཐུགས་སྲས་འ་ཞ་གསང་བ་སྤྱན་དྲངས་པས་སྐུ་གདུང་མཇལ་ནས་མཆོད་པ་རྒྱ་ཆེར་ཕུལ། དེ་ནས་འཁོར་སྡེ་བཞི་ཡ་བརྒྱད་ཀྱིས་སྐུ་གདུང་གསེར་གྱི་སྒྲོམ་བུར་བཅུག་སྟེ་ཞུགས་ལ་བཞེན། གདུང་མཆོད་འཕྲིན་ལས་བཅོ་བརྒྱད་གཞུང་དང་བསྟུན་ནས་མཆོད་འབུལ་རྒྱ་ཆེར་བྱས། གདུང་རྟགས་འཕེལ་གདུང་ལྷ་ཀླུ་མི་གསུམ་གྱིས་བགོས་ནས་སོ་སོའི་མཆོད་གནས་སུ་སྤྱན་དྲངས། དེ་ལྟར་ཡེ་ཤེས་ཀྱི་ལྷ་གཤེན་ལྷ་འོད་དཀར་གྱིས་ལུང་བསྟན་པ་བཞིན་སྙིགས་མ་ལྔ་དུས་ཀྱི་འཛམ་བུ་གླིང་འདིར་སེམས་ཅན་གྱི་དོན་དུ་སྐུ་སྐྱེ་བ་མི་རུ་བཞེས་པའི་སྟོན་པ་རྫོགས་པའི་སངས་རྒྱས་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གི་མཛད་རྣམ་སྙིང་བསྡུས་སུ་བསྟན་པའོ། ། ཐ་ཚན་མུ་ཙུག་སྨར་རོ། །

[རྩོམ་གྱི་ཡོང་ཁུངས། གཏོ་ཡི་བཀའ་སྒྲོམ།] [རྩོམ་པ་པོ། ཁྱུངཿསྨོན་ལམ།]

1,140 total views, 1 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།