ཞང་ཞུང་ཞིབ་འཇུག་ལས་འཕྲོས་པའི་བསམ་གཞིག

1497533139136793ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་གཙོ་བོ་བོན་གྱི་ལོ་རྒྱུས་ཡིག་ཆ་དང་དེང་གི་གནའ་རྫས་རྟོག་ཞིབ་རིག་པའི་གྲུབ་འབྲས་བཅས་ཕྱོགས་གཉིས་ནས་ཞང་ཞུང་ཁྱུང་ལུང་དངུལ་མཁར་གྱི་གནའ་ཤུལ་དང་འབྲེལ་བའི་ལོ་རྒྱུས་རིག་གནས་ངོ་སྤྲོད་གྱིས་ཞང་ཞུང་གི་ལོ་རྒྱུས་དང་ཤེས་རིག་སྐོར་ལ་སྣང་ཆེན་བྱ་དགོས་པའི་གལ་ཆེའི་རང་བཞིན་སྐོར་གླེང་ཡོད། བརྡ་ཆད་གཙོ་བོ། ཞང་ཞུང་། ཁྱུང་ལུང་དངུལ་མཁར། གནའ་རྫས་རྟོག་ཞིབ།
ད་ལྟའི་བར་དུ་བོད་ཀྱི་ལོ་རྒྱུས་དེ་རྒྱལ་པོ་སྲོང་བཙན་སྒམ་པོ་ནས་དབུ་བརྙེས་པ་འདྲ་པོ་ཆགས་ཡོང་གི་ཡོད། དེའི་རྒྱུ་རྐྱེན་གཙོ་བོ་ནི་དེབ་ཐེར་ཁག་ལས་རྒྱལ་པོ་སྲོང་བཙན་སྒམ་པོས་བོད་ས་མཐོ་གཅིག་བསྒྱུར་དང་བོད་ཡིག་གསར་གཏོད། བན་དེའི་ཆོས་ལུགས་འཚམས་སྦྱོར་དང་ཁྲིམས་ལུགས་གཏན་འབེབ་སོགས་གནང་ཡོད་ཅེས་ངོ་སྤྲོད་གནང་བ་ལས་བྱུང་ཡོད། དེའི་གོང་གི་ལོ་རྒྱུས་བཙན་པོ་རིམ་བྱོན་གྱི་མཚན་ཙམ་ལས་དེ་དང་འབྲེལ་བའི་མཛད་པ་མང་པོ་བཀོད་མེད་པས་ལོ་རྒྱུས་སྟོང་པ་ལྟ་བུར་གྱུར་ཡོད། དོན་དངོས་ཐོག་རྒྱལ་པོ་སྲོང་བཙན་སྒམ་པོའི་སྔོན་རོལ་བོད་ས་མཐོའི་ཐོག་ལ་རྒྱལ་ཕྲན་སིལ་མ་བཅུ་གཉིས་བྱུང་ཡོད་པ་དང་དེའི་ནང་དུ་སྤུ་རྒྱལ་བཙན་པོས་དབང་དུ་བསྒྱུར་བའི་བཙན་པོའི་རྒྱལ་རབས་དང་ཞང་ཞུང་སྲིད་པའི་རྒྱལ་པོས་དབང་དུ་བསྒྱུར་པའི་ཞང་ཞུང་རྒྱལ་རབས་གཉིས་སྟོབས་ཤུགས་ཅུང་ཆེ་བ་གཉིས་ཡིན། རྗེས་སུ་སྤུ་རྒྱལ་བཙན་པོའི་སྟོབས་ཤུགས་རྒྱལ་ཕྲན་གཞན་ལས་ཇེ་ཆེར་སོང་ནས་གཞན་རྣམས་ཚང་མ་དབང་འོག་ཏུ་བསྡུས་ནས་ས་མཐོ་གཅིག་བསྒྱུར་བཏང་ནས་རྒྱལ་རབས་གཅིག་ཏུ་ཆགས། འོན་ཀྱང་ས་མཐོ་གཅིག་གྱུར་མ་ཆགས་སྔོན་གྱི་ལོ་རྒྱུས་ལ་སྣང་ཆུང་བྱས་ནས་བཞག་ན་བོད་ས་མཐོའི་སྔ་རབས་ཀྱི་ལོ་རྒྱུས་སྤྱིའི་འཕེལ་རིམ་ལ་ཆ་མ་ཚང་བའི་སྐྱོན་ཆ་ལྷག་ཡོང་གི་ཡོད། བོད་ས་མཐོའི་སྔ་རབས་ཀྱི་ལོ་རྒྱུས་ནི་རྒྱལ་ཕྲན་སིལ་མ་རྣམས་ཀྱི་ལོ་རྒྱུས་ཁག་ལས་གྲུབ་ཡོད། རྒྱལ་ཕྲན་སིལ་མ་རྣམས་ཀྱི་ལོ་རྒྱུས་ལ་ཡང་རྒྱས་བསྡུས་འདྲ་མིན་སྣ་ཚོགས་ཡོད་པ་མང་ཆེ་ནི་ཤིན་ཏུ་བསྡུས་པ་ལས་མེད་མོད། འོན་ཀྱང་དེ་འདྲ་ཡིན་པ་ཙམ་གྱིས་དེ་ལ་སྣང་ཆུང་བྱས་ནས་ལོ་རྒྱུས་ཀྱི་ཆུ་རྒྱུན་ལས་བཅད་ནས་མ་གླེང་བ་ཡིན་ན་བོད་ཀྱི་ལོ་རྒྱུས་དེ་ཆུ་འགོ་མེད་པའི་ཆུ་བོ་ལྟ་བུར་ཆགས་སྲིད་པས་བོད་ཧྲིལ་པོའི་ལོ་རྒྱུས་ལ་ཤིན་ཏུ་མི་འཚམས་པ་ཡིན་པ་ཤེས་རྟོགས་ཡོང་རྒྱུ་གལ་ཆེ། རྒྱུ་མཚན་དེ་ལ་བརྟེན་ནས་བོད་ཀྱི་རྒྱལ་ཕྲན་སིལ་མ་རྣམས་ཀྱི་ལོ་རྒྱུས་གསལ་རྟོགས་ཡོང་བ་བྱེད་རྒྱུ་དེ་བོད་ལོ་རྒྱུས་སྤྱིའི་འཕེལ་རིམ་ཁྲོད་དུ་གལ་ཆེའི་གནད་དུ་བཟུང་ནས་ཞིབ་འཇུག་བྱེད་དགོས། བོད་ཀྱི་ལོ་རྒྱུས་ཡིག་ཆ་ཕལ་ཆེ་བའི་ངོས་ནས་བཤད་ན་རྒྱལ་ཕྲན་སིལ་མའི་ལོ་རྒྱུས་ཤིན་ཏུ་བསྡུས་མ་ཞིག་ལས་མེད། དེ་དག་ལས་བོད་ཀྱི་ལོ་རྒྱུས་སྤྱི་ལ་མཁོ་བའི་གནས་ཚུལ་ཡང་དག་ཅིག་མཁོ་སྤྲོད་བྱེད་རྒྱུ་ཤིན་ཏུ་ཁག་པོ་ཡོད་པས་ལོ་རྒྱུས་སྨྲ་བ་རྣམ་པས་དེའི་སྐབས་ཀྱི་ལོ་རྒྱུས་དེ་ཕལ་ཆེར་བཏང་སྙོམ་དུ་འཇོག་རྒྱུ་ལས་བྱ་ཐབས་མེད་པ་འདྲ་པོ་ཆགས་ཡོང་གི་ཡོད། འོན་ཀྱང་སྟབས་ལེགས་པ་ཞིག་ལ་དེང་སྐབས་ལོ་རྒྱུས་ཞིབ་འཇུག་པ་རྣམས་ལ་སྔར་དང་མི་འདྲ་བ་ལོ་རྒྱུས་དཔྱད་ཡིག་ཕུན་སུམ་ཚོགས་སུ་ཕྱིན་པ་དང་ལྷག་པར་དུ་དཔྱད་ཡིག་སྣ་མང་དུ་ཕྱིན་པ་ཙམ་མ་ཟད་དེང་རབས་ཚན་རིག་གི་ལམ་ལས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པ་དཔེར་ན། གནའ་རྫས་རྟོག་ཞིབ་ཀྱི་ཐབས་ཤེས་ལྟ་བུས་སྔར་ཤོད་མ་ནུས་པ་དང་ཤོད་མི་ཤེས་པའི་གནད་མང་པོ་ཞིག་ལས་སླ་མོར་གསལ་རྟོགས་ཐུབ་ཀྱི་ཡོད་པ་ནང་བཞིན་རེད། སྲོལ་རྒྱུན་གྱི་དཔྱད་ཡིག་ཕུད་ང་ཚོས་དེང་རབས་ཀྱི་ཚན་རིག་ལ་བརྟེན་ནས་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱས་ན་གྲུབ་འབྲས་གསར་པ་ཐོན་ངེས་རེད། དེ་ཡང་སྲོལ་རྒྱུན་དཔྱད་ཡིག་ལ་རིགས་གཉིས་སུ་ཕྱེས་ན་བན་དེའི་ལོ་རྒྱུས་སྨྲ་བ་རྣམ་པས་བཀོད་པའི་ཡིག་ཆ་དང་བོན་གྱི་ལོ་རྒྱུས་སྨྲ་བ་རྣམ་པས་བཀོད་པའི་ཡིག་ཆ་དང་གཉིས་ཡོད། དེ་ལ་རྒྱལ་པོ་སྲོང་བཙན་སྒམ་པོའི་སྔོན་གྱི་ལོ་རྒྱུས་སྐོར་ལ་བོན་གྱི་དེབ་ཐེར་ཁག་ནང་ཅུང་རྒྱས་ཙམ་འཁོད་ཡོད་རུང་གྲུབ་མཐའི་དགའ་ཉེ་ཕྱོགས་ཞེན་གྱི་དབང་གིས་བོན་ཕྱོགས་ཀྱི་དེབ་ཐེར་ཕལ་ཆེར་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལ་བརྩི་སྲོལ་བྱུང་མེད། ལུགས་སྲོལ་དེ་འདྲ་ཞིག་གིས་བོད་ཀྱི་ལོ་རྒྱུས་དེ་ཆ་ཚང་ལ་དྲང་ལྡན་ཡིན་པ་ཞིག་གྲུབ་ཐུབ་མེད། རྒྱལ་ཕྲན་སིལ་མའི་ལོ་རྒྱུས་ཞིབ་འཇུག་བྱེད་རྒྱུ་དེ་ལས་སླ་པོ་ཞིག་རྩ་བ་ནས་མིན། དེའི་རྒྱུ་མཚན་གཙོ་བོ་ནི་དཔྱད་ཡིག་ཤིན་ཏུ་དཀོན་པོ་ཡིན་པས་རེད། དཔྱད་ཡིག་དཀོན་པོ་ཡིན་པ་ཙམ་ལས་རྩ་བ་ནས་མེད་པ་མ་ཡིན་པས་ཞིབ་འཇུག་བྱེད་རྒྱུ་མེད་པ་ཞིག་མ་རེད། ང་ཚོས་རྒྱལ་ཕྲན་སིལ་མ་ཆ་ཚང་ལ་ཞིབ་འཇུག་བྱེད་མ་ཐུབ་ཀྱང་དེའི་ནང་ནས་བྱེད་ཐུབ་པ་རེ་ཟུང་གདམས་ནས་བྱས་ན་བོད་ཀྱི་གནའ་བོའི་ལོ་རྒྱུས་རྟོག་ཞིབ་བྱེད་རྒྱུར་ཕན་པ་མི་དམན་པ་ཡོང་ངེས་རེད། རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་ལོ་རྒྱུས་ནི་བོད་ཀྱི་ལོ་རྒྱུས་ཀྱི་གྲུབ་ཆ་མེད་དུ་མི་རུང་བ་ཞིག་ཡིན་པས་དེའི་ནང་གི་རྒྱལ་ཕྲན་གང་འདྲ་ཞིག་གི་ལོ་རྒྱུས་ཡིན་ཡང་ཚང་མ་བོད་སྤྱིའི་ལོ་རྒྱུས་དང་ཁ་བྲལ་ཐབས་མེད། རྒྱལ་ཕྲན་སིལ་མའི་ལོ་རྒྱུས་ཞིབ་འཇུག་བྱེད་སྐབས་ཐོག་མར་དཔྱད་ཡིག་ཅུང་ཕུན་སུམ་ཚོགས་པ་དང་རིན་ཐང་ཅུང་ཆེ་བ་ལས་འགོ་བརྩམས་ཏེ་བྱས་ན་ཕན་འབྲས་ཐོན་ངེས་ཡིན། དེ་ཡང་ཕྲན་གྱིས་ལོ་མང་རིང་བོན་དང་འབྲེལ་བའི་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱས་པའི་བརྒྱུད་རིམ་ནང་ཞང་ཞུང་ལ་དོ་སྣང་ཆེན་པོ་བྱུང་བ་དང་ཞང་ཞུང་དེ་བོད་ཀྱི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་ཡ་གྱལ་ཡིན་པས། དེ་ནི་བོད་ཀྱི་གནའ་བོའི་ལོ་རྒྱུས་ཀྱི་གྲུབ་ཆ་མེད་དུ་མི་རུང་བ་ཞིག་ཡིན་པ་ངོས་འཛིན་གསལ་བོར་བྱུང་། ཞང་ཞུང་ཞིབ་འཇུག་བྱེད་རྒྱུ་དེས་བོད་ཀྱི་ལོ་རྒྱུས་ཧྲིལ་པོར་གནོད་འཚེ་ཡོང་གི་ཡོད་པར་བསམ་ན་ཤིན་ཏུ་དགོད་བྲོ་བའི་བསམ་བློ་གཏོང་སྟངས་ཤིག་རེད། ཕྲན་གྱིས་བལྟས་ན་དེ་ནི་དེ་ལས་ལྡོག་སྟེ་ཞང་ཞུང་ཞིབ་འཇུག་ཡག་པོ་བྱུང་ན་བོད་ཀྱི་ལོ་རྒྱུས་ཀྱི་ཆུ་འགོ་སྔར་ལས་ཇེ་རིང་དང་གཏིང་ཟབ་ཏུ་འགྲོ་རྒྱུར་ཕན་ངེས་རེད། ཞང་ཞུང་དེ་བོད་ཀྱི་ལོ་རྒྱུས་ཧྲིལ་པོའི་གྲུབ་ཆ་ཞིག་ཡིན་པ་དེང་སྐབས་གསར་ཏུ་བསྐྲུན་པའི་ཤོད་སྟངས་ཤིག་རྩ་བ་ནས་མ་ཡིན་པར་དེ་ནི་ལོ་ངོ་སྟོང་ཕྲག་གོང་གི་ལོ་རྒྱུས་ཡིག་ཆ་ལས་ར་སྤྲོད་བྱས་ཟིན་པའི་གནས་ཚུལ་ཞིག་རེད། བར་དེར་གྲུབ་མཐའི་ཕྱོགས་ཞེན་དང་ཚན་རིག་གི་ཤེས་ཚད་དམན་པ་དང་ལོ་རྒྱུས་ཀྱི་ལྟ་གྲུབ་ཡང་དག་མེད་པ་བཅས་ཀྱིས་རྐྱེན་པས་ཞང་ཞུང་གི་ལོ་རྒྱུས་ལ་མཐོང་ཆེན་དེ་ཙམ་བྱུང་མེད་པས་ཞང་ཞུང་ལབ་པ་ཙམ་གྱིས་དེ་ནི་བོད་ཀྱི་ལོ་རྒྱུས་ལས་གཞན་པ་ཞིག་ཡིན་པར་ངོས་འཛིན་གནང་ནས་དེ་ལ་ཞིབ་འཇུག་དང་དོ་སྣང་ཆེ་དྲག་ན་བོད་ཧྲིལ་པོའི་ལོ་རྒྱུས་ལ་ཁ་ཐོར་ཡ་ཐོར་ཏུ་འགྲོ་བའི་ཉེན་ཁ་ཡོད་པར་ཤོད་ཀྱི་ཡོད། དྲང་པོར་བཤད་ན་མི་རིགས་དང་རྒྱལ་ཁབ་ཇི་འདྲ་ཞིག་ཡིན་རུང་དེའི་ལོ་རྒྱུས་ནི་གཙང་པོ་ཆེན་པོ་འདྲ་བར་ཐོག་མ་ཉིད་ནས་ལྷོང་དུ་འབབ་པའི་ཆུ་ཆེན་ཞིག་མ་ཡིན་པར་དེ་ནི་ཆུ་ཕྲན་མང་པོ་འདུས་ནས་རིམ་བཞིན་ཇེ་ཆེར་ཕྱིན་པ་ཞིག་ཡིན་དགོས། དེ་ཡང་གཙང་པོ་ག་ཚོད་ཆེ་བ་དེ་ཚོད་ཀྱིས་ཆུ་རྒྱུན་རིང་བ་དང་དེ་ཚོད་ཀྱིས་ཆུ་ཕྲན་མང་བ་འདུས་ཡོད། གལ་ཏེ་གཙང་པོ་ཞིག་ལ་ཆུ་ཕྲན་སྣ་ཚོགས་མེད་ན་གཙང་པོ་དེ་ཡང་དེ་ཙམ་གྱིས་ཆེན་པོ་དང་གྲགས་ཆེ་བ་ཞིག་ཡོང་ཐབས་མེད། རྒྱུ་མཚན་དེ་འདྲ་ཞིག་གིས་ང་ཚོར་ཞང་ཞུང་ཞིབ་འཇུག་ལ་དགོས་ངེས་ཀྱི་མཐོང་ཆེན་དང་རན་ཚོད་ཀྱི་བྱ་སྤྱོད་སྤེལ་དགོས་པ་དུས་ལ་བབ་ཅིང་གནད་ལ་འཁེལ་ཡོད་པ་ར་སྤྲོད་བྱེད་བཞིན་ཡོད། སྐབས་འདིར་ཕྲན་གྱིས་ཞང་ཞུང་ཞིབ་འཇུག་བྱེད་པ་ལ་དང་ཐོག་དོ་སྣང་བྱེད་དགོས་པའི་གནད་འགའ་ཞིག་གྲོས་བསྡུར་གྱི་ཚུལ་དུ་ངོ་སྤྲོད་ཕྲན་ཙམ་ཞུས་ན་སྙམ།

དང་པོ། ཞང་ཞུང་དང་ཞང་ཞུང་གི་ཤེས་རིག་སྤྱི་ཁོག

ཞང་ཞུང་ཞེས་པ་ནི་གནའ་སྔ་མོའི་ཞང་ཞུང་སྐད་ཀྱི་སྒྲ་བསྒྱུར་ཡིན་པས་བོད་སྐད་དུ་ཁྱུང་ཡུལ་ཞེས་པའི་དོན་ཡིན་པར་བོན་གྱི་ཡིག་ཆ་ལས་གསལ། ཁྱུང་ནི་གནའ་རབས་ཞང་ཞུང་ཡུལ་དུ་དར་བའི་བྱ་རིགས་ཁྱད་དུ་འཚར་བ་ཞིག་གི་མིང་ཡིན་པ་དང་བྱ་རིགས་དེ་ཞང་ཞུང་ཡུལ་དུ་གྲགས་ཆེ་བས་ཡུལ་དེའི་རྒྱལ་པོ་རྣམས་ཀྱིས་ཀྱང་སོ་སོའི་དབང་ཐང་དང་སྟོབས་འབྱོར་མཚོན་པའི་ཆེད་དུ་རྒྱལ་པོའི་དབུ་ཞྭའི་སྟེང་དུ་བྱ་ཁྱུང་གི་རྭ་ཅོའི་རྒྱན་སྤྲོད་སྲོལ་དར་བས་དེ་ལ་ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་ཟེར། ཞང་ཞུང་ཞེས་པ་ཐོག་མར་ཡུལ་ཆུང་ཆུང་ཞིག་གི་མིང་ཡིན་པ་དེ་ནི་བོད་སྤྱིའི་ཁོངས་ཀྱི་ཡུལ་ཕྲན་མང་པོའི་ཁྲོད་ཀྱི་གཅིག་ཡིན་པ་དང་རྗེས་སུ་སྟོབས་ཤུགས་ཅུང་ཆེ་རུ་ཕྱིན་ནས་བོད་ཀྱི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་ཡ་གྱལ་ཞིག་ཏུ་གྱུར། རྒྱལ་ཕྲན་དེ་དག་གི་ནང་ནས་ཀྱང་རྒྱལ་ཕྲན་གཉིས་གཞན་ལས་སྟོབས་ཤུགས་ཆེ་བར་གྱུར་བ་ནི་དབུས་གཙང་ཕྱོགས་སུ་སྤུ་རྒྱལ་ཞེས་པའི་རྒྱལ་ཕྲན་དེས་གཡས་གཡོན་གྱི་ཡུལ་ཕྲན་རྣམས་དབང་དུ་བསྡུས་ནས་སྤུ་རྒྱལ་བཙན་པོའི་རྒྱལ་རབས་བཙུགས། སྟོད་ཕྱོགས་དང་བྱང་ཕྱོགས་སུ་ཞང་ཞུང་རྒྱལ་པོས་རང་གི་གཡས་གཡོན་གྱི་རྒྱལ་ཕྲན་དབང་དུ་བསྡུས་ནས་ཞང་ཞུང་རྒྱལ་རབས་བཙུགས། སྐབས་དེར་བོད་ས་མཐོའི་སྒང་དུ་རྒྱལ་ཕྲན་སིལ་མ་བཅུ་གཉིས་རྣམས་རྒྱལ་ཕྲན་ཆེ་བ་གཉིས་ཀྱི་དབང་དུ་བསྡུས་ནས་རྒྱལ་རབས་ཆེ་བ་གཉིས་སུ་ཆགས། དེའི་ནང་དུ་གཅིག་ནི་སྤུ་རྒྱལ་བཙན་པོའི་རྒྱལ་རབས་དང་གཅིག་ཤོས་ནི་ཞང་ཞུང་སྲིད་པའི་རྒྱལ་པོའི་རྒྱལ་རབས་ཡིན། དེ་ཡང་ཞང་ཞུང་རྒྱལ་པོའི་མངའ་ཁོངས་ནི་བོད་ས་མཐོའི་ནུབ་བྱང་གི་ས་ཁུལ་རྣམས་དང་ཡ་གླིང་དཀྱིལ་མའི་ས་ཆ་ཕལ་ཆེ་བ་ཚུད་ཡོད། རྒྱ་ཡིག་ཡིག་ཚང་ལས་གསལ་བ་ལྟར་ན་ཞང་ཞུང་ལ་ཆེ་ཆུང་གཉིས་སུ་ཕྱེས་ཡོད་པ་སྟེ། བོད་ལྗོངས་སྐྱིད་རོང་རྫོང་ཁོངས་སུ་ཡོད་པའི་ཨ་བ་རྒྱ་ཡིག་ཅེས་པའི་བྲག་བརྐོས་ཡི་གེ་དེའི་ནང་དུ་ཐང་རྒྱལ་རབས་ཀྱི་ཕོ་ཉ་ཝང་ཞོན་ཚེ་ཡིས་དབྱར་ཟླ་ལྔ་པར་ཞང་ཞུང་ཆུང་བའི་ནུབ་ཏུ་འབྱོར་1ཞེས་བཀོད་པའི་ཡི་གེ་ལོ་ངོ་སྟོང་ཕྲག་གཅིག་དང་སུམ་བརྒྱའི་རྗེས་ཀྱི་ད་ལྟའི་བར་ཏུ་ཁྲ་ལམ་མེར་ང་ཚོའི་མཐོང་ལམ་ཏུ་གྱུར་བ་ནི་ལོ་རྒྱུས་དཔྱད་ཡིག་གལ་ཆེན་ཞིག་རེད། དེའི་མ་ཚད་རྒྱ་ཡི་ཡིག་ཚང་གྲགས་ཅན་ཡིག་ཚགས་རུས་སྦལ་ཆེན་མོ་ལས་ཞང་ཞུང་རྒྱལ་ཁབ་ཀྱི་ཤར་དུ་སྤུ་རྒྱལ་དང་ནུབ་ཏུ་ཞང་ཞུང་ཆུང་བ་དང་། བྱང་དུ་ལི་ཡུལ་དང་ཤར་ནུབ་རིང་ཚད་ལེ་དབར་སྟོང་ཕྲག་དང་དམག་དཔུང་ཁྲི་བརྒྱད་དགུ་ཡོད་2ཅེས་འཁོད་པར་གཞིག་ན་ཞང་ཞུང་རྒྱལ་རབས་སྟོབས་འབྱོར་ཆེ་སྐབས་མངའ་ཁོངས་རྒྱ་ཆེ་ལ་དམག་ཤུགས་བཙན་པའི་རྒྱལ་རབས་ཤིག་ཡོད་པར་མངོན། དེ་བཞིན་ཡོ་རུབ་ཀྱི་བོད་རིག་པའི་མཁས་དབང་ཏོད་ཆིས་ཀྱིས་སྤུ་རྒྱལ་བཙན་པོའི་རྒྱལ་རབས་ཆེན་པོ་མ་བཙུག་གོང་དུ་ཞང་ཞུང་ནི་རྒྱལ་རབས་ཆེ་བ་ཞིག་ཡིན། དེ་དང་རྒྱ་གར་གྱི་ཧི་མ་ལ་ཡ་དང་འབྲེལ་ཡོད་པ་མ་ཟད་དེས་ལ་དྭགས་དབང་དུ་བསྒྱུར་བ་མ་ཚད་དེ་ནས་ནུབ་ཕྱོགས་སུ་སྤལ་ཏི་དང་ལི་ཡུལ་སོགས་ལ་དབང་ཤེད་བསྐྱེད་ཡོད་སྲིད་། དེ་བཞིན་དེའི་སྟོབས་ཤུགས་རྒྱ་ཆེ་བའི་བྱང་ཐང་མཐོ་སྒང་དུ་ཡང་རྒྱ་བསྐྱེད་བྱས་ཡོད།3 མདོར་ནས་བཤད་ན་དེའི་ཁྱབ་ཁོངས་བོད་ཀྱི་ནུབ་ཕྱོགས་དང་བྱང་ཕྱོགས་དེ་བཞིན་ཤར་ཕྱོགས་བཅས་ཚུད་ཡོད། གོང་གསལ་ཤོད་སྟངས་དེ་དག་བོན་གྱི་ཡིག་ཆ་ལས་གསལ་བའི་ཞང་ཞུང་སྐོར་གྱི་ཤོད་ཚུལ་དང་ཤིན་ཏུ་འདྲ་པོ་ཡོད་པས་བོན་གྱིས་གསུང་བཞིན་པའི་ཞང་ཞུང་སྒོ་ཕུགས་བར་གསུམ་ཞེས་པ་དེ་ལ་སྔར་བཞིན་ཞིབ་འཇུག་དང་དཔྱད་གཞིའི་རིན་ཐང་ཆེན་པོ་ཡོད། དེ་ཡང་བོན་གྱིས་གསུང་བའི་ཞང་ཞུང་སྒོ་པ་ནི་བྱང་ཐང་སྨད་དང་དེ་བཞིན་དེང་སྐབས་ཀྱི་ཆབ་མདོའི་སྟེང་ཆེན་མངའ་ཁོངས་རྣམས་ཚུད་པ་དང་། ཞང་ཞུང་ཕུགས་པ་ནི་སྟོད་མངའ་རིས་དང་དེ་བཞིན་དེའི་ནུབ་ཕྱོགས་ཀྱི་ལ་དྭགས་དང་སྤལ་ཏི་སོགས་ཚུད་པའི་མངའ་ཁོངས་རྣམས་ཡིན་པ་དང་། ཞང་ཞུང་བར་བ་ནི་དེང་གི་ནག་ཆུ་ས་ཁུལ་གྱི་ས་ཆ་ཕལ་ཆེ་བ་རྣམས་ཡིན་པར་གསུང་ཡོད། དེ་ཡང་ཞང་ཞུང་སྒོ་པའི་ལྟེ་གནས་ཀྱི་མཁར་ནི་ཁྱུང་པོ་རི་རྩེ་དྲུག་གི་ཤེལ་ལེ་རྒྱ་གར་ཞེས་པ་དེ་ཡིན་པ་དང་། ཕུགས་པའི་ལྟེ་གནས་མཁར་ནི་སྟོད་ཀྱི་ཁྱུང་ལུང་དངུལ་མཁར་ཞེས་པ་དེ་ཡིན་པ་དང་། ཞང་ཞུང་བར་བའི་ལྟེ་གནས་མཁར་ནི་དྭངས་ར་ཁྱུང་རྫོང་ཞེས་པ་དེ་ཡིན་པར་བཤད་ཡོད།

ཞང་ཞུང་གི་ཤེས་རིག་ནི་གཡུང་དྲུང་བོན་གཙོ་བོར་བྱས་པའི་བོད་ལ་ས་སྐྱེས་རྡོ་སྐྱེས་སུ་བྱུང་བའི་རིག་གནས་རྣམས་ཡིན། དེ་ལ་གྲངས་ཀྱིས་མི་ལང་བའི་ཡུལ་ལྷའི་གསོལ་མཆོད་ཆོ་ག་གཙོས་པའི་སྲིད་པའི་བོན་དང་དེ་བཞིན་རྫོགས་པ་ཆེན་པོའི་བོན་གཙོས་པའི་གཡུང་དྲུང་བོན་གྱི་གཞུང་ལུགས་བཅས་ཁག་གཉིས་ལས་གྲུབ་ཡོད། ཞང་ཞུང་ལ་སྐད་རིགས་མི་འདྲ་བ་མང་པོ་ཡོད་པའི་ནང་ནས་ཞང་ཞུང་སྨར་གྱི་སྐད་དེ་ཅུང་ཁྱབ་ཆེ་བ་དང་དེ་ལ་བསྟུན་པའི་ཞང་ཞུང་སྨར་ཡིག་ཞིག་ཀྱང་ཡོད་པར་བོན་དཔེ་རྣམས་ལས་གསུང་ཡོད། ལོ་ངོ་སྟོང་ཕྲག་ཡན་བརྒལ་བའི་སྨར་ཡིག་ལས་བྲིས་པའི་དཔེ་ཆ་ད་ལྟའི་བར་དུ་མཐོང་རྒྱུ་མེད། འོན་ཀྱང་མ་མཐོང་བས་མེད་པར་མ་ཁྱབ་པས་དཔྱད་པའི་རྒྱུ་རུ་ལུས།

དེང་གི་མངའ་རིས་ས་ཁུལ་དང་ནག་ཆུ་ས་ཁུལ་སོགས་སུ་ཁྱབ་པའི་བྲག་བརྐོས་རི་མོ་དང་དེ་བཞིན་མོན་དུར་དུ་གྲགས་པའི་གནའ་སྔ་མོའི་དུར་ས་རྣམས་ནི་ཞང་ཞུང་གནའ་བོའི་རིག་གནས་ཤུལ་བཞག་ཡིན་པ་ཐེ་ཚོམ་མེད། དེའི་མ་ཚད་མངའ་རིས་དང་ནག་ཆུའི་ས་སྟོང་ལུང་ཀྱོག་མང་པོར་མཁར་རྙིང་མནའ་ཤུལ་མང་པོ་མཐོང་རྒྱུ་ཡོད་པ་ཡང་ཞང་ཞུང་རྒྱལ་རབས་དུས་ཀྱི་ཤུལ་བཞག་ཡིན་པར་གོ་དགོས་སོ།།

གཉིས་པ། ཁྱུང་ལུང་དངུལ་མཁར་གནའ་ཤུལ་གང་ཡིན་ངོས་འཛིན་པ།

ཞང་ཞུང་དེ་ཉིད་གནའ་བོའི་དུས་ཀྱི་རྒྱལ་རབས་གལ་ཆེན་ཞིག་ཡིན་པའི་ངོས་ནས་བཤད་ན། དེ་ལ་རང་གི་གནའ་མཁར་གལ་ཆེན་མང་པོ་བརྩེགས་ཡོད་པའི་ཁྲོད་ནས་གྲགས་ཆེ་ཤོས་ནི་ཁྱུང་ལུང་དངུལ་མཁར་དུ་འབོད་པ་དེ་ཡིན། དེ་ནི་ལོ་རྒྱུས་དེབ་ཐེར་ཙམ་མ་ཟད་དེང་གི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་པས་ཀྱང་ཁས་ལེན་པའི་དངོས་ཡོད་གནས་ཚུལ་ཞིག་ཆགས་ཡོད། ང་ཚོའི་མིག་ལམ་དུ་གྱུར་བའི་ཁྱུང་ལུང་དངུལ་མཁར་ཞེས་པའི་མིང་དེ་ཡིག་ཐོག་ཏུ་བཀོད་པ་སྔ་ཤོས་ནི་ལོ་ངོ་ཆིག་སྟོང་སྔོན་རོལ་དུ་བྲིས་པའི་ཏུན་ཧོང་གཏེར་ཡིག་དེ་རེད། དེ་ནི་སྲོང་བཙན་སྒམ་པོའི་སྲིང་མོ་སད་མར་ཀར་ཞང་ཞུང་རྒྱལ་པོའི་མནའ་མར་བརྫངས་རྗེས་སྟོད་ཞང་ཞུང་ནས་དབུས་སྤུ་རྒྱལ་བཙན་པོ་ལ་བཏང་བའི་མགུར་གླུའི་ནང་དུ་ཐོན་ཡོད། མ་ཡིག་འདི་ལྟ་སྟེ། ཡུལ་གྱི་སྐལ་པོག་པ། ཁྱུང་ལུང་ནི་རྔུལ་མཁར་ཞིག། མུ་སུ་ནི་གཞན་ན་རེ།། པྱི་བལྟས་ནི་ངམ་དང་བྲག། ནང་བལྟས་ནི་གསེར་དང་དབྱིག།4 ཅེས་སོ།། ཚིག་དུམ་འདི་ལ་ཕྱིས་ཀྱི་ཏུན་ཧོང་གཏེར་ཡིག་ཞིབ་འཇུག་གནང་མཁན་གྱི་མཁས་པ་ཚོས་རྒྱ་ཡིག་ལ་བསྒྱུར་ནས་ཁྱུང་ལུང་དངུལ་མཁར་ཞིབ་འཇུག་བྱེད་ཆེད་ཀྱི་དཔྱད་ཡིག་གལ་ཆེན་ཞིག་ཆགས་ཡོད། སྟབས་མ་ལེགས་པ་ཞིག་ལ་རྒྱ་ཡིག་ལ་བསྒྱུར་སྐབས་མ་ཡིག་དེ་ནང་མ་འཁོད་པ་འགའ་གསར་དུ་བསྣན་ཡོད་པས་མ་ཡིག་གི་ནང་དོན་ལ་འགྱུར་བ་ཅུང་ཙམ་ཕྱིན་ཡོད། མ་ཡིག་དུམ་བུ་འདི་ལས་ང་ཚོའི་ཤེས་རྟོགས་ཐུབ་པ་ནི་ཁྱུང་ལུང་དངུལ་མཁར་ཞེས་པ་དེ་ཕྱི་ནས་བལྟས་ན་བྲག་རི་འདྲ་བ་དང་ནང་ནས་བལྟས་ན་རིན་ཆེན་གསེར་དངུལ་གྱིས་བརྒྱན་པའི་མཁར་ཞིག་རེད། དེ་ལ་ཞིབ་འཇུག་པ་མང་དག་ཞིག་གིས་ཁྱུང་ལུང་དངུལ་མཁར་ཞེས་པའི་མིང་དེ་མཁར་དེའི་ཕྱི་ཡི་ཁ་མདོག་དངུལ་ལྟར་དཀར་པོ་ཡོད་པ་དང་དབྱིབས་ནི་བྱ་རྒྱལ་ཁྱུང་གི་དབྱིབས་ལྟར་ཡོད་པ་ཞིག་ཡིན་པས་དེ་ནི་ད་ལྟའི་ཁྱུང་ལུང་གྲོང་ཚོ་ཡོད་སའི་ཁྱུང་རྩེ་ཞེས་པའི་རི་དེ་ཡིན་ཞེས་ཤོད་ཀྱི་ཡོད། དོན་དངོས་ཐོག་དེ་འདྲའི་སྟབས་བདེ་པོ་ཞིག་གཏན་ནས་མ་ཡིན། ཁྱུང་ལུང་ཞེས་པ་ནི་གླང་ཆེན་གཙང་པོ་རྒྱུད་ཁུལ་གྱི་ལུང་པ་ཕུ་ཐག་རིང་པོ་ཞིག་གི་མིང་ཡིན་པས་དེ་ནི་ལུང་པ་ཧྲིལ་པོ་དེ་ལ་གོ་དགོས་པ་ལས་གྲོང་ཚོ་ཆུང་ཆུང་གཅིག་ཙམ་ལ་གོ་རྒྱུ་མ་ཡིན། ཁྱུང་ལུང་ནང་དུ་ཞིབ་ཕྲའི་ས་མིང་མང་པོ་ཡོད་པ་དེ་ཚོའི་ནང་དུ་མཁར་གདོང་ཞེས་པའི་ས་ཆ་དེ་ཡང་ཚུད་ཡོད། དུས་རབས་བཅུ་གཉིས་ནང་གཏེར་ནས་ཐོན་པའི་བོན་གྱི་རྫོགས་ཆེན་གླེགས་བམ«ཨ་དཀར་འཕྲུལ་གྱི་ལྡེ་མིག་དགུ་སྐོར»ཞེས་པའི་དཔེ་རྙིང་ཞིག་གི་ནང་དུ་ཁྱུང་ལུང་དངུལ་མཁར་གྱི་སྐོར་ལ་འདི་ལྟར་བཀོད་ཡོད་པ་སྟེ། སྤྱིར་ཞང་ཞུང་གི་ཡུལ། དགོས་སུ་ཁྱུང་པོའི་ལུང་པ། རྒྱལ་བའི་མཁར་ལ། ནང་མུ་མེན་དངུལ་གྱི་ཀ་བཞི་བཙུག་པའི་མཁར།5ཞེས་པ་ལས་ཁྱུང་ལུང་དངུལ་མཁར་ཞེས་པ་དེ་མཁར་གྱི་ཁ་མདོག་དངུལ་ལྟ་བུ་ཡོད་པ་ལ་མ་ཡིན་པར་མཁར་དེའི་གྲུབ་ཆ་ལ་དངུལ་དང་མུ་མེན་སོགས་རྒྱུ་རིན་པོ་ཆེ་ལས་གྲུབ་པར་ཡིན་པའི་ཆ་ནས་བཏགས་པར་མངོན།

དེ་ནི་ཏུན་ཧོང་གཏེར་ཡིག་ལས་ནང་ལྟར་ན་གསེར་དང་དབྱིག་ཅེས་པའི་ཚིག་དུམ་དང་ཤིན་ཏུ་འདྲ་པོ་ཡོད། སྐྱེ་བོ་འགའ་ཞིག་གིས་ཁྱུང་ལུང་དངུལ་མཁར་ཞེས་པའི་མིང་དེ་མཁར་ཕྱི་ཡི་ཁ་མདོག་དངུལ་ལྟ་བུ་དཀར་པོ་ཡིན་པས་རེད་ཅེས་པའི་ཤོད་ཚུལ་དེ་ལ་རྒྱུ་མཚན་ཡོད་པར་མ་མཐོང་། དེ་ལ་སྒྲུབ་བྱེད་ཁུངས་བཙན་གང་ཡང་མེད་གཙོ་བོ་ནི་ད་ལྟའི་ཁྱུང་ལུང་གྲོང་ཚོ་ཡོད་སའི་རྒྱབ་རི་དཀར་པོ་དངུལ་མདོག་ཅན་དེ་ལ་བལྟས་ནས་གང་བསམ་དེ་དྲན་བཤད་པ་ལས་གཞན་གང་ཡང་མ་ཡིན། དེ་ནི་ད་ལྟའི་མི་རྣམས་ཀྱིས་དེང་སྐབས་ཀྱི་གནས་སྟངས་དང་ས་གཤིས་ལ་གཞིག་ནས་ལོ་ངོ་ཆིག་སྟོང་ལྷག་གི་སྔོན་རོལ་གྱི་གནས་བབ་ལ་ཚོད་དཔག་བྱས་པ་ཞིག་ཡིན་པས་དེ་ལ་ཡིད་ཆེས་སུ་རུང་བའི་བསྒྲུབ་བྱེད་བརྟན་པོ་མེད། དེ་ལས་ང་ཚོའི་ལོ་ངོ་སྟོང་ལ་ཉེ་བའི་དུས་ནས་བྲིས་པའི་ཡིག་ཚགས་རྙིང་པ་རྣམས་ལ་གཞི་བཅོལ་ནས་དེའི་སྟེང་དུ་དེང་རབས་མཚན་རིག་ཞིག་འཇུག་གི་འབྲས་བུ་དང་བསྟུན་ནས་དཔྱད་ན་གཞི་ནས་དངོས་ཡོད་ཀྱི་ཞིབ་འཇུག་འབྲས་བུ་ཞིག་ཐོན་ངེས་རེད།

འོ་ན་ཁྱུང་ལུང་དངུལ་མཁར་ཞེས་པའི་ཞང་ཞུང་གནའ་མཁར་དེ་ཡང་སྙིང་གང་དུ་ཡོད་སྙམ་ན། དེ་ནི་དེང་སྐབས་བོན་གྱི་དགོན་པ་གུ་རུ་གྱམ་ཡོད་སའི་ཤར་ཕྱོགས་ཀྱི་རི་མཁར་གདོང་ཟེར་བ་དེ་རུ་ཡིན་ངེས། དེའི་རྒྱུ་མཚན་གཙོ་བོ་བོན་གྱི་ལོ་རྒྱུས་ཡིག་ཆ་ཙམ་མ་ཡིན་པར་དེང་སྐབས་གནའ་རྫས་རྟོག་ཞིབ་རིག་པའི་ཞིབ་འཇུག་འབྲས་བུ་ལས་ཀྱང་ར་སྤྲོད་གསལ་པོ་བྱེད་ཐུབ་པ་གཤམ་ནས་རིམ་བཞིན་ར་སྤྲོད་ཞུས་ཡོད། ཁྱུང་ལུང་མཁར་གདོང་དེ་ཞང་ཞུང་དུས་རབས་ནས་ད་ལྟའི་བར་དུ་གཡུང་དྲུང་བོན་གྱི་མཁས་གྲུབ་རྣམས་ཀྱིས་བོན་གྱི་གདན་ས་རྩ་ཆེན་དང་ཞང་ཞུང་རྒྱལ་རབས་ཀྱི་རྒྱལ་ས་ཡིན་པ་མི་རབས་ནས་མི་རབས་བར་མཚམས་མ་ཆད་པར་ལོ་རྒྱུས་རྒྱུན་བསྲིངས་ནས་བསྡད་ཡོད་པ་ནི་སྔོན་བྱོན་མཁས་གྲུབ་རྣམས་ཀྱི་རྣམ་ཐར་ཡིག་ཆ་ལས་མངོན་ཐུབ། དེ་ལ་དང་ཐོག་དེང་རབས་ཀྱི་ཚན་རིག་ཞིབ་འཇུག་གི་འབྲས་བུ་གང་འདྲ་ཡོད་མེད་ཞིག་བལྟས་ན་སྙམ།

གསུམ་པ། ཁྱུང་ལུང་དངུལ་མཁར་དང་དེའི་ཉེ་སྐོར་གྱི་གནའ་ཤུལ།

ཁྱུང་ལུང་དངུལ་མཁར་དེ་ཉིད་ཞང་ཞུང་རྒྱལ་རབས་ཀྱི་རྒྱལ་པོའི་མཁར་རྫོང་ཆེ་ཤོས་ཤིག་ཡིན་པའི་ཆ་ནས་དེ་ནི་སྐབས་དེའི་བོད་མཐོ་སྒང་གི་ཆབ་སྲིད་དང་དཔལ་འབྱོར་དང་རིག་གནས་དང་དམག་དཔུང་གི་ལྟེ་གནས་ཤིག་ཡིན་པས། དེ་ལ་མཁར་རྫོང་དེ་ཉིད་ཀྱི་ཤུལ་ཙམ་མ་ཟད་དེའི་གཡས་གཡོན་གང་སར་ལོ་རྒྱུས་རིན་ཐང་ལྡན་པའི་གནའ་རྫས་རིག་དངོས་མང་པོ་ཞིག་ཡོད་ངེས་རེད། ཉེ་བའི་ལོ་ཤས་ནང་བོད་ཀྱི་མངའ་རིས་ས་ཁུལ་དུ་གནའ་རྫས་རྟོག་ཞིབ་བྱ་བཞག་ལ་གྲུབ་འབྲས་མི་དམན་པ་ཐོབ་ཡོད། དེ་ནི་བོད་གཅིག་པུའི་ལས་དོན་མ་ཡིན་པར་རྒྱལ་ནང་གི་གནའ་རྫས་རྟོག་ཞིབ་མི་སྣ་དང་ཚན་པ་མང་པོའི་མཉམ་སྡེབ་ཀྱི་ཞིབ་འཇུག་འབྲས་བུ་ཞིག་རེད། ང་ཚོའི་ཚོད་དཔག་དང་རེ་བ་ནང་བཞིན་ཁྱུང་ལུང་དངུལ་མཁར་གྱི་གནའ་ཤུལ་གཡས་གཡོན་དུ་གནའ་ཤུལ་རིག་དངོས་གྱ་ནོམ་པ་ཐོན་ཡོད་པ་ནི་བསམ་ཡུལ་ལས་འདས་པ་ཞིག་དང་སེམས་གཏིང་ནས་དགའ་འོས་པའི་གནས་ཚུལ་ཞིག་རེད།

༡༽ ཁྱུང་ལུང་དངུལ་མཁར་གནའ་ཤུལ།

ཐོག་མར་གཡུང་དྲུང་བོན་གྱི་དེབ་ཐེར་ལ་གཞིག་ན་མི་ལོ་ཉིས་བརྒྱ་ལྷག་གི་སྔོན་རོལ་དུ་གྲུབ་དབང་བསྟན་འཛིན་རིན་ཆེན་གྱིས་ཁོང་གི«གངས་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག»ནང་དུ་ཁྱུང་ལུང་མཁར་གདོང་ནི་ཁྱུང་ལུང་དངུལ་མཁར་གྱི་གནའ་ཤུལ་ཡིན་པར་གསུངས་ཡོད། གནའ་ཤུལ་དེ་བོན་གྱི་བླ་མ་དང་གྲུབ་ཐོབ་རིམ་བྱོན་གྱིས་མི་རབས་ནས་མི་རབས་བར་མཚམས་མ་ཆད་པར་ཞང་ཞུང་དང་འབྲེལ་བའི་བོན་གྱི་གདན་ས་རྩ་ཆེན་ཡིན་པར་ངོས་འཛིན་བྱེད་པ་མ་ཟད་དེ་ལས་ཐོན་པའི་རིག་དངོས་རྣམས་མི་རབས་ནས་མི་རབས་བར་རྒྱུད་སྤེལ་བྱས་ཡོད་མོད། འོན་ཀྱང་བོན་གྱི་གྲུབ་མཐའ་དང་འབྲེལ་བའི་ལོ་རྒྱུས་མང་ཆེ་སྣང་མེད་དུ་བཞག་པས་གནའ་ཤུལ་དེ་ཡང་ལོ་རྒྱུས་ཀྱི་ཐལ་རྡུལ་ཁྲོད་དུ་འཕྲོ་བརླག་འགྲོ་ལ་ཉེ། ཉེ་ཆར་ཚན་རིག་ཞིབ་འཇུག་གི་བྱ་བ་རིམ་བཞིན་ཁྱབ་བརྡལ་དུ་ཕྱིན་པ་དང་སྦྲགས་གནའ་རྫས་རྟོག་ཞིབ་ཀྱི་བྱ་བཞག་ཡང་བོད་ས་མཐོའི་སྒང་དུ་དར་སྤེལ་བྱུང་བས་ལོ་རྒྱུས་ཞིབ་འཇུག་གི་བྱ་བའི་གནས་བབ་ལ་འགྱུར་ལྡོག་འགྲོ་བཞིན་ཡོད། རྣམ་པ་གསར་པ་དེས་བོད་ཀྱི་གནའ་སྔ་མོའི་ལོ་རྒྱུས་ཞིབ་འཇུག་ལ་ཕན་ནུས་ཆེན་པོ་ཐོན་བཞིན་ཡོད། དཔེར་ན་བོད་ལྗོངས་རིག་དངོས་ཅུད་དང་སི་ཁྲོན་སློབ་གླིང་ཆེན་མོའི་གནའ་རྫས་རྟོག་ཞིབ་ཚན་པ་གཉིས་ལྷན་དུ་སྤྱི་ལོ2004ལོའི་དབྱར་དུས་ཟླ་བ་གཉིས་རིང་ལ་ཁྱུང་ལུང་མཁར་གདོང་གི་གནའ་ཤུལ་ལ་རྟོག་ཞིབ་བྱས་པ་བརྒྱུད་ཚན་རིག་ཞིབ་འཇུག་ཁྱབ་ཁོངས་སུ་ཧང་སང་དགོས་པའི་འབྲས་བུ་ཐོན་ཡོད་པ་སྟེ། གནའ་ཤུལ་དེ་ནི་ད་ལྟའི་བར་དུ་བོད་མཐོ་སྒང་ལ་ཐོན་པའི་གནའ་ཤུལ་རྙིང་ཤོས་དང་གཞི་རྒྱ་ཆེ་ཤོས་ཤིག་ཡིན་པ་ར་སྤྲོད་བྱས་ཡོད། གནའ་ཤུལ་ལས་ཡི་གེ་བྲིས་པའི་དངོས་རྫས་ཐོན་མེད་པས་གནའ་ཤུལ་དེའི་བདག་པོ་གང་འདྲ་ཞིག་ཡིན་མིན་ཤོད་མ་ཐུབ། འོན་ཀྱང་བོན་གྱི་ལོ་རྒྱུས་ཡིག་ཆ་ལས་དེ་ནི་ཞང་ཞུང་རྒྱལ་པོའི་མཁར་ཁྱུང་ལུང་དངུལ་མཁར་ཡིན་པར་གསལ་ཡོད་པས་ད་གཟོད་གཞི་ནས་གནའ་ཤུལ་དེའི་བདག་པོ་སུ་ཡིན་མིན་གསལ་རྟོགས་ཐུབ་པ་བྱུང་ཡོད། ཞིབ་འཇུག་པས་དཔྱད་ཞིབ་བྱས་པ་བརྒྱུད་གནའ་ཤུལ་དེ་ལ་ཕན་ནུས་ཀྱི་སྒོ་ནས་གླིང་བཞི་ལ་དབྱེ་ཡོད། ཐོག་མར་གནའ་ཤུལ་གྱི་གཞི་རྒྱ་རྨི་གྲུ་བཞི་མ་ཁྲི་བཅུ་གཅིག་ལྷག་ཙམ་ཡོད་པ་དང་། གནའ་ཤུལ་དེ་ལ་རྒྱལ་པོའི་མཁར་རྫོང་གི་ཤུལ་ཙམ་མ་ཟད་ཆོས་ལུགས་ཆོ་ག་སྤེལ་སའི་ཁང་མིག་དང་དེ་བཞིན་སེམས་ཅན་བཅུག་སའི་ཕྱུགས་རྭ་དང་། འཐུང་ཆུ་ལེན་སའི་ཆུ་ཡུར། མཁར་རྫོང་སྲུང་སྐྱོབ་བྱེད་པའི་འཛིང་རགས་སོགས་གནའ་སྔ་མོའི་རྒྱལ་རབས་རྙིང་ཁག་གི་རྒྱལ་ས་ལ་ཚང་དགོས་པའི་ཆ་རྐྱེན་ཅི་ཡོད་ཚང་ཡོད་པར་གསལ་རྟོགས་བྱུང་བས། དེ་ནི་ད་ལྟའི་བར་དུ་བོད་མཐོ་སྒང་ལ་མི་ལོ་ཉིས་སྟོང་ཡས་མས་ཀྱི་ལོ་རྒྱུས་ཡོད་ལ་གཞི་རྒྱ་ཆེན་པོ་འདི་འདྲ་ཡོད་པའི་མཁར་ཤུལ་རྙེད་པ་ཐེངས་དང་པོ་ཡིན་པ་དང་གནའ་ཤུལ་ཆེན་པོ་དེ་ནི་བོན་གྱི་ལོ་རྒྱུས་ལས་བཤད་པའི་ཞང་ཞུང་རྒྱལ་ས་ཁྱུང་ལུང་དངུལ་མཁར་ཡིན་ཤས་ཆེ་ཞེས་བཤད་ཡོད།6 དེ་ནི་སྤྱིར་བཏང་གི་ཞིབ་འཇུག་འབྲས་པུ་ཞིག་རྩ་བ་ནས་མ་ཡིན་པར་དེ་ནི་ད་ལྟའི་བར་དུ་ཚན་རིག་བརྟག་དཔྱད་ཀྱི་ལམ་ནས་བོད་ས་མཐོའི་སྒང་ལ་ལོ་ངོ་ཉིས་སྟོང་ཡས་མས་ཀྱི་མཁར་ཤུལ་རྒྱ་ཆེན་རྙེད་པ་དང་པོ་ཡིན་པ་དང་། མཁར་ཤུལ་དེ་ནི་མི་ལོ་ཉིས་སྟོང་རིང་བོད་མི་རང་གིས་ལོ་རྒྱུས་ཀྱི་ཆུ་རྒྱུན་ལས་མ་དོར་བར་མི་རབས་ནས་མི་རབས་བར་གཏམ་རྒྱུད་ཀྱི་ངང་ཚུལ་དུ་རྒྱུད་སྤེལ་བྱས་ནས་བསྡད་པ་ཞིག་ཡིན་པས་དེ་སྔར་བས་མཐོང་ཆེན་དང་ཞིབ་འཇུག་བྱས་ན་རིན་ཐང་ཆེ་བར་སེམས། ཁྱུང་ལུང་དངུལ་མཁར་གྱི་མཁར་ཤུལ་དང་འདྲ་བར་ད་དུང་རིག་དངོས་རྩ་ཆེན་ཐོན་ཡོད་པ་ནི་སྐུ་རྒྱུ་ལི་ལས་གྲུབ་པའི་སྐུ་འདྲ་ཞིག་ཐོན་ཡོད། དེ་ནི་བོད་ཡོངས་སུ་མཐོང་དཀོན་པའི་སྐུ་འདྲ་ཞིག་ཡིན་པ་སྟེ་ནམ་རྒྱུན་གྱི་སྐུ་འདྲ་དང་མི་འདྲ་བར་ཞལ་ལྟག་སྤྲོད་དུ་བཞུགས་པ་ཞིག་ཡོད།

༢༽ ཞང་ཞུང་ཁ་རག་རྡོ་སྐུ།

ཁྱུང་ལུང་དངུལ་མཁར་གནའ་ཤུལ་ལས་རྡོ་སྐུ་ཞིག་ཐོན་ཡོད་པ་དེ་ལ་བོན་གྱི་ལོ་རྒྱུས་དེབ་ཐེར་ནང་དུ་ཁ་རག་རྡོ་སྐུ་ཞེས་འབོད་སྲོལ་ཡོད། རྡོ་སྐུ་དེའི་སྐོར་ལ་བོན་གྱི་ལོ་རྒྱུས་ཡིག་ཆ་དག་ལས་མི་ལོ་བརྒྱ་ཕྲག་མང་པོའི་སྔོན་ནས་གསལ་བཤད་གནང་མྱོང་ཡོད། བོན་པོ་རྣམས་ཀྱིས་རྡོ་སྐུ་དེ་ལ་ཁ་རག་རྡོ་སྐུའམ་ཡང་ན་དྲན་པ་ནམ་མཁའི་རྡོ་སྐུ་རང་བྱོན་ཞེས་བྱིན་ཅན་དུ་བརྩིས་ནས་མངའ་རིས་ཁུལ་དུ་གནས་མཇལ་ལ་ཕྱིན་ན་ངེས་པར་དུ་མཇལ་དངོས་པའི་སྲོལ་ཆགས་ཡོད། དེའི་ཉེ་སྐོར་གྱི་ཡུལ་མི་རྣམ་གྱིས་དེ་ལ་མ་མོ་རྡོ་སྐུ་ཞེས་རྣམ་རྟོག་ལ་བརྩིས་ནས་སྣང་ཆུང་ལ་འཇོག་གི་ཡོད་པས་རྡོ་སྐུ་དེ་ལ་ཉམས་ཆག་ཐེངས་མང་ཤོར་ཡོད་པ་ད་ལྟའི་ཆག་ཧྲུག་གི་རྣམ་པ་དེ་ལས་གསལ། ཕྱི་གླིང་བ་ཞང་ཞུང་ཞིབ་འཇུག་པ་སྐུ་ཞབས་ཇོན་སྦེ་ལེ་ཛ་ཡིས་ཁོང་གི་ཞིབ་འཇུག་དཔྱད་རྩོམ་ཞིག་གི་ནང་དུ་འདི་ལྟར་གསུང་འདུག་པ་སྟེ། ལོ་རྒྱུས་དང་སྒྱུ་རྩལ་རིན་ཐང་ཤིན་ཏུ་ཆེ་བའི་རྡོ་སྐུ་དེ་ལ་བོན་པོ་རྣམས་ཀྱིས་ཁ་རག་རྡོ་སྐུ་རང་བྱོན་ཞེས་འབོད་ཀྱི་ཡོད། རྡོ་སྐུ་དེ་དྲན་པ་ནམ་མཁའི་སྐུ་འདྲ་ཡིན་མིན་ང་ཚོ་ལ་ཁ་ཚོན་གཅོད་ནས་ཤོད་ནུས་པའི་དཔང་རྟགས་མེད་མོད། འོན་ཀྱང་ཤོད་སྲོལ་དེས་ང་ཚོ་ལ་རིན་ཐང་ཡོད་པའི་ཞིབ་འཇུག་ལམ་སྣེ་སྟོན་ཡོད། དཔེར་ན་རྡོ་སྐུ་དེའི་བཟོ་རྩལ་ཁྱད་ཆོས་ལྟ་བུ། དེ་ཉིད་མངའ་རིས་ས་ཁུལ་ནས་ཐོན་པའི་རྡོ་སྐུ་དེའི་ཞལ་རས་ཀྱི་བཟོ་དབྱིབས་ལ་རྒྱ་གར་གནའ་བོའི་རིག་བྱེད་པའི་བཟོ་རྩལ་གྱི་ཤུལ་འགའ་ཤས་མཐོང་རྒྱུ་ཡོད་པ་མ་ཚད་སངས་རྒྱས་ཆོས་ལུགས་དང་བལ་ཡུལ་བྱང་ནུབ་ཁུལ་གྱི་མི་རིགས་རྣམས་ཀྱི་སྒྱུ་རྩལ་གྱི་གྲུབ་ཆ་ཡང་ཡོད། འོན་ཀྱང་རྡོ་སྐུ་དེ་ཉིད་ཀྱི་སྒྱུ་རྩལ་དེ་རིག་གནས་གཞན་དག་གང་གི་ཁོངས་སུ་ཡང་གཏོགས་མེད། དེ་བཞིན་གཞན་ཞིག་ནི་རྡོ་སྐུ་དེ་དྲན་པ་ནམ་མཁའི་རྡོ་སྐུ་རང་བྱོན་ཡིན་ཞེས་པ་དེས་རྡོ་སྐུ་དེ་ཉིད་སངས་རྒྱས་ཆོས་ལུགས་དང་འབྲེལ་བ་མེད་ཚུལ་མཚོན་ཡོད། སྣ་དཔངས་མཐོ་ལ་དཔྲལ་བའི་དཀྱིལ་དུ་སྤྱན་དོད་པ་དབུ་ལ་སྐྲའི་གཙུག་གཏོར་བཅིངས་པ་སོགས་ནི་གནའ་སྔ་མོའི་བོན་གྱི་གྲུབ་ཐོབ་ཀྱི་སྐུ་བརྙན་ཁྱད་ཆོས་རེད། རྡོ་སྐུ་དེའི་སྤྱན་རིས་ནི་བོད་པའི་ཁྱད་ཆོས་ལྡན་པ་ཞིག་རེད།6 ཅེས་གསུང་འདུག་པས་རྡོ་སྐུ་དེ་ལ་དཔོག་པར་དཀའ་བའི་རིན་ཐང་ཡོད་པར་མངོན། ལོ་རྒྱུས་ཀྱི་རླབས་ཕྲེང་ཕྲོད་དུ་འཕར་ཆག་གི་ལས་དབང་འདྲ་མིན་རྒྱུད་ཚར་རྗེས་ད་ལྟ་རྡོ་སྐུ་དེ་ཁྱུང་ལུང་དངུལ་མཁར་གནའ་ཤུལ་དང་འགྱང་ཐག་མི་རིང་བའི་སར་གནས་པའི་བོན་གྱི་དགོན་པ་གུ་རུ་གྱམ་གྱིས་བདག་པོ་སྤྲད་ནས་བསྡད་ཡོད།

སྤྲུལ་སྐུ་བློ་ལྡན་སྙིང་པོ་སྤྱི་ལོ1360ལོར་མདོ་སྟོད་ཁྱུང་པོ་སྟེང་ཆེན་ཁོངས་སུ་སྐུ་འཁྲུངས། སྤྱི་ལོ1406ལོར་འདས། མི་ལོ་བཞི་བཅུ་ཞེ་དྲུག་ཙམ་ལས་བཞུགས་མེད། སྐུ་ཚེ་ཡུན་ཐུང་གི་ནང་དུ་གཡུང་དྲུང་བོན་གྱི་ལོ་རྒྱུས་ཐོག་སྙན་གྲགས་ཆེ་བའི་མཛད་པ་འགའ་ཞིག་གནང་ཡོད། དཔེར་ན་དགུང་ལོ་ཉེར་དྲུག་ཐོག་ལ་སྙན་རྒྱུད་ཀྱི་ཚུལ་ནས«མདོ་དྲི་མེད་གཟི་བརྗིད»པོ་ཏི་བཅུ་གཉིས་ལེའུ་གྲངས་དྲུག་ཅུ་བྱས་པ་དེ་གཏན་ལ་ཕབས། མདོ་དེ་ནི་སྟོན་པ་གཤེན་རབ་ཀྱི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་ཡོད་པའི་ནང་གི་མཛད་མདོ་རྒྱས་པ་དེ་རེད། དེའི་ནང་དུ་སྟོན་པ་གཤེན་རབ་ཀྱི་མཛད་པ་ཙམ་མ་ཟད་གཡུང་དྲུང་བོན་གྱི་ཐེག་པ་རིམ་དགུ་དང་ཆོ་ག་ཕྱག་ལེན་གྱི་ནང་དོན་ཕུན་སུམ་ཚོགས་པའི་དཔེ་ཆ་ཞིག་ཡིན་པས་དེ་ནི་བོན་གྱི་ཤེས་བྱ་ཀུན་འདུས་རེད་ཅེས་ཟེར་ན་མི་ཆོག་པ་གང་ཡང་མེད། སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྣམ་ཐར་པོད་གཉིས་བཞུགས་ཡོད་པ་དེ་ཕལ་ཆེ་བ་དག་སྣང་གི་ལམ་ནས་གངས་ཅན་ལྗོངས་ལ་གནས་སྐོར་ལ་ཕེབས་པའི་གནས་ཡིག་ལྟ་བུ་ཆགས་ཡོད། དེའི་ནང་དུ་གངས་ཅན་ལྗོངས་སུ་གནས་མཇལ་ལ་ཕྱིན་ན་གནས་གཙོ་ཆེ་བ་གསུམ་ངེས་པར་དུ་མཇལ་དགོས་པར་གསུང་ཡོད་པ་སྟེ། ཀོང་པོ་བོན་རི་དང་གཅིག དབུས་ལྷ་སའི་ཇོ་བོ་དང་གཉིས། སྟོད་མངའ་རིས་ཀྱི་ཁ་རག་རྡོ་སྐུ་དང་གསུམ་ཡིན་ནོ།།7

དེའི་ནང་ནས་ཁ་རག་རྡོ་སྐུ་ནི་ཞང་ཞུང་ཁ་རག་གི་ཡུལ་དུ་ཡོད་པའི་རྡོ་སྐུ་སྟེ་ང་ཚོའི་གླེང་བཞིན་པའི་ཁྱུང་ལུང་དངུལ་མཁར་གྱི་དྲན་པའི་རྡོ་སྐུ་དང་དོན་གཅིག་ཡིན་པ་ཕྱིས་ཀྱི་བོན་པོའི་གནས་ཡིག་ཁག་ལས་གསལ།8 དྲན་པ་ནམ་མཁའི་རྡོ་སྐུ་དངོས་སུ་བདག་པོ་བརྒྱབ་ནས་གནས་མཇལ་ཞུ་མཁན་ནི་ག་རྒྱ་ཁྱུང་སྤྲུལ་རིན་པོ་ཆེ་རེད། དེའི་གོང་དུ་མི་རྣམས་ཀྱིས་རྡོ་སྐུ་མཇལ་བ་ཙམ་ལས་དེ་ཉིད་དངོས་སུ་བདག་པོ་སྤྲད་མེད། གང་ཡིན་ཟེར་ན་བར་སྐབས་དུས་རབས་བརྒྱད་དགུའི་རིང་ལ་སྟོད་མངའ་རིས་སུ་བོན་གྱི་སྒྲ་གྲགས་སུ་མི་རུང་བའི་གནས་སུ་གྱར་ཡོད་པས་བོན་དང་འབྲེལ་བའི་སྐུ་གསུང་ཐུགས་རྟེན་ཚང་མ་ཡོངས་བསྒྲགས་བྱེད་མི་ཆོག9 དེར་བརྟེན་དྲན་པའི་རྡོ་སྐུ་ཡང་ལྐོག་ལྐོག་སུད་སུད་མཇལ་བ་ཙམ་ལས་དངོས་སུ་ལྷ་ཁང་བཞེངས་ནས་དེའི་ནང་དུ་གདན་འདྲེན་ཞུ་ནུས་མཁན་བྱུང་མེད། དུས་རབས་ཉི་ཤུ་པའི་དུས་འགོར་ག་རྒྱ་ཁྱུང་སྤྲུལ་རིན་པོ་ཆེ་ཧོར་སྟོད་སྦྲ་ཆེན་ནས་སྟོད་མངའ་རིས་ལ་ཕེབས་ནས་བོན་གྱི་གདན་ས་གུ་རུ་གྱམ་བཞེངས་ནས་ཁྱུང་ལུང་དངུལ་མཁར་གནའ་ཤུལ་ནས་རྙེད་པའི་དྲན་པའི་རྡོ་སྐུ་ལ་ལྷ་ཁང་བཞེངས་ནས་དངོས་སུ་གནས་མཇལ་གྱི་ཡུལ་དུ་གྱུར།

༣༽ གནའ་སྔ་མོའི་དུར་ཁུང་།

ཉེ་བའི་ལོ་ཤས་ནང་ཁྱུང་ལུང་དངུལ་མཁར་གནའ་ཤུལ་གཡས་གཡོན་དུ་སངས་རྒྱས་ཆོས་ལུགས་མ་དར་གོང་གི་རིག་དངོས་གནའ་རྫས་ཀྱི་ཤུལ་མང་པོ་ཐོན་ཡོད་པའི་ཁྲོད་ནས་གུ་རུ་གྱམ་དགོན་པའི་རྒྱལ་སྒོའི་འགྲམ་ནས་ལྟས་དབང་གིས་ཐོན་པའི་གནའ་སྔ་མོའི་དུར་ཁུང་ནི་གལ་ཆེ་ཤོས་ཞིག་རེད། སྤྱི་ལོ2005ལོའི་གུ་རུ་གྱམ་དགོན་པའི་རྒྱལ་སྒོའི་འགྲམ་ནས་ཐོན་པའི་གནའ་བོའི་དུར་ཁུང་དེ་ནི་གནའ་རྫས་རྟོག་ཞིབ་རིག་པས་བོད་ནུབ་ངོས་སུ་ཐོན་པའི་བཙན་པོ་སྲོང་བཙན་སྒམ་པོའི་སྔོན་གྱི་གནའ་རྫས་རིག་པའི་རིག་གནས་འཕེལ་རིམ་སྐོར་སྔར་བྱུང་མ་མྱོང་བའི་འབྲས་བུ་གསར་པ་ཞིག་རེད་ཅེས་སྡོམ་ཚིག་བརྒྱབ་ཡོད། གནའ་རྫས་རྟོག་ཞིབ་པས་ངོ་སྤྲོད་གནང་བར་གཞིག་ན་དུར་ཁུང་སྔ་ཕྱི་ཁག་གསུམ་ཙམ་ཐོན་པ་དང་དུར་ཁུང་དེ་དག་བསྐྲུན་ནས་ད་ལྟའི་བར་མི་ལོ་ཆིག་སྟོང་དྲུག་བརྒྱ་དྲུག་ཅུ་རེ་བདུན་ནམ་ཆིག་སྟོང་དྲུག་བརྒྱ་ཉི་ཤུ་རྩ་བདུན་ཙམ་འདས་ཟིན་པར་གསུང་པས་དེ་ནི་སྲོང་བཙན་སྒམ་པོས་བོད་མཐོ་སྒང་གཅིག་བསྒྱུར་མ་བྱས་གོང་གི་ལོ་སུམ་བརྒྱ་ཙམ་ལ་ཡིན་པས་དེ་ནི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་ནང་གསེས་ཞང་ཞུང་རྒྱལ་རབས་ཀྱི་གནས་ཚུལ་གསལ་བཤད་ཐུབ་པའི་དངོས་དཔང་བྲག་ལྟར་སྲ་བ་ཞིག་ཡིན་དགོས། དུར་ཁུང་དེ་ནས་ཐོན་པའི་དངོས་རྫས་ནི་ཤིན་ཏུ་ཕུན་སུམ་ཚོགས་པོ་ཡོད། དེའི་ཁྲོད་དུ་ཤིང་ཆ་དང་སྦ་སྨྱུག་ལས་བཟོས་པའི་འཚོ་བའི་ཡོ་ཆས། ལི་ལས་གྲུབ་པའི་སྣོད་ཁོག་དང་ལྕགས་ལས་གྲུབ་པའི་གྲི། དེ་བཞིན་མི་ལོ་ཉིས་སྟོང་ཕྱིན་པའི་དར་གོས་དང་ཟས་རིགས་སྙིགས་རོ། གསེར་གྱི་ཞལ་འབག་སོགས་ཡོད། གོས་ཆེན་སྔོ་ཁྲ་རྨ་བྱའི་རི་མོ་དང་རྒྱ་ཡིག་ཡིག་འབྲུ་ཡོད་པ་དེ་དང་འབྲུ་རིགས་ཟས་རོ་ཐོན་པ་ནི་བོད་མཐོ་སྒང་ལ་སྔ་ཤོས་ཡིན་པར་གསུངས་ཡོད།10 ཚན་རིག་གི་བརྟག་དཔྱད་བྱས་པ་བརྒྱུད་འབྲུ་རིགས་ཟས་རོ་དེ་ནི་འབྲུ་ལྡོག་དང་ཇ་རོ་ཡིན་པར་ར་སྤྲོད་བྱས་ཡོད།11 རིག་དངོས་དེ་དག་ལས་བོད་མཐོ་སྒང་གི་གནའ་མི་རྣམས་ཀྱིས་ཇ་འཐུང་བའི་ལོ་རྒྱུས་དེ་མི་ལོ་ཉིས་སྟོང་ཙམ་ཕྱིན་པའི་ལོ་རྒྱུས་ཡོད་པར་གསལ་བཤད་བྱས་ཡོད་པས་ཤིན་ཏུ་གལ་ཆེན་པོ་མཐོང་། ཁྱུང་ལུང་མཁར་གདོང་གི་གནའ་ཤུལ་ཉེ་སྐོར་དུ་རྩ་ཆའི་རིག་དངོས་འདི་འདྲ་ཐོན་པ་དེས་བོན་གྱི་ལོ་རྒྱུས་ཡིག་ཆའི་ཁྲོད་དུ་ཤོད་བཞིན་པའི་ཞང་ཞུང་རྒྱལ་རབས་ཞེས་པ་ཞིག་བྱུང་ཡོད་པ་མ་ཟད་དེས་རྒྱལ་རབས་མང་པོའི་རིང་ལ་དབང་བསྒྱུར་བྱས་ཚུལ་གསུང་བ་དེ་ལོ་རྒྱུས་དངོས་ཡོད་ཡིན་པ་ར་སྤྲོད་བྱས་ཐུབ་པ་མ་ཟད་མཁར་གདོང་གི་གནའ་ཤུལ་རྒྱ་ཆེན་པོ་དེ་ཁྱུང་ལུང་དངུལ་མཁར་ཡིན་པར་གསལ་བཤད་བྱས་ཡོད།

༤༽ གནའ་སྔ་མོའི་དུར་ས་ཕོན་ཆེན།

ས་ཆ་དེའི་ཁུལ་ལ་ད་དུང་དེའི་མ་ཚད་གནའ་ཤུལ་གལ་ཆེན་མང་པོ་ཡོད་པ་དཔེར་ན་མཁར་གདོང་གི་བྱང་ནུབ་མཚམས་ཀྱི་ཆུ་ནག་མདོ་ལ་མོན་དུར་གནའ་ཤུལ་རྒྱ་ཆེ་བ་ཞིག་ཡོད། དེ་ལ་དུར་མིག300ཙམ་དང་གཞི་རྒྱ་ལ་རྨི་གྲུ་བཞི་མ400ལྷག་ཡོད་པ་དང་དུར་མིག་ཆུང་ཤོས་ཀྱི་གཞི་རྒྱ་ལ་རྨི་གྲུ་བཞི་མ་ལྔ་ཙམ་ཡོད་པ་དང་དུར་མིག་འགའ་ཤས་སྟེང་དུ་རྡོ་རིང་བསླངས་ཡོད་ལ་རྡོ་རིང་འགའ་ཤས་ས་ལ་འགྱེལ་ཡོད། རྡོ་རིང་འགའ་ཤས་ཀྱི་རིང་ཚད་ལ་རྨི་གཅིག་དང་སྐར་མ་སུམ་ཅུ་ཙམ་ཡོད།12 དེ་ནི་མངའ་རིས་ཁུལ་དུ་རྙེད་པའི་གནའ་སྔ་མོའི་དུར་གནས་ཆེ་ཤོས་ཤིག་ཡིན་པ་རིག་དངོས་ཞིབ་འཇུག་པས་ར་སྤྲོད་བྱས་ཡོད། དེ་ཡང་དུར་གནས་གཅིག་ལ་དུར་མིག་མང་པོ་དེ་འདྲ་ཡོད་པ་སྤྱིར་བཏང་གི་དུར་ས་ཞིག་གཏན་ནས་ཡིན་མི་སྲིད། གཞི་རྒྱ་ཆེ་བའི་དུར་ས་དེ་འདྲ་ཞིག་ནི་ཞང་ཞུང་རྒྱལ་རབས་དར་རྒྱས་ཆེ་བའི་སྐབས་ཀྱི་དུར་གནས་ཤིག་ཡིན་ངེས། དེ་བཞིན་དེའི་གཡས་ཕྱོགས་སུ་ཡོད་པའི་གཡུང་དྲུང་འབར་བའི་སྒྲུབ་ཕུག་དང་གཡོན་ཕྱོགས་སུ་ཡོད་པའི་ཁྱུང་ལུང་མཁར་གདོང་གནའ་ཤུལ་བཅས་ལྷན་དུ་འཛོམས་པ་ནི་ལྟས་དབང་ཞིག་གཏན་ནས་མ་རེད། དེ་ནི་ཞང་ཞུང་རྒྱལ་ས་ཁྱུང་ལུང་དངུལ་མཁར་དང་འབྲེལ་བ་དམ་ཟབ་ཡོད།

མདོར་ན་ད་ལྟའི་ཁྱུང་ལུང་མཁར་གདོང་ཞེས་པའི་ས་ཆ་དེ་བོན་གྱི་དེབ་ཐེར་ནང་དུ་འཁོད་པ་ཇི་བཞིན་དེ་ནི་ཞང་ཞུང་སྐབས་ཀྱི་རྒྱལ་མཁར་གྲགས་ཅན་ཁྱུང་ལུང་དངུལ་མཁར་ཞེས་པ་དེ་ཡིན་པ་ར་སྤྲོད་བྱེད་ཐུབ་སྟེ། གཅིག་ནས་ས་ཆ་དེ་ཉིད་མངའ་རིས་ས་ཁུལ་དུ་བོན་དར་ནུབ་ཇི་འདྲ་བྱུང་ཡང་བོན་གྱི་མཁས་གྲུབ་གཙོས་པའི་རྒྱ་ཆེའི་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་ལོ་ངོ་སྟོང་ཕྲག་རིང་ལ་ས་ཆ་དེ་ཉིད་བོན་གྱི་གནས་ཆེན་ཞིག་ཡིན་པ་དང་ཞང་ཞུང་རྒྱལ་མཁར་ཁྱུང་ལུང་དངུལ་མཁར་ཡིན་པ་མི་རབས་ནས་མི་རབས་བར་རྒྱུན་མ་ཆད་པར་དད་འདུད་དང་ཕྱག་སྐོར་བྱས་དང་བྱེད་མུས་རེད། དེའི་ནང་དུ་གཙོ་ཆེ་ཤོས་ནི་དྲན་པའི་རྡོ་སྐུ་རང་བྱོན་དང་རིན་ཆེན་འབར་བའི་སྒྲུབ་ཕུག་སོགས་རེད། གཉིས་ནས་ས་ཆ་དེར་ཉེ་ཆར་གནའ་རྫས་རྟོག་ཞིབ་བྱ་བཞག་ཆར་ཤུལ་སྤང་ལ་མེ་ཏོག་བརྡོལ་བ་ཇི་བཞིན་འཕེལ་རྒྱས་ཕྱིན་ནས་སྔར་ལྟར་མི་འདྲ་བའི་གལ་ཆེན་འབྲས་བུ་མང་པོ་ཐོན་པ་ལས་ལོ་ངོ་སྟོང་ཕྲག་བག་ལ་ཞ་བའི་རྒྱལ་རབས་ཤིག་གི་གཟི་མདངས་རིམ་བཞིན་མངོན་ཡོང་གི་ཡོད། ཞང་ཞུང་ཞིབ་འཇུག་ལ་མཐོང་ཆེན་བྱས་ན་བོད་གདོད་མའི་ཤེས་རིག་དེ་ལྷ་སྒྲུང་ཙམ་མ་ཡིན་པར་ཁྱིམ་མཚེས་སྤུན་ཟླའི་མི་རིགས་གཞན་དང་འདྲ་བར་མི་ལོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཡོད་པར་སྨས་ན་ངོ་གནོང་དགོས་པ་གང་ཡང་ཡོང་གི་མ་རེད། དཔེར་ན་ང་ཚོས་རྒྱུན་དུ་བདག་ཚོའི་གདོད་མའི་ལོ་རྒྱུས་གླེང་སྐབས་རྒྱལ་ཕྲན་སིལ་མ་བཅུ་གཉིས་བྱུང་ཡོད་ཅེས་ཟེར་ནས་གྲངས་བཅུ་གཉིས་བགྲང་བ་དང་རྒྱལ་པོའི་མཁར་ནི་ཡུམ་བུ་བླ་མཁར་ཡིན་ཅེས་ཟེར་བགྲོས་ཆགས་ཡོད། རྒྱལ་ཕྲན་བཅུ་གཉིས་བྱུང་བ་ལ་རྒྱལ་མཁར་ཡུམ་བུ་བླ་མཁར་ལས་ཤོད་རྒྱུ་མེད་པ་མ་ཟད་ཡུམ་བུ་བླ་མཁར་དེ་དངོས་སུ་མི་ལོ་སྟོང་ཕྲག་གོང་གི་རྒྱལ་རབས་ཤིག་གི་རྒྱལ་མཁར་རེད་ཅེས་ལབ་དགོས་དུས་དེ་ལ་ཡིད་ཆེས་མཁན་ནི་ལོ་རྒྱུས་དང་ཚན་རིག་གི་ཤེས་ཚད་གང་ཡང་མེད་པའི་ཡུལ་སྐོར་སྤྲོ་འཆམ་པ་ཁག་ཅིག་དང་ལྷ་བླ་མའི་གསུང་ལ་ཡིད་ཆེས་ལྷད་མེད་བྱེད་མཁན་གྱི་གངས་ཅན་པ་ཁྱུ་ཞིག་ལས་གཞན་སུ་ཡང་མེད། གོང་གསལ་རིག་དངོས་གནའ་ཤུལ་དང་བོན་གྱི་ཡིག་ཚགས་ལས་གསལ་བའི་གནས་ཚུལ་དེ་དག་ལས་ཞང་ཞུང་རྒྱལ་ས་ཁྱུང་ལུང་དངུལ་མཁར་ཞེས་པ་ཞིག་ཡོད་པའི་ལོ་རྒྱུས་ཡིག་ཆ་ནི་བོན་པོས་ལྷ་སྒྲུང་ནང་བཞིན་དངོས་མེད་གསར་རྩོམ་བྱས་པ་ཞིག་རྩ་བ་ནས་མིན་པ་གསལ་བཤད་བྱས་ཡོད་ལ། བོད་རྒྱལ་སྲོང་བཙན་གོང་ལ་བོད་མཐོ་སྒང་ལ་ཤེས་རིག་འཕེལ་རྒྱས་ཕྱིན་པའི་རྒྱལ་རབས་ཞིག་ཡོད་པ་དངོས་ཡོད་ཡིན་པ་བསྒྲུབ་ཡོད། དངོས་ཡོད་དེ་འདྲ་ཞིག་གིས་ང་ཚོར་ཞང་ཞུང་ཞིབ་འཇུག་གི་དགོས་པ་དང་རིན་ཐང་ཡང་བསམ་ཡུལ་ལས་འདས་པ་ཡོད་པ་མངོན་གསལ་དོད་པོ་མི་འདུག་གམ།
དཔྱད་གཞིའི་ཁུངས་ཀྱི་ཡིག་ཆ།

1巴桑旺堆:《宗噶唐代汉文摩崖碑铭补考——兼论吐蕃古道》,载《西藏研究》汉文版,1996年第3期,第56-63页。

2 «ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།» 《敦煌本吐蕃历史文书》 (增订本),1992年,民族出版社,p176.

3 «ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།» 《敦煌本吐蕃历史文书》 (增订本),1992年,民族出版社,p176.p58。

4 «བསྙན་རྒྱུད་རིན་པོ་ཆེ་ཨ་དཀར་བྱང་ཆུབ་སེམས་གྱི་མེ་ལོང་།» p8a, བྲིས་མ།

5 《中国考古学年鉴2005》,文物出版社,2006年版,第354-356页

6 Tibet Archaeolog-Newsletter, Filght of the Kyung-January 2013,

7 «སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྣམ་ཐར།» ཁ་པ། བྲིས་མ། p38

8 «གྲུབ་དབང་བསྟན་འཛིན་རིན་ཆེན་གྱི་རྣམ་ཐར།» p88a-b སྤྱི་ལོ1835ལོར་གྲུབ་དབང་བསྟན་འཛིན་རིན་ཆེན་མངའ་རིས་ཕྱོགས་ལ་གནས་མཇལ་ཕེབས་སྐབས་ཁྱུང་ལུང་དངུལ་མཁར་དུ་དྲན་པའི་རྡོ་སྐུ་རང་བྱོན་མཇལ་བར་གསུང་ཡོད། ཁོང་གིས་ད་དུང་གངས་ཏི་སེའི་གནས་ཡིག་ཚངས་དབྱངས་ཡིད་འཕྲོག་ཅེས་པ་དེ་བརྩམས་གནང་ཡོད།

9 «ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར།» བྲིས་མ། p 8b ལས་འདི་ལྟར་གསལ་ཏེ། ལོག་པར་སྤྱོད་པ་རྣམས་ནི་དྲག་པོས་ཚར་སྤྱོད་པར་མཛད་པ་ཡིན་དེ། བོན་པོ་ཐམས་ཅད་བསྡུས་ནས་ཁང་པ་གཅིག་ཏུ་བཅུག་དེ་ཧོམ་ལ་གཤེགས་སུ་གསོལ། བོན་དཔེ་རྣམས་འགའ་ཞིག་ཆབ་ལ་སྦྱངས། འགའ་ཞིག་ཞུགས་ལ་གསོལ། འགའ་ཞིག་སར་བཞུགས་པར་གསོལ་ལོ། འགའ་ཞིག་དྲི་གཞོན་ལ་སྤྱན་དྲང་བར་བྱའོ།།

10 《中国文物报》 2011年9月23日4版

11 སྤྱི་ལོ2013ལོར་མངའ་རིས་སེང་གེ་ཁ་འབབ་ལ་སྐོང་ཚོགས་གནང་བའི་ཞང་ཞུང་ཤེས་རིག་བགྲོ་གླེང་ཚོགས་འདུའི་ཐོག་ལུད་ཧོད་ཡོན་གྱིས་གནང་བའི་དཔྱད་གླེང་། 中国科学院地质与地球物理研究所研究员吕厚远教授在2013年阿里地区象雄文化研讨会上宣读的题为《古如加木寺出土“食物残渣”的成分鉴定——茶叶与青稞》论文。

12 顿珠拉杰:《西藏西北部地区象雄文化遗迹考察报告》,《西藏研究》汉文版,2003年第3期,第103页。

2014ལོའི«དཔྱོད་ལྡན་མཆོད་པའི་མེ་ཏོག»སྤྱི་དེབ་བཅུ་གཅིག་པ་ལས་བདམས།

ཧི་བོན་དྲ་རྒྱ་ལས་དྲངས།

240 total views, 10 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།