ཨ་དཀར་པ་འཆི་མེད་བློ་བཟང་མཆོག་གཡུང་དྲུང་བོན་གྱི་གདན་ས་སྨན་རིའི་གླིང་དུ་ཕེབས་པའི་གནས་བསྡུས།

AAA_9117 AAA_9154

ཕྱི་ལོ་༢༠༡༧ཟླ་བ་༥པའི་ཚེས་༢༦ཉིན་མདོ་སྨད་སྣང་ཞིག་དགོན་ཆེན་གྱི་ཁྲི་བ་ཟུར་པ། ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་གི་དབུ་འཛིན། ཨ་དཀར་པ་འཆི་མེད་བློ་བཟང་མཆོག་རྒྱ་ནག་སྐམ་ས་ཆེན་པོ་ནས་མཁའ་ལམ་བརྒྱུད་དེ་འཕགས་ཡུལ་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཕེབས་ཡོད་པ་དང་།

IMG_2005 IMG_2022

ཕྱི་ཚེས་༢༧ཉིན་གྱི་སྔ་དྲོའི་ཆུ་ཚོད་བརྒྱད་དང་ཕྱེད་ཀྱི་ཐོག་གྲྭ་སའི་ལུགས་སྲོལ་བཞིན་ཨ་དཀར་པ་འཆི་མེད་བློ་བཟང་མཆོག་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་དུ་བླ་མའི་ཁྲི་བཞེངས་མཛད་པ་དང་། བོན་གཞིས་སེར་སྐྱ་མང་ཚོགས་ཡོངས་ནས་མཎྚལ་འདེགས་འབུལ་ཞུས་ཡོད་པ་དང་། བླ་མ་མཆོག་ནས་དགེ་འདུན་པ་རྣམས་ལ་སྐུ་འགྱེད་མང་ཇ་འབུལ་ལམ་དང་སེར་སྐྱ་མང་ཚོགས་ཡོངས་ལ་ཞལ་ལག་རྒྱས་པ་གནང་ནས་རྟེན་འབྲེལ་གྱི་མཛད་སྒོ་སྤེལ།

AAA_9021AAA_9029

དེ་མུར་ཆུ་ཚོད་བཅུ་པ་ཙམ་ལ་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་དགུང་གྲངས་དགུ་བཅུ་ཕེབས་ལ་ཉེ་བའི་རྟེན་འབྲེལ་དང་སྟབས་བསྟུན་ནས། ཨ་དཀར་པ་འཆི་མེད་བློ་བཟང་མཆོག་ནས་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་མཆོག་ལ་བརྟན་བཞུགས་མཎྚལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས།

AAA_9443AAA_9695

ཕྱི་ཚེས་༢༨ཉིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་དང་། སྨན་རིའི་བཤད་སྒྲུབ་མཁན་པོ་དབུ་བཞུགས་ཐོག སྨན་རིའི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་དང་བཤད་སྒྲུབ་སློབ་གཉེར་པ་རྣམས་ཀྱི་དབུས་སུ། ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་གི་དབུ་འཛིན། ཨ་དཀར་པ་འཆི་མེད་བློ་བཟང་ལགས་ཀྱིས་<<རྫོགས་ཆེན་གྱི་རྩ་རླུང་འོད་གསལ་འཁྲུལ་འཁོར་>>གྱི་ལག་ལེན་རྣམས་ཞུ་དག་གམ་མཆོད་འབུལ་གྱི་ཚུལ་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ལ་སྤྱན་འབུལ་ཞུས་ཡོད་པ་རེད།

IMG_0056AAA_9704

<<རྫོགས་ཆེན་གྱི་རྩ་རླུང་འོད་གསལ་གྱི་འཁྲུལ་འཁོར་>>སྤྱན་འབུལ་ཞུ་བཞིན་པ།

IMG_0241AAA_9935

རླུང་སྦྱོང་དབུ་མའི་ཀ་ཆེན་སོགས་སྤྱན་འབུལ་ཞུ་བཞིན་པ།

IMG_0177IMG_0212

གཏུམ་མོ་རླུང་སྦྱོང་རྩ་གནད་མ་སོགས་སྤྱན་འབུལ་ཞུ་བཞིན་པ།

 

གསར་འགོད་པ། གྱེར་ནག་ཚང་།

 

ཨ་དཀར་པ་འཆི་མེད་བློ་བཟང་མཆོག་གི་མཛད་འཕྲིན་གནད་བསྡུས།

ཨ་དཀར་པ་རིན་པོ་ཆེ་ནི་མདོ་སྨད་རྔ་ཡུལ་དུ་སྐུ་འཁྲུངས་པ་དང་། སྐུ་ན་སོན་རིམ་དང་བསྟུན་མདོ་སྨད་སྣང་ཞིག་དགོན་དུ་རབ་ཏུ་བྱུང་ནས་སློབ་གཉེར་གནང་ཞིང་བླ་མར་བསྟེན་པའི་ལོ་རྒྱུས་ཀྱི་དབུ་ཁྱུད་བྲིས། དེ་རྗེས་རྒྱ་བརྒྱུད་ནང་པའི་མཐོ་སློབ་འགྲིམས་པའི་གོ་སྐབས་ཐོབ་པ་ལྟར་ནང་ཆོས་གཙོས་དེ་གའི་སློབ་ཚན་ཁག་ལ་སློབ་སྦྱོང་གནང་ནས་སློབ་མཐར་ཕྱིན། དེ་མུས་རྒྱལ་ནང་དུ་ཕེབས་པའི་་བོད་ཀྱི་བླ་སྤྲུལ་མཁན་གསུམ་མི་ཉུང་བ་ཞིག་ལ་སྐད་གཉིས་ལོ་ཙཱ་མཛད་དེ་ཕན་ཚུན་གཞོགས་འདེགས་དང་མཐུན་འགྱུར་གང་ཐུབ་ཞུས་པ་དང་། འབྲེལ་ཡོད་སློབ་མ་མང་པོའི་རེ་ལྟོས་བཞིན་རྒྱལ་ནང་ས་ཆ་ཁག་མི་འདྲ་བ་དུ་མར་ཕེབས་ཏེ་འཆད་ཁྲིད་གནང་ཞིང་སློབ་ཚོགས་བསྐྱངས།

ཁྱད་པར་ད་སྔོན་ ༢༠༡༧ ལོ་ངོ་དགུ་ཙམ་གྱི་རིང་དུས་ཚོད་མི་འདྲ་བའི་ནང་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་དྲུང་ནས་རྫོགས་ཆེན་གྱི་གདམས་ཁྲིད་ཞུས་ཤིང་ཐོས་བསམ་དང་། ཉམས་ལེན་གནང་བ་མ་ཟད་དེ་མིན་འབྲེལ་ཡོད་མཁན་སློབ་བཤེས་གཉེན་དུ་མའི་དྲུང་ནས་ཟབ་གདམས་རྣམས་ལ་གསན་བསམ་དང་ཉམས་བཞེས་གནང་།

༡༽ཕྱི་ལོ་ ༢༠༠༩ ལོར་པེ་ཅིང་དུ་༼ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་ཤེས་རིག་ཚོགས་པ་༽དབུ་འཛུགས་གནང་ནས་ལོ་དེའི་ཕྱི་ཟླ་བདུན་པའི་ནང་ཁྲིམས་མཐུན་ཆོག་མཆན་ཡིག་ཆ་ཐོབ། འདི་ནི་ཞང་བོད་ཀྱི་ཤེས་རིག་དར་སྤེལ་གཏོང་བའི་ཚོགས་པའི་ངོ་བོ་ཞིག་ཡིན་པས་དམིགས་འགན་གཙོ་བོ་ནི་ཧི་མ་ལ་ཡི་རི་རྒྱུད་དུ་དར་བའི་གནའ་བོའི་རིག་གནས་སྒྱུ་རྩལ་དང་ཆོས་ལུགས་སོགས་འཛིན་སྐྱོང་བྱེད་པ་དེ་ཡིན། སློབ་ཚན་གཙོ་བོ་ནི། སྲོལ་རྒྱུན་ལྟ་གྲུབ་རིག་པ། ཆོས་ལུགས་སེམས་ཁམས་རིག་པ། བྱམས་བརྩེའི་ནུས་སྟོབས་རིག་པ། དེང་དུས་ལྟ་གྲུབ་རིག་པ་སོགས་ཡིན་པས་ལོ་རེར་ཐེངས་བཅུ་ཙམ་ལ་སློབ་ཚན་འཚོགས་ཀྱི་ཡོད།

༢༽ཕྱི་ལོ་༢༠༡༢ལོར་༼རྒྱལ་སྤྱིའི་ཧི་མ་ལ་ཡ་ཞང་ཞུང་ལུས་སྦྱོང་ཚོགས་པ་༽བཙུགས་ཤིང་ཚོགས་པ་དེའི་དམིགས་འགན་འམ་ལས་བྱ་་གཙོ་བོ་ནི་ཞང་བོད་ཀྱི་ཐུན་མོང་མ་ཡིན་པའི་ལུས་སྦྱོང་རིག་པ་དང་། འཁྲུལ་འཁོར་རིག་པ། རྩ་རླུང་རིག་པ་སོགས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དེ་ཡིན་། སྤྱིར་ན་ཁོང་གིས་ད་སྔོན་རིས་སུ་མ་ཆད་པའི་བོད་ཀྱི་ཆོས་རྒྱུད་ཁག་གི་ལུས་སྦྱོང་རིག་པར་ནང་བྱན་ཆུབ་པ་སློབ་སྦྱོང་གནང་ཞིང་ལེགས་ཆ་བསྡུ་སྤེལ་གནང་བ་དང་། ཤར་ནུབ་ཀྱི་རྒྱལ་ཁབ་མང་པོར་ཕེབས་ཏེ་གནའ་དེང་གཉིས་ཀའི་ལུས་སྦྱོང་རིག་པ་སྤྱི་དང་། བྱེ་བྲག་ཏུ་ཁོང་གི་ཉམས་མྱོང་གི་ལམ་ནས་བཟས་བའི་འབྱུང་ལྔའི་ལུས་སྦྱོང་གསར་པ་བཅས་སློབ་ཁྲིད་དང་དཔེ་སྟོན་རྗེས་སུ་བཞག

༣༽ ཕྱི་ལོ་༢༠༡༡ལོར་༼རྒྱལ་སྤྱིའི་ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་༽ཞེས་པ་ཞིག་ཧོང་ཀོང་དུ་དབུ་བཙུགས་ནས་༢༠༡༢ལོར་གཞུང་གི་ཆོག་མཆན་ཡིག་ཆ་ཐོབ། བོན་ཚོགས་འདིའི་དམིགས་འགན་གཙོ་ནི་གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པའི་མདོ་སྔགས་རྫོགས་གསུམ་གྱི་བསྟན་པ་དེ་གཞན་ལ་ངོ་སྤྲོད་དང་། ལས་དང་སྐལ་བ་འཛོམས་པའི་དད་པ་ཅན་གྱི་མི་རྣམས་ལ་ལྟ་སྤྱོད་སྒོམ་པའི་ཉམས་ལེན་གྱི་འཆད་ཁྲིད་གནང་ནས་མི་ཡི་སེམས་ཁམས་ཀྱི་སྡུག་བསྔལ་ཞི་བའི་ཐབས་ལམ་བསྩལ་རྒྱུ་དེ་ཡིན། སློབ་ཚན་གཙོ་བོ་ཐུན་མོང་མདོ་ལུགས་ཀྱི་ཞི་ལྷག་གི་ཉམས་ལེན་དང་དབུ་སེམས་ཀྱི་ལྟ་ཁྲིད་སྐོར་དང་། ཐུན་མིན་སྔགས་རྫོགས་ཀྱི་འཆད་ཁྲིད་སོགས་ལོ་རེར་ཐེངས་ལྔ་ཙམ་ལ་གནང་གི་ཡོད་པ་མ་ཟད་དམིགས་བསལ་ལོ་རེར་སློབ་མ་ཡོད་ཚད་ལ་ཟབ་སྦྱོང་ཐེངས་གཉིས་དང་། ཐེངས་རེར་ཞག་བདུན་གྱི་རིང་སློབ་ཁྲིད་བྱེད་པའི་དཔེ་སྲོལ་གཏོད་ཡོད།

༤༽ཚོགས་པའི་ལོ་དེབ་༼རྫོགས་ཆེན་༽ཞེས་པ་ཞིག་ལོ་ལྟར་བསྟར་ཆགས་སུ་འདོན་སྤེལ་ཞུ་བཞིན་འདུག་པ་དེ་ནི་ད་ལམ་རྒྱ་ཡུལ་ན་ཅུང་སྐད་གྲགས་ཡོད་པའི་ནང་པའི་ལྟ་གྲུབ་དང་འབྲེལ་བའི་སེམས་ཁམས་རིག་པའི་དུས་དེབ་ཅིག་ལ་ཆགས་པ་མ་ཟད་ད་སྔོན་ཁོང་གི་གསུང་རྩོམ་ཡང་དེབ་ཕྲེང་གཉིས་ཙམ་འདོན་སྤེལ་ཞུས་ཡོད། དེ་ལྟར་གསུང་ཁྲིད་སློབ་ཚན་ཁག་ལ་དོ་སྣང་གནང་མཁན་ཧ་ཅང་མང་པོ་ཡོད་པ་མ་ཟད་ཉམས་ལེན་གནང་མཁན་གྱི་སློབ་མ་མི་ཉུང་བ་ཞིག་ཁོང་གི་རྗེས་སུ་འབྲངས་ནས་ནང་ཆོས་ལ་དད་འདུན་བླ་ལྷག་ཏུ་འཕེལ་བཞིན་མཆིས།

ཨ་དཀར་པ་རིན་པོ་ཆེ་ཁོང་གིས་རྫོགས་པ་ཆེན་པོའི་བོན་ལ་དད་འདུན་དང་འབྲེལ་བཞག་གནང་མཁན་གྱི་སློབ་མ་དྲུག་བརྒྱ་ལྷག་ལ། རྫོགས་ཆེན་གྱི་སྔོན་འགྲོ་དང་། ནང་ཆོས་ཀྱི་ལྟ་གྲུབ་སྐོར་འཆད་ཁྲིད་གནང་ཞིང་མཛད་འཕྲིན་ལེགས་གྲུབ་བྱུང་ཡོད་པ་བཅས་ཨ་དཀར་པ་རིན་པོ་ཆེའི་མཛད་འཕྲིན་གནད་བསྡུས་ཙམ་དུ་འབྲེལ་ཡོད་ཨ་དར་ཤ་ཞེས་སུ་འབོད་པས་ཕྱི་ལོ་༢༠༡༧ཟླ་༠༡ཚེས་༡༦ཉིན།

7,414 total views, 1 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།