གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་གྱི་གནའ་དཔེའི་ཞིབ་འཇུག

IMG_9626བོན་དང་དམངས་ཁྲོད་དད་མོས་སྐོར་གྱི་ཞིབ་འཇུག་དཔེ་ཚོགས་ལས་ཞིབ་འཇུག་པ་ལྕགས་མོ་མཚོའི་བརྩམས་དེབ་གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་གྱི་གནའ་དཔེའི་ཞིབ་འཇུག

ནང་དོན་གནད་བསྡུས། དེབ་འདིར་གཙོ་བོ་ལེའུ་ལྔ་རུ་བགོས་ཡོད་ཅིང་། ལེའུ་དང་པོའི་ནང་དུ་ཡིག་རྙིང་སྤྱིའི་གནས་ཚུལ་ངོ་སྤྲོད་བྱེད་སྐབས་རྙེད་སའི་ཡུལ་གྱི་གནས་ཚུལ་དང་ཡིག་རྙིང་རང་སྟེང་གི་གནས་ཚུལ་གསལ་བོར་བརྗོད་ཡོད་དེ། དང་པོ་ཡུལ་ཁམས་མཚོ་སྨད་རྫོང་གི་གནས་ཚུལ་དང་གནའ་དེང་གི་འབོད་སྲོལ། གནས་དེའི་ཡུལ་མིའི་དད་མོས་དང་། མཐའ་འཁོར་གྱི་དགོན་སྡེ་སོགས་ཀྱི་གནས་ཚུལ་བྲིས་ཡོད། གཉིས་པ་དགའ་ཐང་འབུམ་པ་ཆེའི་མཆོད་རྟེན་གྱི་གནས་ཚུལ་གླེང་སྐབས་མཆོད་རྟེན་བཞེངས་མཁན་སུ་ཡིན་མིན་གྱི་སྐོར་དང་། མཆོད་རྟེན་དེ་དང་སྨྲ་བོ་ལྕོག་དགོན་འདབས་སུ་ཡོད་པའི་མཆོད་རྟེན་དེ་གཉིས་ཀྱི་བཞེངས་ལུགས་མི་འདྲ་ཚུལ་སོགས་བྲིས་ཡོད། གསུམ་པ་ཡིག་རྙིང་སྤྱིའི་ཕྱི་ཚུལ་གྱི་རྣམ་པ་སྟེ་དཔེ་ཆའི་རྣམ་པ་དང་ཡིག་གཟུགས། བརྡ་རྟགས། དབུ་མེད་དབུ་ཅན་གཉིས་འདྲེས་ནས་དབུ་ཅན་དུ་ཕབ་པའི་སྐབས་སུ་བྱུང་བའི་ཡིག་སྐྱོན་སོགས་བྲིས་ཡོད། ལེའུ་གཉིས་པའི་ནང་དུ་གཙོ་བོ་འདིར་བརྗོད་བྱར་གྱུར་པའི་གནག་རབས་སོགས་ཀྱི་རབས་ནི་གནག་པ་བཅའ་བའི་སྒྲུང་སོགས་རབས་མི་མཐུན་པ་བཞིས་གྲུབ་པ་དང་། རྣེལ་དྲི་འདུལ་ཐབས་སོགས་ཞེས་པའི་རབས་དེ་ནི་གྲི་བོན་ར་ལྗགས་སྤྱི་རྒྱལ་གྱིས་བརྩམས་པའི་གྲི་འདུལ་གསེར་གྱི་ཡང་ཞུན་བྱ་བའི་ཤིང་དཔར་མ་དེའི་ཆོ་གའི་ནང་དོན་དང་བསྡུར་ནས་གྲི་འདུལ་གྱི་ཆོ་ག་དེ་ཡིག་རྙིང་དང་འབྲེལ་ནས་དཔྱད་བསྡུར་བྱས་ཡོད་པར་མ་ཟད། ཡིག་རྙིང་ཁྲོད་ཀྱི་རྣེལ་གྲི་བྱ་བ་ནི་གྲི་སྣ་བཅུ་གསུམ་གྲས་ཀྱི་རྣིལ་གྲི་བྱ་བ་ཡིན་ཏེ། དེ་ནི་མའི་མངལ་ལས་བྱུང་བའི་གྲི་ཞིག་ཡིན། ཤ་རུ་ཤུལ་སྟོན་གྱི་རབས་ནི་གོང་གི་རྣིལ་གྲིའི་ཆོ་གའི་ནང་ཚན་ཞིག་ཡིན་ཏེ། གྲི་འདུལ་སྐབས་གྲི་བོའི་བླ་འགུགས་པ་དང་། གྲི་བོའི་བླ་དེ་ནམ་རྒྱུན་ཤ་བའི་རྭ་ཅོའི་སྟེང་དུ་འཕོ་བར་བྱེད་པས། ཤ་རུ་ཤུལ་སྟོན་གྱི་རབས་འདིའི་ནང་དུ་གྲི་བོའི་བླ་དེ་ཤ་བཅུ་རུའི་གོང་དུ་བསྡད་པ་གྲི་བོན་ར་ལྗགས་སྤྱི་རྒྱལ་གྱིས་གྲི་འདུལ་གྱི་ཆོ་ག་སྤེལ་ནས་ཚུར་བཀུགས་པའི་གནས་ཚུལ་གླེང་ཡོད། སྨན་དཔྱད་ཀྱི་རབས་ཀྱི་ནང་དུ་རང་གིས་རིགས་པས་དུས་ཆེས་སྔ་བའི་སྨན་ཡིག་འདིའི་ཁྲོད་ཀྱི་སྨན་རྩྭའི་མིང་དེ་དག་དེང་སྐབས་ཀྱི་འཁྲུངས་དཔེ་སོགས་ཀྱི་གསོ་རིག་གི་ཚིག་མཛོད་སྤྱད་ནས་རེ་རེ་བཞིན་བཙལ་བསྡུར་བྱས་ཡོད་པའི་ནང་དོན་མདོར་བསྡུས་ཀྱིས་བསྟན་ཡོད། ལེའུ་གསུམ་པའི་ནང་དུ་གཙོ་བོ་སྟོན་པ་གཤེན་རབ་དེ་ཏུན་ཧོང་དང་དགའ་ཐང་སོགས་ཀྱི་ཡིག་རྙིང་ཁྲོད་དུ་བྱུང་བའི་མིང་དང་བྱེད་ལས་དང་། རིག་གཞུང་ཞིབ་འཇུག་ཁྲོད་ཀྱི་ལྟ་བ། སྟོན་པའི་མདོའི་ནང་གི་སྟོན་པ་གཤེན་རབ་སོགས་གཤིབ་བསྡུར་གྱིས་མི་སྣ་གཞི་གཅིག་ཏུ་འབབ་ཐུབ་པར་བཅུག་ནས་ཁོང་ནི་བོད་རང་ས་ནས་སྐྱེས་པའི་སྐྱེས་བུ་ཞིག་ཡིན་པ་དང་། དང་ཐོག་ཆོ་ག་བསྒྲུབ་པའི་གཤེན་པོ་མཐུ་ནུས་ཅན་ལས་རིམ་གྱིས་སྟོན་པར་བཀུར་བའི་ལྟ་བ་བཏོན་ཡོད། གཞན་ཡིག་རྙིང་ཁྲོད་དུ་བྱུང་བའི་གྲི་བོན་ར་ལྗགས་སྤྱི་རྒྱལ་སོགས་གཤེན་པོ་དང་དེའི་ཆོ་ག་རྣམས་བོན་གྱི་མདོ་སོགས་སུ་བྱུང་བ་རྣམས་དང་བསྡུར་ནས་དཔྱད་པ་བཏང་ཡོད་པར་མ་ཟད། ཁྱད་དུ་གླེང་རིན་ཡོད་པ་ཞིག་ནི། རྣེལ་གྲི་འདུལ་བའི་རབས་དེ་བོན་གྱི་བརྟེན་འགྱུར་ཁྲོད་ཀྱི་གྲི་འདུལ་གསེར་གྱི་ཡང་ཞུན་བྱ་བའི་ཆོ་གར་གཞིགས་ཏེ་དེ་ནི་མའི་མངལ་ལས་བྱུང་བའི་རྣིལ་གྲི་སྟེ། གྲི་ཁམས་དབང་དུ་བསྡུ་བའི་གྲི་བོན་ར་ལྗགས་སྤྱི་རྒྱལ་གྱིས་གཉེར་བའི་གྲི་སྣ་བཅུ་གསུམ་གྲས་ཀྱི་གཅིག་ཡིན་པ་དཔྱད་པ་གཏིང་ཟབ་བྱས་ཡོད་པར་མ་ཟད། ཐར་བོན་གྲུ་སྐྱོལ་དང་ཐར་གྱི་ཆོ་ག བྱོལ་བོན་མུས་དཔལ་ཕྲོགས་རོལ་དང་བྱོལ་གྱི་ཆོ་ག་སོགས་ཡིག་རྙིང་དང་མདོ་སོགས་བསྡུར་བ་བྱས་ཡོད་པ་དང་། ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་རྒྱལ་ཕྲན་སིལ་མའི་ཡུལ་དང་རྗེ་བོ། མཁར་མིང་ཡུལ་མིང་སོགས་དང་དགའ་ཐང་འབུམ་ཆེའི་ཁྲོད་དུ་བྱུང་ཡོད་པ་རྣམས་དང་བསྡུར་བ་བྱས་ཡོད། གཞན་ཡིག་རྙིང་དུ་བྱུང་བའི་ཆོས་ལུགས་ཀྱི་ཐ་སྙད་སྐོར་ཞིག་ལའང་རང་གི་ལྟ་ཚུལ་གྱིས་དཔྱད་པ་བཏང་ཡོད། ལེའུ་བཞི་པའི་ནང་དུ་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་ཡིག་རྙིང་འདི་དང་ཏུན་ཧོང་ཡིག་རྙིང་། བོན་གྱི་དཔེ་རྙིང་ཁུ་བྱུག་སྔོན་མོའི་གསུང་སྙན་སོགས་དང་གོ་བསྡུར་གྱིས་དེའི་བརྡ་སྤྲོད་ཀྱི་ཁྱད་ཆོས་ལ་དཔྱད་པ་བཏང་ཡོད། ལེའུ་ལྔ་པའི་ནང་དུ་དགའ་ཐང་འབུམ་པ་ཆེའི་ཡིག་རྙིང་ལས་འཕྲོས་པའི་བཙན་པོའི་དུས་སྐབས་ཀྱི་བོན་པོའི་བསམ་བློ་དང་། གཏོ་དང་གླུད་ཀྱི་བྱུང་འཕེལ་དང་དེའི་ཤུགས་རྐྱེན། ཡིག་རྙིང་འདིའི་བརྗོད་བྱའི་དགེ་མཚན་དང་རིན་ཐང་། ཐུན་མིན་གྱི་ཁྱད་ཆོས་སོགས་གླེང་ནས་མཇུག་མཐར་ཡིག་རྙིང་འདིའི་བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་ཚིག དེ་ལས་འཕྲོས་པའི་རིག་གནས་ཀྱི་སྣང་ཚུལ་འགའ་ཞིག་ལས་ཡིག་རྙིང་འདིའི་དུས་ཚོད་ལ་དཔྱད་པ་བཏང་ཡོད་པའོ། །

IMG_9625

རྩོམ་པ་པོ་ལྕགས་མོ་མཚོ། ༢༠༠༤ལོ་ནས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་ཞུགས་ཏེ་སྔ་ཕྱིར་དངོས་གཞི་དང་ཞིབ་འཇུག་སློབ་མའི་བསླབ་གནས་བླངས་ཤིང་། ༢༠༡༡ལོར་སློབ་མཐར་ཕྱིན་རྗེས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་རྩོམ་སྒྲིག་པའི་ལས་ཀ་གཉེར། ད་ལྟ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་དུ་འབུམ་རམས་ཞིབ་འཇུག་སློབ་མའི་བསླབ་གནས་ལ་བརྩོན་བཞིན་ཡོད་ཅིང་། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་བོན་གྱི་རིག་གནས་ལོ་རྒྱུས་དང་ཡིག་རྙིང་སྐོར་ཡིན། སྔ་ཕྱིར《ཀྲུང་གོའི་བོད་རིག་པ》སོགས་ཀྱི་དུས་དེབ་ཏུ་《བོན་གྱི་ཡིག་རྙིང་གནག་རབས་ཞེས་བྱ་བའི་བརྡ་སྤྲོད་ཀྱི་ཁྱད་ཆོས་ལ་དཔྱད་པ》སོགས་ཀྱི་དཔྱད་རྩོམ་བཅོ་ལྔ་ལྷག་སྤེལ་ཡོད། ༢༠༡༦ལོའི་ཟླ་དྲུག་པར་ནོར་ཝེ་པིར་ཀིན་ནས་བསྡུས་པའི་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་བཅུ་བཞི་པར་ཞུགས་ཏེ《བོན་གྱི་དམངས་ཁྲོད་ཀྱི་བྱ་རྡང་ཡིག་ཆར་དཔྱད་པ》ཞེས་པའི་དཔྱད་རྩོམ་སྒྲོག་སྦྱངས་བྱས་པར་མ་ཟད། ཐེངས་དུ་མར་ལྷ་ས་དང་སི་ཁྲོན་སོགས་ནས་བསྡུས་པའི་ཞང་ཞུང་རིག་གནས་རིག་གཞུང་དཔྱད་གླེང་ཚོགས་འདུར་ཞུགས་ཏེ་དཔྱད་རྩོམ་སྒྲོག་སྦྱངས་བྱས།