གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་༡༦པའི་མཇུག་སྡོམ་མཛད་སྒོ།

imageIMG_0014

ཕྱི་ཟླ་༦པའི་ཚེས་༡༤ཉིན་བདུན་པའི་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་མཇུག་སྡོམ་མཛད་སྒོ་སྨན་རིའི་དཔེ་མཛོད་ཁང་དུ་འཚོགས་ཡོད་པ་དང་།

imageimage

ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་པའི་སྐུ་མགྲོན་གཙོ་བོ་༧སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་། སྨན་རིའི་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ། ཁྲིམས་ཞིབ་ཆེ་བ་ཟུར་བ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་མཆོག བོན་སྤྱི་བ་ར་ཚེ་དབང་བཀྲ་ཤིས། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་དྲུང་སྤུ་བླ་གཡུང་དྲུང་སྐལ་བཟང་། བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་ཤེས་རབ་དབང་རྒྱལ་དང་བཤད་སྡེའི་རྒྱུན་ལས་རྣམས། བོན་ཕྲུག་བདེ་དོན་གྱི་འགན་འཛིན་དགེ་བཤེས་གཡུང་དྲུང་རྣམ་དག། བོན་བུ་ཁྱིམ་ཁང་གི་སློབ་ཕྲུག་འགན་འཛིན་ཏྲེ་བ་བློ་གྲོས་འབྱུང་གནས། ཐེངས་འདིའི་གསུང་བཤད་སློབ་དཔོན་རྣམ་པ་གཙོས་པའི་ཚོགས་ཞུགས་མི་སྣ་བརྒྱ་ཕྲག་ལྷག་ཚང་འཛོམས་ཐོག གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅུ་དྲུག་པའི་མཇུག་བསྡུའི་མཛད་སྒོ་དབུ་འཛུགས་གནང་བ་ཡོད་པ་དང་།

imageimage

མཛད་སྒོའི་གཙོ་སྐྱོང་བ་ལི་ཐང་ཡེ་ཤེས་རྒྱལ་བ་ལགས་ཀྱིས་ཐོག་མར་ཐེངས་འདིའི་ཚོགས་ཞུགས་སློབ་གྲྭ་ཁག་གི་སློབ་བུ་རྣམས་ལ་རང་མོས་ལྟར། ཐེངས་འདིའི་བགྲོ་གླེང་དུ་ཞུགས་པའི་མྱོང་ཚོར་དང་། བསམ་འཆར་བཤད་བཅུག་ཡོད་པ་དང་།

imageimage

དེ་རྗེས་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་དྲུང་སྤུ་བླ་གཡུང་དྲུང་སྐལ་བཟང་དང་། ༧སྨན་རིའི་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་ཟུང་ནས་ཐེངས་འདིའི་བགྲོ་གླེང་དང་འབྲེལ་གསུང་བཤད་གནང་།
imageimage

དེ་ནས་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་༡༦པའི་སྐུ་མགྲོན་གཙོ་བོ་༧སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་ཐེངས་འདིའི་གསུང་བཤད་སློབ་དཔོན་རྣམས་ལ་བཀའ་དྲིན་ཆེ་ཞུའི་མཚན་མཐོང་གནང་བ་དང་། དེ་བཞིན་རྩོམ་ཡིག་འགྲན་བསྡུར་དང་། ཡིག་གཟུགས་འགྲན་བསྡུར་སྐབས་ཀྱི་ཕུལ་བྱུང་ཚོགས་ཞུགས་པ་རྣམས་ལ་གཟེངས་རྟགས་བསྩལ་ཞིང་གལ་ཆེའི་བཀའ་སློབ་གནད་དུ་སྨིན་ལ་བསྩལ་གནང་།

imageimage

མཇུག་མཐར་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་༡༦པའི་ཚོགས་གཙོ་དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས་ནས། ཐེངས་འདིའི་ཚོགས་ཞུགས་པ་ཡོངས་ལ་བཀའ་དྲིན་ཐུགས་རྗེ་ཆེ་ཞུས་པ་དང་། གཞན་ཡང་སློབ་ཕྲུག་རྣམས་ཀྱིས་མྱོང་ཚོར་དང་བསམ་འཆར་བགྲོ་གླེང་གནང་ཕྱོགས་ཐད། མ་འདང་བ་དང་མ་འགྲིག་པ་དག་རྗེས་ཕྱོགས་ཀྱི་བགྲོ་གླེང་ནང་དུ་ཁ་བསྐོང་ཐུབ་པའི་ཡིད་ཆེས་དང་སྨོན་ལམ་ཡོད་ཅེས་གསུང་གནང་བ་དང་། མཐར་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུང་ནས་སྐབས་༡༦པའི་གཡུང་དྲུང་བོན་གྱི་བགྲོ་གླེང་ཡོངས་སུ་མཇུག་གྲུབ་པར་བྱས་ཡོད་པ་གཡུང་དྲུང་བོན་གྱི་དྲྭ་ཚིགས་རྒྱུན་ལས་ཁང་ནས།

གསར་འགོད་པ་དང་པར་པ། སྐྱིད་སྲས་དགེ་ལེགས་ཉི་མ།