གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཉིན་བཞི་པའི་གནད་བསྡུས།

IMG_0271IMG_0233

ཕྱི་ཟླ་༦པའི་ཚེས་༡༡ཉིན་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཉིན་བཞི་པའི་གནས་བསྡུས། ༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་སྨན་རིའི་གླིང་། གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ་། ཕྱི་དྲོའི་ཆུ་ཚོད་བཞི་པའི་ཐོག་གསུང་བཤད་སློབ་དཔོན་སྨན་རིའི་དགེ་བཤེས་ར་ནག་གཡུང་དྲུང་དབང་གྲགས་ལགས་ནས་བརྗོད་གཞི་<<གཡུང་དྲུང་བོན་གྱི་ཐུགས་དམ་འཕྲེང་བའི་སྐོར་རགས་ཙམ་གླེང་བ།>>ཞེས་པའི་སྐོར་ལ་གསུང་བཤད་གནང་བ།

IMG_0261IMG_0232

ཉིན་བཞི་པའི་བགྲོ་གླེང་གཙོ་སྐྱོང་བ་ལི་ཐང་ཡེ་ཤེས་རྒྱལ་བ་ལགས་ནས་བགྲོ་གླེང་གཙོ་སྐྱོང་གནང་བཞིན་པ།

IMG_0307IMG_0287

ཉིན་བཞི་པའི་བགྲོ་གླེང་ཚོགས་ཞུགས་པ་རྣམས་ཀྱིས་དོགས་དྲི་ཞུ་བཞིན་པ།

གསར་འགོད་པ། སྐྱིད་སྲས་དགེ་ལེགས་ཉི་མ།

(གཏམ་བཤད་གནད་བསྡུས།)

གཡུང་དྲུང་བོན་གྱི་ཐུགས་དམ་འཕྲེང་བའི་སྐོར་རགས་ཙམ་གླེང་བ།

སྤྱིར་གཞི་རྒྱ་ཆེ་བའི་འཇིག་རྟེན་གྱི་ཁམས་འདིར་ཆོས་ལུགས་པ་ཞིག་ཡིན་ཚུན་ཕལ་ཆེ་བས་’’འཕྲེང་བ་’’འདི་བེད་སྤྱོད་གཏོང་གྱིན་ཡོད། ཡིན་ན་ཡང་ཁོང་ཚོར་’’འཕྲེང་བ་’’འདིའི་འབྱུང་རིམ་གྱི་ལོ་རྒྱུས་སོགས་ཕུག་རྒྱང་རིང་ཐུང་ག་ཚོད་ཡོད་མེད་ཕྲན་ལ་རྒྱུས་མངའ་དེ་ཙམ་མེད། ང་རང་ཚོ་ནང་ཆོས་ཉམས་སུ་ལེན་མཁན་ལྟ་བུ་ལ་ཆ་མཚོན་ན་’’འཕྲེང་བ་’’འདི་ཚོགས་བསག་སྒྲིབ་སྦྱོང་སོགས་དགེ་སྒྲུབ་གནང་སྐབས་ཆེས་གལ་འགངས་ཆེ་བ་དང་དགོས་མཁོ་ཅན་ཞིག་ཡིན་སྟབས། འཕྲེང་བ་འདིའི་སྐོར་ལ་མཁྱེན་དགོས་པ་གལ་ཆེ་བར་གནང་། ལྷག་པར་ང་རང་ཚོ་བོན་པོ་ལྟ་བུ་ལ་ཆ་མཚོན་ན་’’འཕྲེང་བ་’’འདིའི་འབྱུང་རིམ་གྱི་ལོ་རྒྱུས་ལ་ཕུག་རྒྱང་རིང་པོ་ཡོད་སྟབས། ངས་འདིར་གཡུང་དྲུང་བོན་གྱི་ཐུགས་དམ་’’འཕྲེང་བའི་’’སྐོར་རོབ་ཙམ་གླེང་རྒྱུ་ཡིན། གང་ལགས་ཞུས་ན། ལུང་ལས། ལོ་རྒྱུས་ཁུངས་ནས་མ་བཤད་ན། ཡིད་མི་ཆེས་པའི་རྒྱུ་རུ་འགྱུར། ཞེས་དང་། རིན་ཆེན་གའུ་ལས། འཕྲེང་བ་དེ་ཉིད་མ་ཤེས་ན། བུད་མེད་རྒན་མོའི་དོ་ཤལ་འདྲ། ཞེས་གསུངས་པ་བཞིན། ངས་གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་སོགས་ལ་གཞི་བཅོལ་ནས་’’འཕྲེང་བའི་’’འབྱུང་རིམ་སྐོར་གླེང་རྒྱུ་ཡིན།

དང་པོ་འཕྲེང་བའི་བྱུང་རིམ།
བདག་ཅག་གི་སྟོན་པ་གཤེན་རབ་མི་བོ་ཆེས་འབྱུང་ལྡན་ལྔ་བཅུ་ང་གཅིག གཤེན་ལོ་སོ་བཞི་དང་། མི་ལོ་སུམ་སྟོང་བཞི་བརྒྱ། སྤྱི་ལོའི་སྔོན་གྱི་ལོ་(12916)ཡས་མས་ཐོག་ཡུལ་ཁྱད་པར་ཅན་མེ་ཏོག་གླིང་དུ་ཐུགས་དམ་རྫས་ཀྱི་’’འཕྲེང་བ་’’འདི་ཐོག་མར་སྲོལ་གཏོད་མཛད་དོ། དེ་ཡང་’’མདོ་དྲི་མེད་གཟི་བརྗིད་’’གཤེན་གྱིས་མཛད་སྤྱོད་དཀའ་ཐུབ་མཐར་ཕྱིན་པའི་མདོ་ལས། འཁོར་བའི་ཕྱོགས་སུ་མི་འཕྲེང་ཞིང་། དམ་པའི་དོན་དུ་འཕྲེང་བའི་ཕྱིར། མ་ནོར་ངེས་པའི་རྫས་དགོངས་ནས། ཧོས་རུ་བསིལ་བ་མེ་ཏོག་གླིང་ལ་བཙུགས། ཞལ་ནས་སྨོན་ལམ་ཚིག་བཞི་ཚིགས་སུ་བཅད། འཁོར་བའི་ཕྱོགས་སུ་མི་འཕྲེང་པར། ཡང་དག་དོན་ལ་འཕྲེང་པའི་ཕྱིར། མ་ནོར་ངེས་པའི་དོན་དམ་རྫས། གྲངས་སུ་བགྲང་བའི་རྫས་སྨིན་ཤོག ཅེས་སྨོན་ལམ་བཏབ་པས། ཞག་གསུམ་ནང་པར་ཡ་མཚན་ཆེ་བའི་ཤིང་ཞིག་སྐྱེས། ཞེས་གསུངས་བཞིན་ཐོག་མར་རྫས་ཀྱི་འཕྲེང་བ་འདི་བྱུང་ངོ།།

གཉིས་པ་འཕྲེང་བ་ཞེས་པའི་གོ་དོན་ནམ་ཚིག་འགྲེལ།
ལར་འཕྲེང་བ་ཞེས་པའི་ཚིག་འདི་ལ་འབྲི་ཚུལ་མི་འདྲ་བ་འགའ་འདུག་དཔེར་ན་སྐབས་འགར་’’འཕྲེང་བ་’’ཞེས་འ་སྔོན་འཇུག་ཅན་བྲིས་སྲོལ་དང་འགར་ཕྲེང་བ་ཞེས་སྔོན་འཇུག་མེད་པ་དང་ཡང་སྐབས་འགར་ཚིག་དེ་གཉིས་ལ་ཁྱད་མེད་ལྟ་བུ་འཕྲེང་བ་དང་ཕྲེང་བ་ཞེས་གཉིས་ཀ་སྤེལ་མ་བྲིས་པ་མཐོང་རྒྱུ་ཡོད། དེར་མ་ཟད་བོད་རྒྱ་ཚིག་མཛོད་ཆེན་མོ་ལས་ཀྱང་། ཕྲེང་བ་ནི། སྦྲེང་བའམ་གོ་རིམ་དུ་བསྒྲིགས་པའི་བྲལ། དཔེར་ན། སྐུ་ཕྲེང་། ཡིག་ཕྲེང་། ཞེས་གསུངས་པ་དང་། ཡང་དེ་ཉིད་ལས། རྡོག་པོ་མང་པོ་སྐུད་པ་དང་ཐག་པ་སོགས་ལ་བརྒྱུས་པའམ་གཅིག་རྗེས་གཅིག་བསྒྲིགས་པའི་དངོས་པོ། གྲངས་ཀ་འདྲེན་བྱེད་ཀྱི་ཕྲེང་བ། ཞེས་གསུངས་པ་ལྟར་ན་རང་ལུགས་དང་མི་མཐུན་སྙམ། གཉིས་པ་ནི། དེ་ཉིད་ལས། འཕྲེང་བ་ནི། མི་དང་དངོས་པོའི་རྗེས་སུ་སེམས་སོང་བ། དཔེར་ན། གྲོགས་པོ་ལ་སེམས་འཕྲེང་། ཕྲུ་གུ་ལ་སེམས་འཕྲེང་ནས་སྨྱོ་གྲབས་བྱེད། ཞེས་གསུངས། རང་ལུགས་ལ་གོང་གི་ཚིག་དེ་གཉིས་ལ་གོ་དོན་སོ་སོར་འབྲེལ་དགོས་སྙམ། འོན་ཏང་རང་ལུགས་ལ་འ་སྔོན་འཇུག་ཅན་’’འཕྲེང་བ་’’ཞེས་འབྲི་དགོས་པར་འཁུམས། གང་ལགས་ཞུས་ན། མདོ་གཟེར་མིག་ལས། འཁོར་བའི་ཕྱོགས་སུ་མི་འཕྲེང་བར། དམ་པའི་དོན་ལ་འཕྲེང་བ་ཡི། གྲངས་སུ་བགྲང་བའི་ཡོན་ཏན་རྫས། ལྗོན་ཤིང་ལོ་འབྲས་སྨིན་པར་ཤོག ཞེས་གསུངས་པ་བཞིན། རྫས་ཀྱི་འཕྲེང་བ་དེ་ཉིད་མཐོང་བ་ཉིད་ནས། དོན་དམ་པའམ་དཀར་པོ་དགེ་བའི་ཕྱོགས་ལ་སེམས་ཡང་ཡང་འཕྲེང་བས་ན་’’འཕྲེང་བ་’’ཞེས་བྱའོ།།

གསུམ་པ་འཕྲེང་རྡོག་གི་གྲངས་ཇི་ཙམ་དགོས་མིན།
མདོ་གཟེར་མིག་ལས། གྲངས་ནི་སྟོང་དང་རྩ་བརྒྱད་དོ། ཞེས་གསུངས། དེ་ནི་བདེ་གཤེགས་སངས་རྒྱས་སྟོང་དང་རྩ་བརྒྱད་མཚོན་པ་ཡིན། དེ་ཡང་རྣམ་རྒྱུན་སྤྱོད་བཞིན་པའི་འཕྲེང་བ་ལ་འཕྲེང་རྡོག་བརྒྱ་དང་རྩ་བརྒྱད་ལས་འཕྲེང་རྡོག་སྟོང་དང་རྩ་བརྒྱད་ཅིག་མཐོང་མ་མྱོང་གང་ཡིན་ན་ཞེས་དོག་དྲི་ཡོང་སྲིད་ངེས། འཕྲེང་རྡོག་སྟོང་དང་རྩ་བརྒྱད་ཅན་ནི་འཕྲེང་རྡོག་མང་དྲགས་ནས་བགྲང་སྟབས་བདེ་མིན་གྱིས་རྐྱེན་པས་བརྒྱ་དང་རྩ་བརྒྱད་དུ་བསྡུས་པ་ཡིན་སྙམ། ཡང་འཕྲེང་རྡོག་བརྒྱ་དང་རྩ་བརྒྱད་དགོས་པའི་ཁུངས་ལུང་ཡང་ཡོད་དེ། གསང་སྔགས་རྫོང་འཕྲང་ལས། གཡུང་དྲུང་སེམས་དཔའ་བརྒྱ་རྩ་བརྒྱད་ཀྱི། རིགས་རྟགས་སྟིམ་ལ་བརྒྱ་དང་རྩ་བརྒྱད་དུ་འཕྲེང་རྡོག་ལ་སྒོམ་པར་བྱ། ཞེས་གསུངས་པའི་ལུང་གིས་སྒྲུབ་བོ།

བཞི་པ་འཕྲེང་བའི་མདོ་འཛིན་དང་བཅུ་འཛབ་ཀྱི་གོ་དོན།
དང་པོ་མདོ་འཛིན་གྱི་གོ་དོན་ནི། མདོ་ཞེས་པ་ནི། ལམ་སྟོད་སྨད་གཉིས་ཀྱི་མཚམས་ལ། ལམ་མདོ་དང་། ལམ་གྱི་གསུམ་མདོ། ཡང་ཡུལ་གཉིས་ཀྱི་མཚམས་ལ་ཡུལ་མདོ་དང། ཡང་ལམ་གསུམ་གྱི་མཚམས་སམ་ཕུག་ལ་གནས་པས་ཕུག་སུམ་མདོ་ཞེས་གོ་ཚུལ་མང་པོ་ཡོད། མདོར་ན་དངོས་པོ་གཉིས་ཀྱི་མཐུད་མཚམས་སམ་བར་མཚམས་ལ་གོ་དགོས། འཛིན་ཞེས་པ་ནི། འཕྲེང་རྡོག་རྣམས་སོ་སོར་མི་མཐོར་བར་དམ་པོར་གནས་པར་བྱེད་པས་འཛིན་ཞེས་ཟེར་བ་ཡིན། སྐབས་འདིར་ནི་འཕྲེང་རྡོག་སྣེ་གཉིས་ཀྱི་མཚམས་ན་ཡོད་པའི་དབྱིབས་ཟླུམ་པོར་ཡོད་པའི་འཕྲེང་རྡོག་ཆེན་པོ་གཅིག་དང་དེའི་སྟེང་བུམ་པའི་དབྱིབས་ཅན་གཅིག་ཡོད་པ་དེ་ལ་མདོ་འཛིན་ཟེར་གྱིན་ཡོད། དེ་ནི་འཕྲེང་རྡོག་རྣམས་མི་མཐོར་བར་འཛིན་པར་བྱས་པས་མདོ་འཛིན་ཞེས་བཏགས་པར་སྙམ། གཉིས་པ་བཅུ་འཛབ་ཀྱི་གོ་དོན་ནི། བཅུ་འཛབ་ནི། གསེར། དངུལ། ཟངས། ལྕགས་སོགས་ལས་སྒྲུབ་པའི་དབྱིབས་སྒོར་སྒོར་དང་གྲངས་བཅུ་ཡོད་འཕྲེང་བའི་ཟུར་དུ་བཏགས་པ་དེ་ལ་ཟེར། བཅུ་ནི། གྲངས་ཀྱི་བཅུ་དང་། འཛབ་ནི། སྔགས་སམ་སྙིང་པོ་ལ་ཟེར། བཅུ་འཛབ་ནི་སྔགས་ཀྱི་གྲངས་སོགས་མི་འཁྲུག་པའི་ཆེད་ཡིན། དེ་ལ་འཕྲེང་བའི་གྲངས་འཛིན་ཡང་ཟེར།

ལྔ་པ་འཕྲེང་བའི་མཚོན་དོན།
མདོ་དྲི་མེད་གཟི་བརྗིད་དང་གཟེར་མིག་གཉིས་མཐུན། འཕྲེང་ཐག་དབྱིངས་ཀྱི་ཡུམ་དང་སྦྱར། ས་ཏྲིག་ཨེར་སངས་ཡི་དམ་ལྷ། མདོ་འཛིན་ཡེ་ཤེས་ལྷ་དང་སྦྱར། གཤེན་ལྷ་འོད་དཀར་ཡི་དམ་ལྷ། ཐབས་དང་ཤེས་རབ་ཟུང་འབྲེལ་ཕྱིར། མཐེ་བོང་ཐབས་ཀྱི་མཆོག་དང་སྦྱར། མཛུབ་གུ་ཤེས་རབ་ཕུལ་དང་སྦྱར། བདག་ཉིད་གཤེན་རབ་འདྲེན་པའི་དཔལ། གུང་མོ་གྲངས་བགྲང་རིག་པ་ཉིད། ཡང་མཛུབ་མོ་ལྔ་དེ་བདེ་གཤེགས་རིགས་ལྔ་དང་སྐུ་ལྔ་ལ་སྦྱར་ཚུལ་ནི། མཐེ་བོང་བོན་གྱི་སྐུ་དང་སྦྱར། མཛུབ་མོ་རྫོགས་པའི་སྐུ་དང་སྦྱར། གསལ་བ་རང་འབྱུང་སྐུ་ཡི་ལྷ། གུང་མོ་ངོ་བོ་ཉིད་ཀྱི་སྐུ་དང་སྦྱར། དགེ་ལྷ་གར་ཕྱུག་ཡོན་ཏན་ལྷ། སྲིན་ལག་སྤྲུལ་པའི་སྐུ་དང་སྦྱར། བྱེ་བྲག་དངོས་མེད་གསུང་གི་ལྷ། མཐེབ་ཆུང་མངོན་བྱང་སྐུ་དང་སྦྱར། དགའ་བ་དོན་འགྲུབ་འཕྲིན་ལས་ལྷ། ཞེས་གསུངས་སོ།། གསང་སྔགས་རྫོང་འཕྲང་ལས། མདོ་འཛིན་རྩ་བའི་བླ་མར་སྒོམ། འཕྲེང་རྡོག་རེ་རེ་ཡི་དམ་ལྷ་རེ་རེ་སྒོམ་ཞེས་གསུངས་སོ།། མདོ་རྣམ་འགྲེལ་བར་ཏི་ཀ་ལས། འཕྲེང་ཐག་ཐུགས་རྗེ་འདྲེན་པའི་ཐག མདོ་འཛིན་དྲང་སྲོང་རྒྱལ་བའི་སྐུ། འཕྲེང་བའི་སྙིང་པོ་གཡུང་དྲུང་སེམས། གཡུང་དྲུང་སེམས་ལ་བགྲང་མི་འཚལ། གཉིས་སུ་མེད་པར་སྒོམ་ཤེས་ན། འཕྲེང་བའི་རང་བཞིན་རང་ཉིད་དོ། ཞེས་གསུངས་པ་དང་། ཡང་རིན་ཆེན་གའུ་ལས། མདོ་འཛིན་གཉིས་རྩེགས་བོན་སྐུ་དང་། ངོ་བོ་ཉིད་ཀྱི་སྐུ་རུ་མཚོན། སྐུ་གསུམ་དང་སྦྱར་ན་མདོ་འཛིན་གོང་མ་བུམ་དབྱིབས་ཅན་དེ་བོན་སྐུ་དང་། དེའི་འོག་མ་འཕྲེང་རྡོག་ཟླུམ་དབྱིབས་ཅན་དེ་རྫོགས་སྐུ་དང་། འཕྲེང་རྡོག་གཞན་རྣམས་སྤྲུལ་པའི་སྐུ་དང་སྦྱར་བ་སོགས་ཅུང་ཙམ་རེ་མི་མཐུན་པ་ཡོད་མོད། གཙོ་བོ་རང་རང་ཟླ་རྒྱུའི་སྔགས་དེ་ལ་རགས་སླད་པ་ཡིན་དཔེར་ན་རང་ཀྱི་ཟླ་རྒྱུའི་སྔགས་དེ་ཡི་དམ་ཕུར་པའི་སྔགས་ཡིན་ན་མདོ་འཛིན་དེ་ཡི་དམ་ཕུར་པའི་ལྷ་གཙོ་བོ་དེ་སྒོམ་གཞན་འཕྲེང་རྡོག་རྣམས་དེའི་འཁོར་རྣམས་སྒོམ་ན་མི་འགྲིག་པ་མེད་སྙམ། གཞན་སྙིང་པོ་རྣམ་གསུམ་སོགས་བསག་སྐབས་ནི། སྙིང་པོ་རྣམ་གསུམ་ནི་སྐུ་གསུམ་གྱི་སྙིང་པོ་ཡིན་སྟབས་མདོ་འཛིན་གོང་མ་དེ་བོན་སྐུ་དང་། འོག་མ་དེ་རྫོགས་སྐུ། འཕྲེང་རྡོག་གཞན་རྣམས་སྤྲུལ་པའི་སྐུ་རུ་སྒོམ་ན་མཆོག ཡང་བླ་མའི་རྣལ་འབྱོར་སོགས་འདོན་སྐབས་མདོ་འཛིན་དེ་རང་གི་དྲིན་ཅན་རྩ་བའི་བླ་མར་སྒོམ་འཕྲེང་རྡོག་གཞན་རྣམས་རང་གི་ཡི་དམ་སྒོམ་ན་མཆོག་སྙམ།

དྲུག་པ་འཕྲེང་བའི་དབྱེ་བ།
མདོ་དྲི་མེད་གཟི་བརྫིད་ལས། པད་ཤུན་འཕྲེང་ཐག་དཀར་པོ་ལ། ཤར་ཕྱོགས་དཀར་པོ་དུང་གི་འཕྲེང་བ་བརྒྱུས། པད་ཤུན་འཕྲེང་ཐག་ལྗང་ཁུ་ལ། བྱང་ཕྱོགས་ལྗང་ཁུ་ཤེལ་གྱི་འཕྲེང་བ་བརྒྱུས། པད་ཤུན་འཕྲེང་ཐག་དམར་པོ་ལ། ནུབ་ཕྱོགས་དམར་པོ་རག་ཤའི་འཕྲེང་བ་བརྒྱུས། པད་ཤུན་འཕྲེང་ཐག་སྔོན་པོ་ལ། ལྷོ་ཕྱོགས་སྔོན་པོ་མན་ལུང་གི་འཕྲེང་བ་བརྒྱུས། པད་ཤུན་འཕྲེང་ཐག་སེར་པོ་ལ། དབུས་ཕྱོགས་སེར་པོ་པོ་ཏེ་ཙེའི་འཕྲེང་བ་བརྒྱུས། ཞེས་གསུངས། མདོ་གཟེར་མིག་ལས། སྒོ་བཞི་མཛོད་ལྔའི་བོན་ལ་འཕྲེང་བའི་ཕྱིར། དཔོན་གསས་ལ་དུང་གི་འཕྲེང་བར་བགྲང་། ཆབ་ནག་ཤེལ་གྱི་འཕྲེང་བར་བགྲང་། ཆབ་དཀར་རག་ཤའི་འཕྲེང་བར་བགྲང་། ཕན་ཡུལ་མན་ལུང་གི་འཕྲེང་བར་བགྲང་། གཙང་མ་མཐོ་ཐོག་སྤྱི་རྒྱུག་ཐིག་ལེ་ཆེན་པོ་བཟླས་དང་བརྗོད་མེད་པོ་ཏི་ཙེ་ཡི་འཕྲེང་བར་བགྲང་། ཞེས་གསུངས། མདོ་རྣམ་འགྲེལ་བར་ཏི་ཀ་ལས། ཤེལ། གསེར། གཡུ། ཟངས། མཆོང་། རག་ཤ་སོགས་ཀྱི་འཕྲེང་བ་ཡོད་པ་གསུངས། ཡང་རྗེ་རིན་པོ་ཆེའི་འདུལ་འགྲེལ་འཕྲུལ་གྱི་སྒྲོན་མེ་དང་འདུལ་བའི་བསླབ་བྱ་ཨུ་དཔལ་ཆུན་པོ་ལས་ཀྱང་མདོ་ཟེར་མིག་དང་མཐུན་པར་སྒོ་བཞི་མཛོད་ལྔའི་འཕྲེང་བ་ཞེས་གསུངས་སོ།།

བདུན་པ་འཕྲེང་བ་འདྲེན་ཚུལ།
འདུལ་བའི་བསླབ་བྱ་ཨུད་དཔལ་ཆུན་པོ་ལས། གཡས་པས་བཅུག་ལ་གཡོན་པས་བགྲང་། ཞེས་དང་། མདོ་དྲི་མེད་གཟི་བརྗིད་ལས། གུང་མོ་གྲངས་བགྲང་རིག་པ་ཉིད་གཡོན་པའི་ཕྱག་སོར་ལྔ་ལ་བཀལ། ཞེས་གསུངས་པ་དང་། མདོ་ཟེར་མིག་ལས། གཡོན་པའི་ཕྱག་སོར་ལྔ་ལ་བཀལ། གཡས་པའི་སོར་མོས་རེ་རེ་བླངས། གསུམ་གྱི་སྦུབས་སུ་དྲངས་ཀྱིན་བགྲངས། ཞེས་གསུངས་པ་བཞིན་ནོ།།

བརྒྱད་པ་འཕྲེང་བའི་བླང་དོར་དང་དམ་ཚིག
ལུས་ལས། འཕྲེང་བ་དེ་ཉིད་མ་ཤེས་ན། བུད་མེད་རྒན་མོའི་དོ་ཤལ་འདྲ། ཞེས་གསུངས་པ་བཞིན་འཕྲེང་བའི་རྣམ་བཞག་དང་བླང་དོར་སོགས་ངེས་པར་དུ་མཁྱེན་གལ་ཆེ། ལྷ་གཉན་ཤེལ་སྒོང་ལས། དམ་ཚིག་བཅུ་གཅུག་ཏུ་གསུངས་པ་སྟེ། སྙིང་པོ་བཟླ་དུས་འཕྲེང་བ་གཞན་མི་བསྟན། རང་གི་ཞབས་སུ་མི་བཅུག གཞན་གྱི་ལག་ཏུ་མི་འགྲིམ། ལག་དལ་བས་མི་འདྲེན་པར་ལུས་ལ་བཅངས། ས་རྗེན་ལ་མི་འཇོག འཕྲེང་བའི་རིགས་མི་གཅིག་རྣམས་མི་བསྲེ། མཛེས་ཆོས་ཀྱི་རྒྱན་དང་མི་སྤྲད། མི་སྡིག་ཅན་ལག་ནས་བྱུང་བ་མི་བཅང་། གཞན་གྱིས་གྲངས་བརྩི་སླད་དུ་བཤར་བ་མི་བྱེད། ཚུལ་འཆོས་ཀྱི་ལག་ཏུ་མི་འདྲེན། རབ་གནས་མེད་པར་མི་བཅང་བ་བཅས་ཡིད་ལ་ངེས་པར་དུ་བཅངས་དགོས་གལ་ཆེ། ཡང་གསང་སྔགས་རྫོང་འཕྲང་ལས། དེ་ལ་སྤང་བ་དྲུག་ནི། མེན་རུར་དང་རུས་པའི་འཕྲེང་བ་དང་། རྡོ་དང་འབྲས་བུ་མེད་ཤིང་འཕྲེང་དང་། རྡོ་རྗེ་རི་རབ་མདོ་འཛིན་དང་། མཛོ་གྷར་རུས་པའི་འཕྲེང་ཐག་སྤང་། ཞེས་དང་། ལེན་པ་དྲུག་ནི། འབྲས་བུ་དྲུག་དང་དྲག་པོའི་ཤིང་། དབང་དང་འབྲས་བུ་ལྡན་པ་གསུམ། ཤི་ཤོན་དར་རས་ཞིང་རྒྱུས་གསུམ། ཡང་དེ་ཉིད་ལས། དམ་ཚིག་ནི། འགོམ་ཡུག་སྨེ་བ་དང་། བསྙེན་པའི་དུས་སུ་མི་ལག་འགྲིམ་པ་དང་། གོང་གི་སྤང་བླངས་ལྡན་པར་བྱ། ཞེས་གསུངས་སོ།།