གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཐེངས་བཅུ་དྲུག་པ་དངོས་སུ་དབུ་འཛུགས་གནང་བ།

IMG_0292IMG_0300

ཕྱི་ལོ་ ༢༠༡༧ ཟླ་ ༠༦ ཚེས་ ༠༨ ཉིན་ནས་དབུ་འཛུགས་གནང་སྟེ་བདུན་ཕྲག་གཅིག་རིང་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔེ་མཛོད་ཁང་དུ་ཚོགས་ཡོད་པ་དང་། ཐེངས་འདིའི་སྔོན་འགྲོའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་བཀའ་དྲིན་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། དེ་མིན་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་དྲུང་། སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་ལགས། བོན་སྤྱི་བ་ར་ཚེ་དབང་བཀྲ་ཤིས་ལགས། བོན་གཞིས་འགོ་འཛིན་བློ་ལྡན་ཉི་མ་ལགས། བཤད་སྒྲུབ་སློབ་གླིང་གི་ཚོགས་གཙོ་དང་དཔེ་ཁྲིད་དགེ་རྒན་རྣམ་པ་བཅས་ཆེད་དུ་མཛད་སྒོ་ལ་གདན་འདྲེན་ཞུས་ཡོད་པ་མ་ཟད། ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་ཕྲུག་རྣམས་ཀྱང་ཚང་འཛོམས་ཐོག

IMG_0302IMG_0305

སྔོན་འགྲོའི་མཛད་སྒོའི་སྐབས་༡༦པའི་གཡུང་དྲུང་བོན་གྱི་བགྲོ་གླེང་གོ་སྒྲིག་ཚོགས་གཙོ་མཆོག་ནས་བགྲོ་གླེང་གི་ངོ་སྤྲོད་གཏམ་བཤད་གནང་བ་དང་། དེ་རྗེས་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་དྲུང་ནས་ཐེངས་འདིའི་བགྲོ་གླེང་དང་འབྲེལ་བའི་གཏམ་བཤད་ཟབ་རྒྱས་གནང་། དེ་ནས་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནས་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་གནང་ཕྱོགས་ཐད་འདས་མ་ད་གསུམ་དང་འབྲེལ་བའི་བཀའ་སློབ་གནད་དུ་སྨིན་པའི་བཀའ་དྲིན་བསྩལ།

IMG_0330IMG_0336

ཕྱི་དྲོའི་ཆུ་ཚོད་བཞི་དང་ཕྱེད་ཀའི་ཐོག་ནས་དངོས་གཞིའི་མཛད་རིམ་ཁག་དང་པོ་གསུང་བཤད་སློབ་དཔོན་ཝཱཎཱ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དགེ་སྣང་རྒྱལ་དགེ་བཤེས་ཤེས་རབ་དགེ་ལེགས་ཀྱིས་“ཆོས་ལུགས་པའི་འཐབ་རྩོད་དང་བོད་ཀྱི་ཉམས་རྒུད་སྐོར་”ལ་གཏམ་བཤད་གནང་ཡོད་པ་དང་།

སང་ཉིན་ནས་རིམ་བཞིན་མཁས་དབང་རྣམས་ཀྱིས་གནའ་བོའི་བོན་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་གྱི་སྒང་ལ་བགྲོ་གླེང་གནང་འཆར་ཡོད་པ་རེད། དེ་ཡང་བགྲོ་གླེང་གི་སྐབས་སུ་གསུང་བཤད་མཁན་པོ་དག་གིས་སྐར་མ་ཞེ་ལྔའི་རིང་རང་རང་གི་བརྗོད་བྱའི་སྐོར་གསུང་བཤད་གནང་རྒྱུ་དང་། དེ་རྗེས་སྐར་མ་སུམ་ཅུའི་རིང་བགྲོ་གླེང་ཚོགས་ཞུགས་པ་དག་གིས་དྲི་བ་དྲིས་ལན་གནང་རྒྱུ། ཉིན་རེའི་བགྲོ་གླེང་གསུང་བཤད་དང་དྲི་བ་དྲིས་ལན་ཚར་རྗེས། ཡང་བསྐྱར་སྐར་མ་སུམ་ཅུའི་རིང་“རིག་རྩལ་འགྲན་པའི་གར་སྟེགས་”ལེ་ཚན་ཞིག་དམིགས་བསལ་གྱིས་གོ་སྒྲིག་གནང་འཆར་དང་། ལེ་ཚན་འདི་ཉིད་ཀྱི་ནང་དུ་བགྲོ་གླེང་གོ་སྒྲིག་ཚོགས་པས་གཡུང་དྲུང་བོན་གྱི་རྒྱུན་ཤེས་སྐོར་ནས་བགྲོ་གླེང་ཚོགས་ཞུགས་པ་ཡོངས་ལ་དྲི་བ་དྲིས་ལན་གྱིས་ནམ་རྒྱུན་གྱི་འཚོ་བའི་ཁྲོད་གནས་པའི་བོན་གྱི་སྐོར་ནས་སློབ་ཕྲུག་ཚོགས་ཞུགས་པ་ཡོངས་ལ་གོ་རྟོགས་སྤེལ་འཆར་ཡོད་པ་རེད།

གཞན་ཡང་བགྲོ་གླེང་དང་སྐབས་བསྟུན་གྱིས་“ཞང་ཞུང་སྨར་ཡིག་”ལ་སོགས་པའི་ཡིག་གཟུགས་དང་རྩོམ་ཡིག་འགྲན་བསྡུར་ཀྱང་གོ་སྒྲིག་གནང་འཆར་ཡོད་པ་དང་། སྐབས་འདིའི་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཐེངས་༡༦པར་ཝཱ་ཎཱ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་། ཅན་ལྡི་སྒར་མཐོ་སློབ། མ་སུ་རི་བོད་ཁྱིམ། ས་གནས་བོན་གཞིས་ཉིན་སློབ་གྱི་འཛིན་རིམ་བཅུ་པ་ནས་བཅུ་གཉིས་བར་གྱི་སློབ་ཕྲུག་བཅས་ཁྱོན་བསྡོམས་མི་གྲངས་༡༠༠ལྷག་ཙམ་མཉམ་ཞུགས་ཀྱིས་གཡུང་དྲུང་བོན་གྱི་སྐོར་ལ་བགྲོ་གླེང་དང་བསམ་ཚུལ་བརྗེ་རེས་ཟབ་རྒྱས་གནང་འཆར་དང་།

ཟླ་བ་འདིའི་ཕྱི་ཚེས་༡༤ཉིན་གྱི་སྔ་དྲོར་སྐབས་༡༦པའི་བགྲོ་གླེང་མཇུག་བསྡོམས་མཛད་སྒོ་གནང་འཆར་ཡོད་པ་དང་། མཇུག་བསྡོམས་མཛད་སྒོའི་སྟེང་དུ་ཡང་ཐོག་མར་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་ཐེངས་འདིའི་གསུང་བཤད་སློབ་དཔོན་རྣམ་པར་དར་ཁ་བསྒྲོན་འབུལ་དང་ཡིག་གཟུགས་སྒྱུ་རྩལ་པ་དང་རྩོམ་པ་ལེགས་གྲས་རྣམས་ལ་བྱ་དགའ་གསོལ་བསྩལ་གནང་རྒྱུ་དང་།

དེ་རྗེས་བགྲོ་གླེང་ཚོགས་ཞུགས་པ་ཁག་གཅིག་ནས་ཐེངས་འདིའི་བགྲོ་གླེང་སྐབས་ཀྱི་དགེ་ཕན་མྱོང་ཚོར་ཅི་བྱུང་དང་མ་འོངས་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་རང་མོས་ཀྱིས་གཏམ་བཤད་སྣ་ཚོགས་སྤེལ་རྒྱུ། དེ་རྗེས་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་དྲུང་ལགས་དང་། བཤད་སྒྲུབ་མཁན་པོ་བཅས་ཀྱིས་རིམ་བཞིན་དུ་བགྲོ་གླེང་གོ་སྒྲིག་གི་སྐོར་དང་། དགེ་ཕན་སྐོར། བགྲོ་གླེང་བྱུང་འཕེལ་གྱི་སྐོར་བཅས་ལ་བཀའ་སློབ་གཏམ་བཤད་གནང་འཆར་དང་། དེ་མུར་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ལ་མ་འོངས་ལམ་སྟོན་སོགས་ཀྱི་བཀའ་སློབ་ཞུ་རྒྱུ་དང་། མཇུག་མཐར་སྐབས་༡༦པའི་བགྲོ་གླེང་ཚོགས་གཙོ་མཆོག་ནས་མཇུག་བསྡོམས་གཏམ་བཤད་སྤེལ་རྒྱུ་དང་ཆབས་གཅིག་བགྲོ་གླེང་ཚོགས་ཞུགས་སྟོན་འཁོར་ལྷན་རྒྱས་ནས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུང་སྟེ་བགྲོ་གླེང་སྐབས་༡༦པ་གཟབ་རྒྱས་ངང་མཇུག་བསྡུ་ཞུ་རྒྱུ་ཡིན་པ་བཅས་ཀྱི་གནས་བསྡུས་ཙམ་དུ་གཡུང་དྲུང་བོན་གྱི་དྲ་ཚིགས་རྒྱུན་ལས་ཁང་ནས།།

དངོས་གཞིའི་མཛད་རིམ་སྐོར་འདི་ནས་གཟིགས་ཐུབ།

གསར་འགོད་པ། སྐྱིད་སྲས་དགེ་ལེགས་ཉི་མ།