གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཉིན་ལྔ་པའི་གནད་བསྡུས།

imageimage

ཕྱི་ཟླ་༦པའི་ཚེས་༡༢ཉིན་ལྔ་པའི་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་། ༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔེ་མཛོད་ཁང་གི་ཚོགས་ཁང་ཆེན་མོའི་ནང་འཚོགས་ཡོད་པ་དང་།
ཉིན་ལྔ་པའི་གཡུང་དྲུང་བོན་གྱི་བགྲོ་གླེང་གསུང་བཤད་སློབ་དཔོན་འབུམ་རམས་པ་གཟི་གཡང་ལགས་ནས། ༼མ་རྒྱུད་རྩ་བའི་འཁྲུལ་འཁོར་རྣམ་ལྔའི་༽སྐོར་གྱི་གསུང་བཤད་གནང་ཡོད་པ་དང་། ཁོ་མོས་ཞང་བོད་གནའ་བོའི་བོན་གྱི་སངས་རྒྱས་ཀྱི་བཀའ་ཚད་མའི་ཁོངས་སུ་བཞུགས་པའི་མ་རྒྱུད་སངས་རྒྱས་རྒྱུད་གསུམ་ལ་གཞི་བཅོལ་ཏེ། ལོ་རྒྱུས་ཀྱི་རྒྱུན་རིང་བའི་རང་གཞུང་གི་རྩ་རླུང་འཁྲུལ་འཁོར་འདི་འགངས་ཆེན་ཡིན་པ་དང་། དེང་གི་ཆར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་དར་ཁྱབ་ཆེ་བའི་རང་བཞིན་གླེང་བ་དང་།

རྩ་རླུང་གི་ཐུན་མོང་མ་ཡིན་པའི་བྱེད་ནུས་ཀྱིས་ལུས་སེམས་གཉིས་ཀར་འཕྲོད་བསྟེན་གྱི་ནུས་པ་འབུར་དུ་ཐོན་ཡོད་པར་གསུང་གནང་བ་དང་། ལྷག་པར་དུ་འཁྲུལ་འཁོར་རེ་རེས་ཐུན་མོང་མ་ཡིན་པའི་ལུས་ཀྱི་ནད་སེལ་ཐུབ་པའི་ཡོན་ཏན་རེ་ཡོད་པ་འགྲེལ་བརྗོད་བྱས་པ་དང་། འཁྲུལ་འཁོར་རྒྱག་དུས་ཀྱི་ལུས་ཀྱི་འདུག་སྟངས་དང་། ལུས་ཀྱི་རྩ་ངོས་འཛིན་སྟངས། དབུགས་འཛིན་སྟངས། ལུས་ཀྱི་འགུལ་སྟངས་སོགས་འཁྲུལ་འཁོར་མི་འདྲ་བའི་དམིགས་པ་འཛིན་སྟངས་དང་། ལུས་ཀྱི་གཡོ་འགུལ་བྱེད་སྟངས་སོགས་ཞིབ་རྒྱས་སྒོ་ནས་སྐར་མ་ལྔ་བཅུའི་རིང་གི་བགྲོ་གླེང་མཇུག་གྲུབ་པར་བྱས་ཡོད་པ་རེད།

imageimage

ཉིན་འདིའི་གཙོ་སྐྱོང་བ་མེ་ཉག་གཡུང་དྲུང་ལྷ་རྒྱལ་ལགས་ནས་བགྲོ་གླེང་གཙོ་སྐྱོང་གནང་བཞིན་པ།

imageimage

བགྲོ་གླེང་ཚོགས་ཞུགས་པ་རྣམས་ནས་དོགས་དྲི་ཞུ་བཞིན་པ།
གསར་འགོད་པ། སྐྱིད་སྲས་དགེ་ལེགས་ཉི་མ།