གཡུང་དྲུང་བོན་གྱི་དྲྭ་རྒྱ།

མཁས་དབང་དོན་འགྲུབ་ལྷ་རྒྱལ་མཆོག་གི་མཚམས་སྦྱོར་མདོར་བསྡུས།

2010070522201261བོན་གྱི་འབྱུང་ལྡན་༣༠༡སྟེ་ཕྱི་ལོ་༡༩༦༡ལོར་བོད་ལྗོངས་ནག་ཆུ་ས་ཁུལ་གཉན་རོང་རྫོང་ཁོངས་ཀྱི་འབྲོག་པ་དཀྱུས་མ་ཞིག་གི་ཁྱིམ་དུ་འཁྲུངས་ཤིང་། དགུང་ལོ་༡༡བར་དུ་འབྲོག་པའི་ཞོ་མར་ཐུད་གསུམ་གྱི་ཁྲོད་འཚོ་བ་སྐྱེལ། དེ་ནས་སློབ་གྲྭར་འགྲིམས་འགོ་བཙུགས།

ཕྱི་ལོ་༡༩༨༢ལོར་པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་ནས་ལོ་བཞིར་་སློབ་སྦྱོང་གནང་། སློབ་ཆེན་མཐར་ཕྱིན་ནས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ལ་བོད་ཀྱི་རིག་གཞུང་ལོ་རྒྱུས་ཞིབ་འཇུག་གི་ཕྱག་ལས་གནང་། ལྷག་པར་དུ་བོན་གྱི་ཤེས་རིག་ལོ་རྒྱུས་ལ་ཞིབ་འཇུག་གི་ངལ་བ་དང་དུ་བླངས་ནས་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་དང་།

ཕྱི་ལོ་༡༩༩༧ལོར་ནུབ་ཕྱོགས་ནོར་ཝེ་རྒྱལ་ཁབ་ཀྱི་ཨོ་སི་ལོ་སློབ་གྲྭ་ཆེན་མོར་ཞིབ་འཇུག་སློབ་གཉེར་ཞིབ་འཇུག་ལོ་ཕྱེད་གསུམ་གནང་ནས་ཕྱིར་བོད་དུ་ལོག་ཕེབས། ད་ལྟའི་བར་དུ་བོད་རིག་པའི་ཞིབ་འཇུག་གི་དུས་དེབ་སྣ་ཚོགས་ཐོག་དཔྱད་རྩོམ་མང་པོ་སྤེལ་བ་མ་ཟད། བོན་གྱི་ཞིབ་འཇུག་དང་འབྲེལ་བའི་དེབ་ཀྱང་བརྩམས་གནང་མཛད་ཡོད་པ་དང་། དེ་བཞིན་རྒྱབ་ཕྱི་ནང་དུ་བསྐོང་འཚོགས་མཛད་པའི་བོད་རིག་པའི་དཔྱད་མོལ་ཚོགས་འདུ་ཡང་ཐེངས་མང་ཞུགས་ནས་བོན་ལུགས་དང་འབྲེལ་བའི་ཕྱག་རྩོམ་མང་པོ་སྒྲོག་སྦྱོང་གནང་མཛད་པ་དང་།

བརྩམས་ཆོས་ཀྱི་སྐོར་ལ།

བོན་གྱི་ལོ་རྒྱུས་རགས་བསྡུས། རྒྱ་ཡིག་ཅན། ཕྱི་གླིང་བས་བོན་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་བདམས་བསྒྱུར། བོད་ཡིག་ཅན། གཡུང་དྲུང་བོན་གྱི་གདུང་རྒྱུད་བླ་མ་ཆེ་ལྔའི་བྱུང་བ་བརྗོད་པ། དབྱིན་ཡིག་ཅན། གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག དབྱིན་ཡིག་ཅན། བསྒྲགས་པ་གླིང་གྲགས་འགྱུར་མཆན། རྒྱ་ཡིག་ཅན།

དཔྱད་རྩོམ་གཙོ་ཁག་ནི།

སྟོན་པ་གཤེན་རབ་ཀྱི་མཛད་རྣམ་བསྡུས་མ་མདོ་འདུས་ཀྱི་སྐོར་ཅུང་ཙམ་གླེང་བ། བོད་ཡིག བོད་ཀྱི་བྱང་ནུབ་ཁུལ་དུ་ཞང་ཞུང་རིག་གཞུང་གནའ་ཤུལ་རྟོག་ཞིབ་ལ་ཕྱིན་པའི་སྙན་ཞུ། རྒྱ་ཡིག གནའ་རྫས་རྟོག་ཞིབ་དང་བོན་གྱི་ཡིག་རྙིང་དཔྱད་ཡིག་གཉིས་གོ་བསྡུར་གྱིས་ཞང་ཞུང་རིག་གཞུང་གི་གི་དོན་ལ་དཔྱད་པ། བོད་ཡིག བོད་ཀྱི་སྤྱི་སྐད་གཏན་ལ་འབེབས་ཐབས་སྐོར་གྱི་བསམ་ཚུལ། བོད་ཡིག ཀོང་པོ་བོན་རི་དང་འབྲེལ་བའི་ལོ་རྒྱུས་སྐོར་ཅུང་ཙམ་གླེང་བ། བོད་ཡིག བོད་ཀྱི་རི་ལྷ་གསོལ་བའི་ཆོ་གའི་སྐོར་ཅུང་ཙམ་གླེང་བ། བོད་ཡིག

ད་དུང་རྩོམ་སྒྲིག་མཛད་པ་སོགས་ཡོད་མོད་འདིར་དངོས་མཚན་འགོད་རྒྱུར་ཏུབ་མསོང་དགོངས་འགལ་མེད་པ་ཞུ།

མར་ནང་གྱེར་ནག་ཚང་གིས།