གཡུང་དྲུང་བོན་གྱི་དྲྭ་རྒྱ།

གསོ་རིག་འབུམ་བཞིའི་ངོ་སྤྲོད་དང་དམིགས་བསལ་ཁྱད་ཆོས་ལ་དཔྱད་པ།

i-300x225སྤྱིར་ན་འབུམ་བཞི་ཞེས་པའི་གཞུང་འདི་ཉིད། བཀའ་དང་བཀའ་རྟེན་གྱི་ཆ་ནས་བཤད་ན། སྟོན་པའི་ཞལ་ནས་གསུངས་པའི་བཀའ་ཁོ་ནར་ངེས་ལ། སྡེ་ཚན་གྱི་དབང་དུ་མདོ་འབུམ་རྒྱུད་མཛོད་སྡེ་བཞིའི་ནང་ནས་མདོ་སྡེའི་ཁོངས་སུ་གཏོགས་པ་དང། ཐེག་དགུའི་ནང་ནི་ཐེག་པ་དམན་ཤོས་ཕྱྭ་གཤེན་ཐེག་པའི་བོན་སྡེ་བཞིའི་ཡ་གྱལ། བརྗོད་དོན་གཙོ་བོ་ནད་མུག་མཚོན་དུག་གིས་མནར་བའི་འགྲོ་བ་དག་ སྨན་དཔྱད་ཟས་སྤྱོད་བཞིའི་བཅོས་ཐབས་ཡོངས་སུ་ཚང་པའི་གཞུང་རླབས་པོ་ཆེ་ཞིག་ཏུ་ངོས་འཛིན་བྱེད། གཞུང་དེ་ཉིད་ཐོག་མར་གསུངས་པ་པོ་ཚེ་ལོ་བརྒྱ་པའི་ཁྱད་པར་དུ་བྱས་པའི་སྟོན་པ་གཤེན་རབ་མི་བོ་ཡིན་པའོ།

དེ་ཡང་གཞུང་ལུགས་གང་ཞིག་གི་ལོ་རྒྱུས་འཆད་པར་བྱེད་པ་ལ། གཞུང་དེ་ཉིད་ཀྱི་མཛད་པོའི་ལོ་རྒྱུས་ཁུངས་ལྡན་ཞིག་ཡོད་དགོས་པ་གལ་ཆེན་ཡིན་ལ། གལ་ཏེ་དེ་ལྟར་མེད་ཚེ། ཕ་མ་མེད་པའི་ད་ཕྲུག་ལྟ་བུར་འགྱུར་རྒྱུ་ལ་བསྙོན་རིན་གང་ཡང་མེད། ཡོངས་གྲགས་ཀྱི་བཤད་རྒྱུན་ལྟར་ནའང། ལོ་རྒྱུས་ཁུངས་ནས་མ་བཤད་ན་ཡིད་མི་ཆེས་བའི་རྒྱུ་རུ་འགྱུར། ཞེས་པ་ལྟར། ཡིད་ཆེས་དང་བློ་འགེལ་སའི་གཞུང་ལུགས་ཤིག་ཡིན་ན། བརྒྱུད་ཁུངས་ཀྱི་མཛད་པོ་ཡང་དག་ཅིག་དགོས་པ་ལྟར། འབུམ་བཞིའི་གནས་ལུགས་བཤད་པ་ལའང་གཞུང་འདིའི་མཛད་པོ་གཤེན་རབ་མི་བོའི་ལོ་རྒྱུས་འཚོལ་དགོས་པ་སྨོས་མེད་རེད། འོན་ཀྱང་འགྱངས་ཐག་ཤིན་ཏུ་རིང་བའི་གང་ཟག་ཞིག་གི་ལོ་རྒྱུས་བཤད་པ་ལ། ནོར་འཛོལ་དང་འགལ་འདུ་གང་ཡང་མེད་པའི་རྒྱུད་རིམ་ཞིག་ཤིན་ཏུ་ནས་རྙེད་དཀའ་ནའང། གང་འཚམས་ཀྱི་གནས་ལུགས་ཤིག་བགྲང་རྒྱུ་ཡོད་དགོས་ཕྱིར། འབུམ་བཞིའི་སྡོད་ལུགས་མ་བཤད་སྔོན་ལ་མཛད་པོ་གཤེན་རབ་མི་བོའི་ལོ་རྒྱུས་ཕྲན་ཙམ་ཞུས་ན།

༸སྟོན་པ་གཤེན་རབ་མི་བོ་ནི། གཤེན་ལོ་རེར་མི་ལོ་བརྒྱའི་དབང་དུ་བྱས་ན། སྤྱི་ལོ༢༠༡༧ཡན་མི་ལོ་༡༨༠༣༤ཙམ་འདས་མཚམས་སུ་ཡབ་རྒྱལ་བོན་ཐོད་དཀར་དང། ཡུམ་ཡོ་ཕྱེ་རྒྱལ་བཞད་གཉིས་ཀྱི་སྲས་སུ་སྐུ་སྐྱེ་བ་མི་ཡི་གཟུགས་སུ་སྤྲུལ་ཏེ། མི་མཇེད་འཇིག་རྟེན་འདིའི་ཚེ་ལོ་བརྒྱ་པའི་སྟོན་པ་རུ་བྱོན་ཡོད་པ་རེད་ལ། དེ་ནི་བོན་གྱི་བསྟན་རྩིས་རིག་པའི་བཞེད་ཚུལ་ཡིན་པས་མ་ཚད། གནའ་དེང་གི་མཁས་པ་ཕལ་ཆེ་བའི་འདོད་ཚུལ་ཞིག་ཀྱང་ཡིན་པ་རེད། སྤྱིའི་ཆ་ནས་གཤེན་རབ་མི་བོའི་འཁྲུངས་འདས་ལ་བཞད་པ་མི་མཐུན་པ་ཇི་སྙེད་ཅིག་ཡོད་དེ། རིང་པོ་མི་ལོ་ཁྲི་སྟོང་མང་པོའི་དུས་ཚིགས་བགྲང་མཁན་གོང་དུ་སོང་ལ། དེང་གི་དུས་མཚམས་དང་མཐུན་པའི་བཤད་ཚུལ་ཁག་ལས། འགའ་ཤེས་ཀྱི་ལྔ་སྟོང་དང། ཁ་ཤས་ཀྱིས་བཞི་སྟོང། རེ་འགས་ཉིན་སྟོང་ལྔ་བརྒྱ་སོགས་བཤད་ཚུལ་མི་འདྲ་བ་དུ་མ་ཡོད་ཀྱང། འདས་ལོ་དུ་ཙམ་ཕྱིན་མིན་ལ་ཨུ་ཚུགས་ཀྱི་རྟོག་དཔྱོད་དག་འདིར་བཞག་སྟེ། དངོས་ཡོད་ཀྱི་རྗེས་ཤུལ་ལ་གཟུ་བོ་བློ་ཡིས་དཔྱད་ལམ་ནས་ལོ་རྒྱུས་ཀྱི་གོམ་ཁ་རང་ལ་བསྟུན་ན། ༸གཤེན་རབ་ཉིད་ཐོག་མར་སྐུ་འཁྲུངས་པ་ནས་བཟུང། གང་ཟག་གཞན་དང་མི་འདྲ་བའི་སྐྱེ་སྟོབས་དང། ཐུགས་རིག་ནུས་མཐུ་ལ་ངོ་མཚར་གྱི་གནས་སུ་གྱུར་བ་ཞིག་བྱུང་བས། དགུང་ལོ་གཅིག་ལོན་ནས་དམུ་རིགས་འཕྲུལ་གྱི་རྒྱལ་པོའི་རྒྱལ་ས་བཟུང་སྟེ། ཐེག་པ་དང་པོ་ཕྱྭ་གཤེན་ཐེག་པའི་བོན་སྡེ་མོ་རྩིས་གཏོ་དཔྱད་བཞི་གཏན་ལ་ཕབ་སྟེ། སྣོད་ལྡན་ཕྱྭ་གཤེན་ལེགས་རྒྱལ་ཐང་པོ་ལ་གཉེར་དུ་གཏད། ཕྱྭ་གཤེན་ཐེག་པའི་བོན་རྣམས་འཇིག་རྟེན་ཐ་མལ་བའི་དགོས་མཁོ་ལྟོས་ཏེ་གསུངས་པ་ཞིག་སྟེ། མ་མཐོང་ལྐོག་འགྱུར་གྱི་འགལ་རྐྱེན་དག་ མོ་དང་རྩིས་ཀྱིས་དངོས་སུ་བསྟན་ཞིང། དེ་ལ་གཏོ་དང་དཔྱད་ཀྱིས་ཟློག་ཐབས་བྱེད་པ་ཞིག་ཡིན་པས། སྐབས་དེ་དུས་ནས་སྟོན་པས་སྨན་དཔྱད་ཀྱི་ལག་ལེན་དང། ༡“ནད་ཀྱི་ངོས་འཛིན་སྟངས། རྒྱུ་རྐྱེན། རྩ་ཆུ། ཚ་གྲང་གི་རྟགས་ཐབས། འཆི་སོས་ཁམས་ལ་དཔྱད་ཚུལ། གཉེན་པོ་ཟས་སྤྱོད་སྨན་དཔྱད་བཞི། ནད་དང་སྨན་སྦྱོར་སྟབས། སྨན་གྱི་རོ་ནུས་ཞུ་རྗེས། ཐང་ཕྱེ་རིལ་ལུ་ལྡེ་གུ་དང། སྨན་དམར་བྱུག་པ་སོགས་འདུ་བ་ཉིས་ཁྲི་ཆིག་སྟོང་གི་གཉེན་པོ། སྨན་དཔྱད་ཉིས་ཁྲི་ཆིག་སྟོང་བསྟན་པས་མ་ཚད། དཔྱད་ལ་གཏར་སྲེག་བཤལ་སྐྱུག་རྗེས་གཅོད་སོགས། འགྲོ་བ་ནད་པ་གསོ་བའི་ཆ་ཤས་ཡོངས་སུ་ཚང་བ་ཞིག་བསྟན་ཡོད་པ་རེད།” རྒྱུད་ཉི་སྒྲོན་ལྟར་ན། ༢“འདུ་བ་རྣམ་བཞི་ལ་ལྟོས་ཏེ་དཔྱད་བརྒྱད་ཁྲི་བཞི་སྟོང་ངོས་འཛིན་གནང་བ་དང། དེ་ཉིད་གཏན་ལ་ཕབ་པའི་གཞུང་དེ་ཡང། ཕྱྭ་གཤེན་ལེགས་རྒྱལ་ལ་གཏད་པར་འདོད་པས།” དེ་ལྟར་ན། ༸སྟོན་པས་དགུང་ལོ་གཅིག་གི་ཐོག་གསུངས་པའི་དཔྱད་ཐབས་བརྒྱད་ཁྲི་བཞི་སྟོང་གི་གཞུང་ཞིག་ཀྱང་ཡོད་པ་ལྟ་བུར་ལགས། གལ་སྲིད་དེ་ལྟ་བུའི་གཞུང་ཞིག་ཡོད་ན། སྨན་གཞུང་དེ་ཉིད་གསོ་རིག་འབུམ་བཞི་སོགས་དཔྱད་བུ་ལ་བསྟན་པའི་གཞུང་ངམ། དེ་དག་ལས་གཞན་པ་ཞིག་ངོས་འཛིན་དགོས་མིན་ལ་དཔྱད་པའི་གཞི་རུ་གྱུར་བ་ལས། སྟབས་བདེའི་ངོས་འཛིན་ཞུ་མ་སྤོབས། ད་དུང་བོད་ཀྱི་ཡུལ་ལུང་བྱེ་བྲག་པ་༣“མེ་ཉག་ལུང་དུ། སེལ་དང་གཏོ། སྨན་དཔྱད་ཀྱི་བོན་འགའ་གཏན་ལ་ཕབ་གནང་རབས་ཡོད་པ་རེད།” ༤“དགུང་ལོ་ལྔ་གསུམ་བཅོ་ལྔ་བཞེས་མཚམས་འགྲོ་བ་རང་ཁ་མའི་ཚུལ་དང་བསྟུན་སྟེ། རབ་ཆད་དང་མ་ནིང་མིན་པའི་ཚོན་རྟགས་སུ། ཧོས་རྒྱལ་དང་བ་ཡི་རིང་གི་སྲས་མོ་ཧོས་བཟའ་རྒྱལ་མེད་མ་ཁབ་ཏུ་བཞེས།” དེ་རྗེས་ཧོས་བཟའ་ལ་སྐུ་ཡི་སྲས་པོ་གཉིས་བྱུང་བ་ལས། ༥“ཆུང་བ་དཔྱད་བུ་ཁྲི་ཤེས་སྤྲེལ་ལོ་སྟོན་ཟླ་ཐ་ཆུང་གི་ཚེས་བཅོ་ལྔར་ངོ་མཚར་གྱི་ལྟས་དུ་མ་དང་བཅས་ཏེ། སྐུ་སྐྱེ་བ་མི་ཡི་གཟུགས་སུ་བྱོན།” དེ་ལྟར་སྐུ་འཁྲུངས་མ་ཐག་ཏུ་ཕྱིའི་གཟུགས་དབྱིབས་དང། ནང་གི་རྣམ་ཤེས་བཟང་ངན་ལ་བརྟག་མཁས་པའི་བྲམ་ཟེའི་ཁྱེའུ་འགྱུར་བ་བློ་གསལ་བྱ་བས་དཔྱད་པ་གནང་སྐབས། ཕྱི་མཚན་དཔེ་ཡོན་ཏན་ཐམས་ཅད་རྫོགས་ཤིང། ནང་ཉོན་མོངས་དྲི་མ་ཤིན་ཏུ་ཆུང་བ་དང། ཤེས་རབ་ཀྱི་རྒྱ་ཡངས་ལ་ཐབས་ཕར་ཕྱིན་བཅུའི་དོན་ཐུགས་སུ་ཆུད་པ། དཔྱད་རྒྱུད་བདུད་རྩི་བལྟམས་པའི་མངོན་རྟགས་འབུར་དུ་ཐོན་པ་ཞིག་ཡོད་པས། མཚན་ལ་གཤེན་རབ་གཡུང་དྲུང་སེམས་དཔའ་ཆེན་པོ་དཔྱད་བུ་ཁྲི་ཤེས་སུ་བཏགས། མཚན་དེ་ལྟར་འདོགས་པའི་དགོས་དོན་དང་སྒྲ་བཤད་ནི། ༦“རིག་པའི་དཔྱད་ལམ་རྣོ་བས་དཔྱད། སེམས་ཉིད་ཡོངས་ལ་ཁྱབ་པའི་བུ། དཔྱད་ལ་ཁྲི་སྡེ་མཁྱེན་པས་ཁྲི། མ་ནོར་དོན་རྣམས་ཤེས་ཕྱིར་ཤེས་ཞེས་བཏགས་པར་སྟོན་པས་བཀའ་ཡིས་བཅད།” ༧“སྲས་དེ་ཉིད་དགུང་ལོ་གཅིག་ལོན་ནས་ཤེས་རབ་ཀྱི་ཚད་དུ་ཕྱིན། དགུང་ལོ་གཉིས་ལོན་ནས་སྙིང་རྗེའི་སེམས་དང་ལྡན། དགུང་ལོ་གསུམ་ལོན་ནས་སེམས་ཅན་གྱི་དོན་ལ་དགོངས་ཤིང། ཡབ་ལ་འཕྲུལ་ངག་བདེན་པའི་བོན་ཞུ་བའི་སྤོབས་པ་”ལྡན་པ་ཞིག་བྱུང། སྤྱིའི་ཆ་ནས་དམ་པ་གོང་ཉིད་སྟོན་པས་བདུད་བཏུལ་བའི་དཔུང་གཉེན་དུ་བྱོན་པ་ཞིག་སྟེ། ༨“༸གཤེན་རབ་ལ་དོ་ཟླ་བྱེད་བའི་ཕྱོགས་བཞིའི་བདུད་ཆེན་སྡེ་བཞིའི་ཁ་གནོན། གཙུག་ལག་སྲིད་པའི་བུ་བཞི་མ་བྱོན་ཐབས་མེད་ཡིན་པ་བཞིན། སྡེ་བཞིའི་ཡ་གྱལ་བདུད་ཆེན་རམ་པ་དུག་འགྱེད་ཀྱིས་སེམས་ཅན་རྣམས་ལ་དུག་གི་ལས་སྦྱོར་གྱི་ནད་ངན་སྣ་ཚོགས་པས་བར་ཆད་བཏང་སྐབས། ཕྱི་ནང་གི་དུག་རྣམས་སྨན་གྱིས་བཏུལ་ཞིང་འགྲོ་ཀུན་བདེ་ལ་བཀོད་པའི་ཕྱིར། གཙུག་ལག་བུ་བཞིའི་ཡ་གྱལ་སྐུ་སྲས་དཔྱད་བུ་ཁྲི་ཤེས་སྤྲུལ་པ་ལུང་གིས་གྲུབ།” དེ་ལྟར་སྤྲུལ་པའི་སྐུ་མཆོག་འགྲོ་བ་མིའི་ཆས་སུ་བཞུགས་པ་དེ་ཉིད། རྗེ་བདག་ཉིད་ཆེན་པོའི་འདུལ་འགྲེལ་འཕྲུལ་སྒྲོན་དུ། དམ་པ་ཉིད་སྤྲུལ་སྐུའི་མཁན་རྒྱུད་ཀྱི་གྲལ་དུ་བསྒྲིགས་པས་མ་ཚད། ༩“མཚན་ལྡན་ཁྱེའུ་བཞི་ནི་མངོན་ཤེས་ཀྱི་རྩལ་དང་ལྡན་ཞིང། རྫུ་འཕྲུལ་གྱི་ཞབས་ཀྱིས་སྟོང་གསུམ་ཀུན་ཏུ་འགྲོ་ཞིང་སེམས་ཅན་གྱི་དོན་མཛད་དོ།” གསུངས་པས། དཔྱད་བུ་ནི་མངོན་ཤེས་དང་རྫུ་འཕྲུལ་གྱིས་ཕྱུག་པའི་འདུལ་འཛིན་པ་ཞིག་ཀྱང་ཡིན་པ་རེད། ༡༠“ད་དུང་གཡུང་དྲུང་སེམས་དཔའ་རྣམས་ཀྱི་ནང་ནས་ཀྱང། མཐུ་དཔལ་ནུས་སྟོབས་མཆོག་ཏུ་བྱེད་པའི”་སྐྱེས་བུ་ཁྱད་པར་བ་ཞིག་ཡིན་པ་ནི་ཡོངས་སུ་གྲགས།

སྐབས་དེར་སྟོན་པས་དཔྱད་བུའི་འགྲོ་དོན་ལ་དཔག་པའི། དཔྱད་རྒྱུད་ཀྱི་བོན་རྣམས་ཡོངས་སུ་བསྟན་ཅིང། དཔེར་ན། བར་ཆད་རྐྱེན་གྱིས་སླང་བའི་ཐོག་བབས་ཀྱི་ནད་དང། རང་བཞིན་བག་ལ་ཉལ་བའི་མ་རིག་ཉོན་མོངས་དུག་ལྔ་དུག་གསུམ་གྱིས་བསྐྱེད་པའི་ནད། དེ་ལས་རྒྱས་པར་རྒྱུ་འདོད་ཆགས་དང། ཞེ་སྡང། གཏི་མུག་ ང་རྒྱལ་བཞིས་ནད་ཁྲག་མཁྲིས་བད་རླུང་གི་ངོ་བོར་གྱུར་བའི་བཞི་བརྒྱ་རྩ་བཞི་དང། དེ་ལས་གྱེས་པའི་ནད་ཀྱི་རྣམ་འགྱུར་དཔག་ཏུ་མེད་པ་དག་ངོས་འཛིན་བྱེད་པའི་ཐབས། ༡༡“དཔྱད་པ་རྣམ་པ་བཞིའི་སྒོ་ནས་བསྟན་སྟེ། ཕྱི་ཁམས་དང་སྐྱེ་མཆེད་དབང་པོ་ལ་རྟེན་ནས་དཔྱད་ཚུལ་དང། ནང་ཤ་རུས་པགས་གསུམ་རྩ་ཡིས་དཔྱད་ཚུལ། གསང་བ་དོན་སྣོད་རྣམ་ལྔ་ཆུ་ཡིས་དཔྱད་ཚུལ། ཡང་གསང་མན་ངག་རིག་པ་མངོན་ཤེས་ཀྱིས་དཔྱད་པའི་རྣམ་བཞག་ལ། མཁས་པར་བསླབ་ཅིང་རིག་པས་གཏན་ལ་ཕབ། གོམས་པ་ཕུལ་ཕྱིན་བསླབ་ཅིང། གྲུབ་པར་བསྒྲུབ་པའི་མངོན་ཤེས་ཕྲ་མོ་འཆར་བར་མཛད་ཚུལ་རྣམས་བསྟན། ནད་གསོ་བའི་སྡེ་ལ། གཙོ་བོར་ཐང་སྨན་ཕྱེ་མ་རིལ་བུ་ལྡེ་གུ་བཞི་དང། ཆ་ལག་གཏར་སྲེག་མེ་བཙའ་བྱུག་པ་བཞི་བཅས་སྦྱོར་སྡེ་ཆེན་པོ་བརྒྱད། ཚ་ནད་ལ་གྲང་སྨན་སྦྱོར་སྟབས། གྲང་ནད་ལ་དྲོད་སྨན་སྦྱོར་ཚུལ། གཞན་ཡང་རླུང་མཁྲིས་བད་ཀན་ཁྲག་བཅས་འདུ་བ་རྣམ་བཞི་ལ། སྨན་གྱི་རང་བཞིན་རོ་ནུས་བཅུད་ཅན་དང། སྙོམས་པོ། གསེང་སྦྱོར། ཁ་གསོའི་ཚུལ་གྱི་བཅོས་སྟབས་སོགས་བསྟན་ཡོད་པ་རེད།”

༡༢“དུས་དེར་གསུངས་པའི་རྒྱུད་གཞུང་གི་ཆ་ནས་བཤད་ན། སངས་རྒྱས་སྨན་ལྷ་༸བེཌཱུརྱ་གཤེན་རབ་མི་བོའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་དཀྱིལ་འཁོར་ལས་བྱུང་བའི། དཔྱད་ཀྱི་རྒྱུ་སྡེ་ཆེན་པོ་གཞུང་ལྔ། མདོ་སྡེ་ཆེན་པོ་སྡེ་དགུ། མན་ངག་ཡན་ལག་བརྒྱད་ལྡན། ཉིང་ལག་ཉིས་ཁྲི་ཆིག་སྟོང་གཏན་ལ་ཕབ་ནས། རྒྱལ་སྲས་དཔྱད་བུ་ཁྲི་ཤེས་གཙོས་པའི་དྲང་སྲོང་ཆེན་པོ་བརྒྱད་ལ་གཉེར་གཏད་མཛད།” གོང་གི་བདུད་རྩི་སྨན་གྱི་མདོ་དགུ་སོགས་བཤད་ཟིན་པའི་རྗེས། ༡༣“དཔྱད་ཐབས་འཕྲུལ་སྡེའི་ཡང་བཅུད་མན་ངག་ཉམས་ཀྱི་ཡིག་ཆུང། ཞེས་པའི་སྨན་དཔྱད་ལག་ལེན་གྱི་ཆ་ཡོངས་སུ་ཚང་ཞིང། ལེའུ་བཅོ་ལྔའི་བདག་ཉིད་ཅན་ཞིག་ཀྱང་གསུངས་གནང་ཡོད་པ་རེད།” གཞུང་དེ་ཉིད་སྟོན་པའི་གསུངས་པའི་བཀའ་དྲི་མ་མེད་པ་ཞིག་ཡིན་ཀྱང། དུས་ཀྱི་འགྱུར་འགྲོས་ལ་རྟེན་ནས་བཀའ་འགྱུར་པར་སྐྲུན་གྱི་ཁོངས་སུ་མེད་ཅིང། ད་བར་དུས་ཡུན་གང་འཚམས་རིང་བོན་གྱི་ལྷ་སྡེ་སྨན་པའི་ཁྱིམ་རྒྱུད་ཅིག་ཏུ་བཞུགས་ཡོད་པ་དང། ཕྱིས་སུ་སྨན་རིའི་དགེ་བཤེས་དབྲ་ཆུང་སྐལ་བཟང་ནོར་བུས་པར་བསྐྲུན་གནང་པ་ཞིག་ལགས། ཡང་བསྟན་པ་རྗེས་བཞག་མཛད་སྐབས། ༡༤“དཔྱད་བུ་ལ་དཔྱད་རྒྱུད་བདུད་རྩིའི་ཟིལ་པ་བསྟན་རབས་ཀྱང་བཤད།”

༡༥“དེ་རྗེས་དཔྱད་བུ་སྐུ་ན་གང་འཚམས་ལོན་པའི་སྐབས་ཞིག་ འོལ་གླིང་གི་བྱང་ཕྱོགས་སུ་རྨངས་རིགས་གདོལ་པའི་རྒྱལ་པོ་སྒྲ་ཅན་འོད་སྲུང་བྱ་བའི་རྒྱལ་བུ། སྒྲ་ཅན་འཁོར་ལོ་བྱ་བ་ཞིག་གིས་མུ་སྟེགས་ཀྱི་སྟོན་པ་ལ་བསྟེན་ནས། ལོག་སྤྱོད་སྣ་ཚོགས་བསྒྲུབས་པས་རྐྱེན་གྱིས། ཡུལ་ལུང་དེའི་རྗེ་འབངས་འཁོར་བཅས་སྨྱོ་ནད་སོགས་མི་བདེ་བའི་ནད་སྣ་ཚོགས་ཀྱིས་མནར་བའི་སྐབས། སྟོན་པས་འགྲོ་བ་ནད་པ་གསོ་བའི་ཕྱིར། སངས་རྒྱས་སྨན་ལྷའི་དཀྱིལ་འཁོར་དངོས་སུ་སྤྲུལ་པ་དང། དཔྱད་བུས་དེ་ལ་དཔེར་མཚོན་གྱི་ཚུལ་དུ་གཟིགས་ཏེ། སངས་རྒྱས་སྨན་ལྷའི་དཀྱིལ་འཁོར་ཞལ་ཕྱེས་ཤིང། ཆོ་ག་ཚར་གཅིག་གསུངས་པས་ཡུལ་དེའི་བློ་དཀར་གྱི་གང་ཟག་འགའ་ཞིག་སངས་རྒྱས་པ་དང། སེམས་ཅན་ཉོན་མོངས་པ་དག་གི་རྒྱུ་དུག་ལྔ་དུག་གསུམ་གྱི་ནད་རྣམས་བསང་ཤིང། མ་རུང་བའི་ནད་ཡམས་སྡུག་པ་ཅན་རྣམས་ཡོངས་སུ་ཞི་བར་བྱས་ཡོད་པ་རེད།”

མདོར་ན་དེང་དམངས་ཁྲོད་ཉམས་ལེན་གནང་བཞིན་པའི་ཆོག་ཆུང་བཅུ་གཉིས་ཀྱི་ཡ་གྱལ་སྨན་ལྷའི་ཆོ་ག་ནི། ༸སྟོན་པས་བཀའ་བཀོད་བཞིན་ཞང་བོད་སྨན་གྱི་སྲོལ་འབྱེད་ཆེན་མོ་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཀྱིས་དངོས་སུ་གསུངས་པ་ཞིག་དང། གཞུང་དེའི་དཀྱིལ་འཁོར་གྱི་གཟུགས་རིས་ནི། ༸གཤེན་རབ་མི་བོས་སྨན་ལྷ་བཻཌཱུརྱའི་སྐུར་བཞེངས་ཏེ། མདུན་གྱི་ནམ་མཁའ་ལ་སྨན་ལྷའི་རྒྱལ་པོའི་དཀྱིལ་འཁོར་ཚོན་མདོག་རྣམ་པར་བཀྲ་ཞིང། ཕྱི་ནང་བར་ཁྱམས་སྒོ་བཞི་སྒོ་ཁྱུད་དང་ལྡན་པ། ཕྱི་རོལ་བདུད་རྩི་སྨན་གྱི་ནགས་ཚལ་དང། ལྕགས་རི་མུ་ཁྱུད་ཀྱིས་འཁོར་བ་ཡིད་དུ་འོང་ཞིང་དང་བ་སྤྲོ་བར། མཁའ་ལ་རང་བཞིན་རྫོགས་པའི་དཀྱིལ་འཁོར་བཀྲ་ལམ་མེར་བ་ཞིག་བཞེངས་པ་དང། དཔྱད་བུས་ཀྱང་དེ་ལྟ་བུའི་ཏིང་འཛིན་ཡིད་ཀྱི་དཀྱིལ་འཁོར་ཐུགས་ལ་བཀྲམས་ཏེ། མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་ས་ལ་ལག་གིས་འབྲི་འགོ་བརྩམས་གནང་བ་ཞིག་ཡིན་པ་རེད།

དེ་ལྟར་གོང་དུ་སོང་བའི་དཔྱད་རྒྱུད་ཀྱི་ལག་ལེན་དག་ དུས་ནམ་ཞིག་གསུངས་ཞེ་ན། ཐོག་མར་གཤེན་རབ་དགུང་ལོ་གཅིག་གི་ཐོག་ཕྱྭ་གཤེན་ཐེག་པའི་བོན་སྡེ་རུ། སྨན་དཔྱད་ལག་ལེན་ཆ་ཚང་ཞིག་གསུངས་པ་དང། དེ་རྗེས་དགུང་ལོ་ཉེར་བཞི་ཡན་མན་ཞིག་ཏུ། ཁྱད་པར་དུ་གསོ་རིག་བསྟན་པ་གཉེར་གཏད་ཀྱི་སྣོད་དཔྱད་བུ་ཁྲི་ཤེས་ལ། བདུད་རྩི་སྨན་གྱི་མདོ་དགུ་སོགས་སྨན་གྱི་གཞུང་དང་ཆ་ལག་ཡོངས་སུ་རྫོགས་པ་ཞིག་གསུངས་གནང་ཡོད་ལ། དེ་ཡན་གསོ་རིག་རྒྱུད་གཞུང་དང་འབྲེལ་བའི་མཛད་པོ་༸གཤེན་རབ་མི་བོའི་ལོ་རྒྱུས་ཙམ་བཀོད་པ་ཞིག་གོ།

དེ་ལྟར་སྐབས་སུ་བབས་པའི་གསོ་རིག་འབུམ་བཞི་ཐོག་མར་གསུངས་པའི་གནས། ༡༦“སྟག་གཟིག་གི་ཡུལ་གནས་མཆོག་དམ་པ་འོལ་མོ་གླིང་ཆེན། རི་གཡུང་དྲུང་དགུ་བརྩེགས་ཀྱི་རྩ་བ། བདུད་རྩི་སྨན་གྱི་ནགས་ཚལ་གྱི་དཀྱིལ། སངས་རྒྱས་སྨན་ལྷའི་ཕོ་བྲང་ལྕགས་རི་དཔག་ཚད་བཞི་ཡི་འཁོར་བའི་གནས་སུ་གསུངས་པ་ལུང་གིས་གྲུབ།”

གསུངས་གྲུབ་པའི་རྗེས་སུ་རྒྱུད་རིམ་གྱི་ཆ་ནས་དཔྱད་ན། བརྒྱུད་ཚུལ་སྣ་ཚོགས་ཡོད་ཀྱང། ༡༧“ཐོག་མར་༸གཤེན་རབ་མི་བོས་འཁོར་གྱི་དམ་པ་དཔྱད་བུ་ཁྲི་ཤེས་གཙོས་པའི་དྲང་སྲོང་ཆེན་པོ་བརྒྱད་དང། ལྷ་ཀླུ་མིའི་འཁོར་རྣམས་ལ་བཤད་པ་དང། དེ་རྗེས་དཔྱད་བུས་སྟག་གཟིག་དམུ་ཙ་ཏྲ་ཧེ་ལ་བརྒྱུད། དེས་ཁྲོམ་གསེར་ཐོག་ལྕེ་འབྱམས་ལ་བརྒྱུད། དེས་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་ལ་བརྒྱུད། དེས་གྱིམ་ཚ་རྨ་ཆུང་ལ་བརྒྱུད་དེ་དར་ཚུལ་དང། བསྟན་པ་ཆོས་སུ་བསྒྱུར་སྐབས། དཔེ་ཆ་མེ་ལ་བསྲེགས་པའི་གྲབས་བྱས་དུས། བོན་པོ་མི་བདུན་གྱིས་ཁྱེར་ནས་གཙང་སྟོད་བྱེ་མ་གཡུང་དྲུང་གསང་ཕུག་ཏུ་སྦས། ཕྱིས་དུས་ལ་བབ་ཙམ་ན། གཙང་གི་གཤེན་པོ་བུ་འཚོ་སྲིད་པའི་རྒྱལ་པོ་ཞེས་པའི་གཏེར་ཞལ་ཕྱེས་ནས། རྨེའུ་མཁས་པ་དཔལ་ཆེན་ནས་རིམ་པས་བརྒྱུད་ཚུལ་ཞིག་ཡོད་པ་ནི།” ཐུག་འབུམ་གྱི་མཇུག་བྱང་ལྟར་བཀོད་པའོ། དེ་ལྟ་བུའི་བརྒྱུད་རིམ་ནི་སྡོམ་ཚིག་ལྟ་བུ་སྟེ། དབུ་ནས་དར་ཚུལ་དང། མཇུག་གི་ནུབ་ཚུལ། ནུབ་རྗེས་གཏེར་ཐོན་ཚུལ་ཙམ་མོ།

གཞན་ཡང་རག་ཤི་ཚུལ་ཁྲིམས་སངས་རྒྱས་ཀྱི་༼གལ་ཆེའི་གསོ་རིག་གནད་བསྡུས་སུ༽ ཡངས་འཛིན་རིན་པོ་ཆེའི་གསུངས་པའི་གསོ་རིག་འབུམ་བཞིའི་བརྒྱུད་ཁུངས་ཀྱི་དཔྱད་གཞི་ལས་དྲངས་པའི་བདུད་རྩི་ཕུམ་ཕུམ་དགུ་པའི་བརྒྱུད་རིམ་དང། འབུམ་བཞིའི་བརྒྱུད་རིམ་དང་ལོ་རྒྱུས་སོགས་ཞིབ་ཏུ་དཔྱད་པ་བྱེད་པའི་གཞིར་གསུངས་པའི། ཕུམ་ཕུམ་དགུ་བའི་བརྒྱུད་རིམ་ནི། ༡༨“ཐོག་མར་བོན་སྐུ་ཀུན་ཏུ་བཟང་པོ་ནས་ཡབ་འཕྲུལ་གཤེན་སྣང་ལྡན་དང། བཟང་ཟ་རིང་བཙུན། འཆི་མེད་གཙུག་ཕུད། གསང་བ་འདུས་པ། རྨ་ལོ་དར་དཔྱང། ཡོངས་སུ་དག་པ། མི་ལུས་བསམ་ལེགས། སྟག་ཟ་ལི་ཝེར་སོགས་ནས་རིམ་པས་བརྒྱུད་ཅིང། དེ་རྗེས་ཞང་ཞུང་གཤེན་པོ་ཉེར་གསུམ་ལ་བརྒྱུད། དེ་རྗེས་རིག་འཛིན་དགུ་ལ་རྒྱུད་དེ་མཐར་གུ་བསྐྱེད་དཔལ་གྱི་གཡུང་དྲུང་གིས་གཏེར་དུ་སྦས་པ་དང། ཕྱིས་དུས་སུ་ཁུ་མཛུ་སྲིད་པའི་རྒྱལ་པོས། སྣ་རུ་བྲག་གནམ་སྐས་ཅན་ནས་སྤྱན་དྲངས་ཏེ། ཤཱཀྱ་དཔལ་ལ་བརྒྱུད། དེ་རྗེས་གཤེན་པོ་ཉེར་གཅིག་ལ་རིམ་པས་བརྒྱུད་ཚུལ་འཁོད་ཡོད།” དེ་ནི་སྔ་ཕྱི་ཐོག་མཐའ་ཡོངས་སུ་ཚང་ཞིང། བརྒྱུད་པའི་ཟམ་མ་ཆད་པར་ལྟ་བུ་ཞིག་ལགས། འོ་ན་སྨན་སྒྲུབ་བདུད་རྩི་ཕུམ་ཕུམ་དགུ་པ་དང་འབུམ་བཞི་གཉིས་ཀྱི་བརྒྱུད་པ་གཅིག་མཚུངས་ཡིན་ནམ། ཞེ་ན། དེ་ལྟར་ཁ་ཚོན་གཅོད་མ་ནུས་ཀྱང། ༡༩“དེ་གཉིས་ཀྱི་གཏེར་གནས་དང་གཏེར་སྟོན། གཅིག་མཚུངས་ཡིན་པ་ལོ་རྒྱུས་དུ་མར་གསལ་བས།” གོང་གི་བརྒྱུད་རིམ་ཕོན་ཆེན་དག་འབུམ་བཞི་བརྒྱུད་བྱའི་གང་ཟག་ཡིན་པར་སྨྲ་མ་ཤེས་ནའང། མི་རབས་དང་དར་ཡུན་སོགས་གཅིག་མཚུངས་ཡིན་པ་ནི་སུས་ཀྱང་ཤེས་ནུས་པ་ཞིག་རེད། རྒྱུད་རིམ་དེ་དག་གི་ཚོད་ལ་ལྟོས་ཏེ་འདས་པའི་མི་ལོ་སྟོང་བཞི་ལྔ་ཙམ་ཞིག་ཕྱིན་ཡོད་པའི་ཚོད་དཔག་བྱེད་ཆོག་པར་སེམས། སྤྱིའི་ཆ་ནས་བཤད་ན། སྔར་བོན་གྱི་བླ་ཆེན་མི་ཆེན་དག་གིས་ཉམས་སུ་ལེན་རྒྱུ་གཙོ་བོ། སྔགས་རྫོགས་སོགས་ཐེག་པ་ཆེན་པོའི་བོན་སྡེ་ཡིན་པ་ལས་ཐེག་དམན་གྱི་རྣམ་བཞག་ཟུར་དུ་ལྷག་བསྡད་པ་ལྟ་བུ་དང། ལྷག་པར་དུ་མོ་རྩིས་གཏོ་དཔྱད་ནི་ལུང་མ་བསྟན་པའི་བོན་གྱི་མཚན་གཞི་ཙམ་བཞག་པ་ལས། གཅེས་ཉར་དང་རྩི་མཐོང་དེ་ཙམ་མེད་པ་ལྟ་བུ་ལགས་ན། སྤྱི་ཚོགས་ནང་མཐོང་ཆེན་མི་རྩི་བའི་དངོས་པོ་ཞིག་ལག་ལེན་བསྟར་མཁན་གྱི་གང་ཟག་གི་མིང་མི་བགྲང་བ་བཞིན། སྨན་གཞུང་འབུམ་བཞིའི་བརྒྱུད་རིམ་མི་རབས་རེ་རེ་བཞིན་བགྲང་དགོས་ན། དེ་དང་དུས་མཉམ་པའི་སྨན་གྱི་སྒྲུབ་གཞུང་རྩ་ཆེན་དག་དང་ཕན་ཚུན་གོ་བསྡུར་བ་ལས། འབུམ་བཞི་རང་གི་བརྒྱུད་རིམ་གང་ཟག་རེ་རེ་བཞིན་ངོས་འཛིན་བྱེད་པ་ལ། ཆེས་དཀའ་ཁག་གི་གནས་སུ་མཐོང། གཞན་ཡང་སྟག་གཟིག་གི་ཡུལ་སྡེ་རུ་གསུངས་པའི་འབུམ་བཞི་དེ་ཉིད། བོད་སོགས་ཁྱིམ་མཚེས་རྒྱལ་ཁབ་དག་ལ་དར་ཚུལ་ནི། ཁྱུང་སྤྲུལ་རིན་པོ་ཆེའི་དགོངས་བཞེད་ལྟར་ན། ༢༠“སྐུ་ཡི་བསྟན་པ་རྫོགས་མཐར་གསུང་གི་སྟོན་པ་གདུང་སོབ་མུ་ཆོའི་སློབ་མ། འཛམ་གླིང་མཁས་པའི་རྒྱན་དྲུག་གིས་རྒྱ་དཀར་ནག་དང། བྲུ་ཤ། ཁ་ཆེ། ཁྲོམ། ཨོ་རྒྱན། ཐོ་གར། ཞང་ཞུང། བོད་སོགས་སོ་སོའི་ཡུལ་ལུང་གི་སྐད་ཐོག་བསྒྱུར་ཏེ་སྤེལ་བ་ལ་ངོས་འཛིན་གནང།” དེ་ནི་ལོ་ཙ་བས་བོན་དཔེ་བསྒྱུར་རིམ་སྤྱི་འགྲོས་ཤིག་ཡིན་ལ། ༸སྟོན་པ་སྐུ་འཚོ་བཞུགས་སྐབས་བོད་ཀྱི་ས་གནས་ཀོང་པོ་སོགས་ཞབས་བཅགས་ནས། རྒྱུ་ཡི་བོན་བཞི་གསུངས་པ་བདེན་ན་མོ་རྩིས་གཏོ་དཔྱད་ནི། རྒྱུ་བོན་དང་འཇིག་རྟེན་པའི་ཕན་བདེ་ཙམ་སོང་ཕྱིར། སྐབས་དེར་སྨན་དཔྱད་ཀྱི་གཞུང་ཆེན་གསུང་པའི་ཁོམ་པ་མ་བྱུང་ནའང། འཇིག་རྟེན་ཕན་བདེའི་ཆེད། གནད་ཡོད་ཀྱི་ལག་ལེན་འགའ་གསུངས་ཡོད་མེད་ལ་ཐེ་ཚོམ་སྐྱེ་མི་འོས་པ་ཞིག་མིན་སྙམ། དེའི་མ་ཚད་མེ་ཉག་ཡུལ་དུ་སྨན་དཔྱད་གསུངས་པ་གོང་དུ་སོང་ཟིན་པ་ལྟར་རེད། ད་དུང་སྨན་འབུམ་ལས། ༢༡“དཔྱད་བུ་ལ་སོགས་རིག་པ་འཛིན་པ་ཀུན། འཛམ་བུ་གླིང་འདིར་ཀུན་ལ་ཕན་གདགས་ཕྱིར། རྒྱུད་འདི་བསྟན་པའི་དུས་མཐར་གནས་པ་སྟེ། གཡུང་དྲུང་སེམས་དཔའ་རིགས་ཀྱིས་ལོ་ཙྭས་བསྒྱུར། གང་ཟག་གཞན་ཕན་ཅན་གྱིས་འགྲོ་དོན་བྱེད།” ཅེས་པས། སེམས་ཅན་ཐམས་ཅད་ཕན་པའི་ཕྱིར་དུ། གཞུང་འདི་ཉིད་ལོ་ཙྭ་བས་སྐད་རིགས་འདྲ་མིན་ཐོག་བསྒྱུར་ཏེ། ཞང་ཞུང་དང་བོད་སོགས་ཀྱི་ཡུལ་ཁམས་དག་ཁྱབ་སྤེལ་དང། རྒྱུན་གནས་ཐུབ་པར་བྱུང་ཡོད་པའི་དཔང་རྟགས་ཤིག་ཡིན་པར་སེམས། སྤྱིའི་ཆ་ནས་རྒྱུད་འདི་ཐེག་པ་དམན་ཤོས་ཕྱྭ་གཤེན་ཐེག་པའི་བོན་སྡེ་རུ་གཏོགས་ཀྱང། དགེ་རྩ་དང་བསོད་ནམས་རླབས་ཆེ་བའི་སྟབས་ཀྱིས། རྒྱུ་འབྲས་གཉིས་ཀའི་ཐེག་པའི་ཆ་ཤས་སུ་གཏོགས་པ་ཞིག་ལགས།

དེང་དུས་ཀྱི་མཁས་པ་རེ་འགའི་སྙན་དུ་གཏེར་མ་ཞེས་པའི་མཚན་ཐོས་པ་ཙམ་གྱིས། དངོས་པོ་མིན་པའི་སྣང་བ་ཞིག་སྐྱེ་མི་སྲིད་པ་མ་ཡིན་ཀྱང། དུས་ཀྱི་འཕོ་འགྱུར་དང་གྲུབ་མཐའི་ཆགས་སྡང་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་རྐྱེན་པས། བོན་ཆོས་གཉིས་ཀའི་དཔེ་ཆ་གྲངས་མང་ཞིག་གཏེར་སུ་སོང་ཡོད་པ་ནི། མིག་མཐོང་ལག་ཟིན་ལྟ་བུར་ལགས་ཕྱིར། སྨན་དཔེ་རྙིང་གྲས་རྣམས་ཀྱང་གཏེར་དུ་མ་སོང་བ་ཆེས་ཉུང་སྟབས། དེ་དག་གཏེར་སྦས་ཚུལ་དང་བཏོན་ཚུལ། གཏེར་གནས་གཏེར་སྟོན་སོགས་ཀྱི་རྒྱུད་རིམ་རོབ་ཙམ་མ་ཞུས་ཐབས་མེད་དུ་གྱུར། ༢༢“དེས་ན་ཐོག་མར་ཁྲི་སྲོང་གིས་བོན་བསྣུབ་སྐབས་བླ་ཆེན་དྲན་པ་ནམ་མཁས་ཕོ་བྲང་བསེ་སྒོ་ཅན་དུ། སྨན་རྩིས་ཀྱི་གཞུང་དང་བོན་དཔེ་མང་དག་ཅིག་གཏེར་དུ་སྦས་པ་དང། དེ་རྗེས་ལྷ་སྲས་མུ་ཐུག་བཙན་པོ་རྒྱལ་སར་བཏོན་པའི་དུས། ཁྱུང་པོ་གྱེར་ཟླ་མེད་དང་ལྷ་སྲས་གཉིས་ཀྱིས་དགོས་དབང་ལ་བརྟེན་ནས་གཏེར་རྣམས་བཏོན་ཏེ། སྤ་གྲོ་ཕུལ་གཅལ་གྱི་གཡོན་ངོས། བྲག་རི་ཞིག་གི་རྐེད་པར་སྦས་ཤིང་གཏེར་བདག་དྲུག་ལ་གཉེར་གཏད་མཛད། ཕྱིས་སུ་རྟ་ནག་བཙན་པོའི་སྲས་ཁུ་ཚ་ཟླ་འོད་ཅེས་པའི་བོན་གཤེན་ཞིག་གིས་གཏེར་ནས་དྲངས་ཤིང། ལག་ལེན་ཚུལ་བཞིན་གནང་པའི་མཐར་ཁུ་ཚ་སྨན་པའམ་མཁས་པ་གཡུ་ཐོག་པ་ཅེས་མཚན་ཐོགས་ཚུལ་ཀྱང་བཤད།” ༢༣“སྐབས་དེར་ཁུ་ཚས་དྲངས་པའི་འབུམ་བཞི་ཞིག་ཀྱང་ཡོད་པར་གྲགས།” ཕྱིས་སུ་ཁུ་ཚ་གཤེགས་རྗེས་མགར་སྟོན་གྱི་ཕྱག་ཏུ་འབྱོར་བ་དང། མགར་ཡབ་སྲས་ཀྱི་སློབ་མ་བུ་ཆེན་བཞི་ལ་བརྒྱུད་དེ་དར་ཡོད་པ་འདྲ། ༢༤“ཡང་བུ་མཚོ་སྲིད་པའི་རྒྱལ་པོས། གཙོང་སྟོད་རྡོ་རྗེ་གསང་ཕུག་ནས་སྨན་སྒྲུབ་བདུད་རྩི་ཕུམ་ཕུམ་དགུ་པ་དང། བདུད་རྩི་སྨན་གྱི་རྒྱུད་དགུ་ཐོན་པ་དང། གོང་གི་རིག་འཛིན་རྒྱུད་པ་རྫོགས་ནས་ཤཱཀྱ་དཔལ་གྱིས་བརྒྱུད་བྱའི་གཤེན་པོ་ཉེར་གཅིག་གི་ཐོག་མ་གཤེན་དམ་པ་རྒྱལ་ཚབ་ནས་བརྒྱུད་དེ་དར་ཁྱབ་བྱུང་ཡོད་པར་བཤད།” ༢༥“ཡང་དཔོན་གསས་ཁྱུང་རྒོད་རྩལ་གྱིས་ཞལ་བཟང་བྲག་གི་རྐེད་པ་ནས། སྨན་རྩིས་ལ་སོགས་བྲོ་ནད་གསོ་ཐབས་ཀྱི་གཞུང་འགའ་དང། མང་མཁར་ལྕགས་འཕྲང་ནས་གསོ་དཔྱད་བདུད་རྩི་བུམ་པ་ཆེན་ཆུང་སོགས་གཏེར་ལས་དྲངས།” ༢༦“ཡང་རྒྱལ་རོང་སེ་གཉན་ཞིག་པོས་དམུ་རྡོ་གཡུང་དྲུང་སྤུངས་རྩེའི་གཡས་ཟུར་ནས་བསྭེ་སྒྲོམ་གསུམ་ཐོན་པའི་བོན་སྡེ་ལས། བདུད་རྩི་དཔྱད་ཀྱི་མདོ་ཞིག་ཀྱང་ཐོན་རབས་བཤད།” ༢༧“གཞན་ཡང་སྒ་སྟོན་གྱི་གཏེར་གྱི་ཁ་བྱང་ལས། གསོ་དཔྱད་ལ་རྩ་འགྲེལ་གཉིས། ལག་ལེན་ལ་ཤིང་སྦྱོར་གཅིག། སྔོ་སྦྱོར་ལྡུམ་བཅོས་གསུམ། དཔྱད་བུ་ཁྲི་ཤེས་ཀྱི་སྨན་མདོ་བྱུང་ངོ་སོགས་གསུངས་པས། བསམ་ཡས་མཆོད་རྟེན་དམར་པོའི་འོག་ནས། སད་གུ་རིན་ཆེན་གྲགས་པ་དང། ཏྲེ་རྒྱལ་ར་ཙ་གཉིས་ཀྱིས་བཏོན་པའི་གང་གི་སྨན་དཔེ་དག་བྱུང་བ་དང། ཁོང་གཉིས་ཀྱིས་སུམ་པ་ལྷོ་སྟོན་གྱི་ཕྱག་ཏུ་གཏད། དེ་རྗེས་བོན་གྱི་སྨན་པ་ཞིག་གི་ལག་ཏུ་འབྱོར་ནས་རིམ་པས་དར་ཡོད་པ་འདྲ།” དེས་ན་ཁྱུང་སྤྲུལ་རིན་པོ་ཆེས་མཛད་པའི་སྨན་སྦྱོར་སྟོང་རྩ་ལས། ༢༨“སྤྲུལ་པའི་གཏེར་སྟོན་བན་དྷེ་མི་གསུམ་དང། ཁུ་ཚ་ཟླ་འོད་རིག་འཛིན་ཁྱུང་རྒོད་རྩལ། བློ་ལྡན་སྙིང་པོ་ལ་སོགས་གཏེར་སྙན་དང། གཞན་ཡུལ་མ་ནུབ་སྨན་རྒྱུད་གྲངས་མེད་བཅས།” ཞེས་སྨན་གཞུང་གི་གཏེར་སྟོན་དང་སྙན་རྒྱུད་པ་དེ་ཙམ་ངོས་འཛིན་གནང་ཡོད། དེ་ཡང་ད་ལྟ་སྤྱོད་བཞིན་པའི་འབུམ་བཞི་ནི། བན་དྷེ་མི་གསུམ་གྱིས་སྟོན་པའི་དཔེ་ཆ་དེ་ཡིན་པ་ལྟ་བུ་ཡོད་དེ། ༢༩“སྨན་འབུམ་དང་ནད་འབུམ་གཉིས་ཀའི་མཇུག་ཏུ། རྟེན་འབྲེལ་འགྲིག་པའི་དུས་སུ་བསམ་ཡས་རྩེ་ནས། བན་དྷེ་མི་གསུམ་གྱིས་བཏོན་པའོ། དེ་ནས་ལྷ་རྗེ་གཡུ་ཐོག་པས་ཞུས་སོ།” གསུངས་པས་གསལ།

གསོ་རིག་འབུམ་བཞི་འདི་ཉིད་ལ་དམིགས་གསལ་དཔེ་རྙིང་གྱི་ཁྱད་བོན་ལྡན་པ་ཞིག་སྟེ། ཚིགས་བཅད་ལྷུག་ངེས་མེད་དང། གནའ་སྔ་མོའི་བརྡ་སྐད་མང་བ། གཟའ་གདོན་སྔགས་རྣམས་ཞང་ཞུང་དམར་ཡིག་རང་སོར་གནས་པ། དེང་གི་དཔེ་ཆའི་འགྲོས་དང་ཁོག་འབུབས་སྟངས་སོགས་ཁྱད་པར་ཤིན་ཏུ་ཆེ་ཞིང། བཀའ་རྟགས་འབུར་དུ་དོན་པའི་སྔ་རབས་ཀྱི་དཔེ་གཞུང་བྱིན་རླབས་ཅན་གྱི་གསོན་ཉམས་ཡོངས་སུ་ཚང་བ་ཞིག་མངོན།

གོང་མིང་པས་གསོ་རིག་འབུམ་བཞིའི་མཐོ་སློབ་ཁང་ནས་སྤེལ།

༡༽ སྤྱི་ལོ༢༠༡༦་ལོར་གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེ་སྐབས་༣༦པའི་རྒྱུན་ལས་ནས་པར་སྐྲུན་གནང་ཞིང། གཤེན་རབ་མི་བོའི་མཛད་རྣམ་རྒྱས་པ་དྲི་མེད་གཟི་བརྗིད་པོད་གཉིས་པའི་དེབ་གཟུགས་ཤོག་གྲངས་༢༦༩ནས༢༧༠བར་གསལ།

༢༽ སྤྱི་ལོ༢༠༡༣ལོར་གཡུང་དྲུང་བོན་སྐབས་སོ་གསུམ་པའི་རྒྱུན་ལས་ནས་པར་བསྐྲུན་གནང་ཞིང། བྲ་བོ་སྒོམ་ཉག་གྱིས་གཏེར་ནས་བཏོན་པའི་རྩ་རྒྱུད་ཉི་ཟེར་སྒྲོན་མ་དེབ་གཟུགས་ཤོག་གྲངས༡༡༣ནས༡༡༤བར་གསལ།

༣༽ སྤྱི་ལོ༢༠༡༣ལོར་གཡུང་དྲུང་བོན་སྐབས་སོ་གསུམ་པའི་རྒྱུན་ལས་ནས་པར་བསྐྲུན་གནང་ཞིང། བྲ་བོ་སྒོམ་ཉག་གྱིས་གཏེར་ནས་བཏོན་པའི་རྩ་རྒྱུད་ཉི་ཟེར་སྒྲོན་མ་དེབ་གཟུགས་ཤོག་གྲངས༡༣༣ལས་གསལ།

༤༽ སྤྱི་ལོ༢༠༡༦་ལོར་གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེ་སྐབས་༣༦པའི་རྒྱུན་ལས་ནས་པར་སྐྲུན་གནང་ཞིང། གཤེན་རབ་མི་བོའི་མཛད་རྣམ་རྒྱས་པ་དྲི་མེད་གཟི་བརྗིད་པོད་དྲུག་པའི་དེབ་གཟུགས་ཤོག་གྲངས༢༥༡ལས་གསལ།

༥༽ སྤྱི་ལོ༢༠༡༦་ལོར་གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེ་སྐབས་༣༦པའི་རྒྱུན་ལས་ནས་པར་སྐྲུན་གནང་ཞིང། གཤེན་རབ་མི་བོའི་མཛད་རྣམ་རྒྱས་པ་དྲི་མེད་གཟི་བརྗིད་པོད་བདུན་པའི་དེབ་གཟུགས་ཤོག་གྲངས་༢༢ལས་གསལ།

༦༽ སྤྱི་ལོ་༡༩༩༡ལོར་ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་བསྐྲུན་ཞིང་དྲང་རྗེ་བཙུན་པ་གསེར་མིག་གིས་གཏེར་ལས་དྲངས་པའི་གཤེན་རབ་མི་བོའི་རྣམ་ཐར་འབྲིང་པོ་མདོ་གཟེར་མིག་དེབ་གཟུགས་ཤོག་གྲངས་༢༡༩ལས་གསལ།

༧༽ སྤྱི་ལོ༢༠༡༦་ལོར་གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེ་སྐབས་༣༦པའི་རྒྱུན་ལས་ནས་པར་སྐྲུན་གནང་ཞིང། གཤེན་རབ་མི་བོའི་མཛད་རྣམ་རྒྱས་པ་དྲི་མེད་གཟི་བརྗིད་པོད་བདུན་པའི་དེབ་གཟུགས་ཤོག་གྲངས་༢༧ལས་གསལ།

༨༽ སྤྱི་ལོ༢༠༡༣ལོར་བཤད་སྒྲུབ་འདུས་སྡེ་སྐབས་སོ་གསུམ་པའི་རྒྱུན་ལས་ནས་པར་བསྐྲུན་གནང་ཞིང། དྲན་པ་ནམ་མཁའ་དང་རིག་འཛིན་རྣམས་ཀྱིས་བཀའ་བགྲོས་མཛད་ནས་དྲན་པས་ཡི་གེར་བཀོད་པའི་གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེ་གླིང་གྲགས་ཤོག་གྲངས༢༩༣ལས་གསལ།

༩༽ སྤྱི་ལོ༢༠༡༢ལོར་བཤད་སྒྲུབ་འདུ་སྡེ་སྐབས་སོ་གཉིས་པའི་རྒྱུན་ལས་ནས་པར་བསྐྲུན་གནང་ཞིང། རྗེ་བདག་ཉིད་ཆེན་པོས་མཛད་པའི་བསྟན་པའི་སྲོག་ཤིང་འདུལ་བའི་བསླབ་བྱ་གསལ་བར་བྱེད་པའི་འགྲེལ་བ་འཕྲུལ་གྱི་སྒྲོན་མེ་དེབ་གཟུགས་ཤོག་གྲངས༥༧ལས་གསལ།

༡༠༽ སྤྱི་ལོ༢༠༡༦་ལོར་གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེ་སྐབས་༣༦པའི་རྒྱུན་ལས་ནས་པར་སྐྲུན་གནང་ཞིང། གཤེན་རབ་མི་བོའི་མཛད་རྣམ་རྒྱས་པ་དྲི་མེད་གཟི་བརྗིད་པོད་བདུན་པའི་དེབ་གཟུགས་ཤོག་གྲངས་༣༡༢ལས་གསལ།

༡༡༽ སྤྱི་ལོ༢༠༡༦་ལོར་གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེ་སྐབས་༣༦པའི་རྒྱུན་ལས་ནས་པར་སྐྲུན་གནང་ཞིང། གཤེན་རབ་མི་བོའི་མཛད་རྣམ་རྒྱས་པ་དྲི་མེད་གཟི་བརྗིད་པོད་བདུན་པའི་དེབ་གཟུགས་ཤོག་གྲངས༣༠ནས༣༡བར་གསལ།

༡༢༽ སྤྱི་ལོ༢༠༡༦་ལོར་གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེ་སྐབས་༣༦པའི་རྒྱུན་ལས་ནས་པར་སྐྲུན་གནང་ཞིང། གཤེན་རབ་མི་བོའི་མཛད་རྣམ་རྒྱས་པ་དྲི་མེད་གཟི་བརྗིད་པོད་བདུན་པའི་དེབ་གཟུགས་ཤོག་གྲངས༣༠ལས་གསལ།

༡༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་བསྐྲུན་གནང་པའི་དཔྱད་ཐབས་འཕྲུལ་སྡེའི་ཡང་བཅུད་མན་ངག་ཉམས་ཀྱི་ཡིག་ཆུང་དེབ་གཟུགས་ཤོག་གྲངས་༩ནས༡༠་བར་གསལ།

༡༤༽ སྤྱི་ལོ༢༠༡༦་ལོར་གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེ་སྐབས་༣༦པའི་རྒྱུན་ལས་ནས་པར་སྐྲུན་གནང་ཞིང། གཤེན་རབ་མི་བོའི་མཛད་རྣམ་རྒྱས་པ་དྲི་མེད་གཟི་བརྗིད་པོད་བདུན་པའི་དེབ་གཟུགས་ཤོག་གྲངས༡༤༦ནས༡༤༧བར་གསལ།

༡༥༽ སྤྱི་ལོ༢༠༡༦་ལོར་གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེ་སྐབས་༣༦པའི་རྒྱུན་ལས་ནས་པར་སྐྲུན་གནང་ཞིང། གཤེན་རབ་མི་བོའི་མཛད་རྣམ་རྒྱས་པ་དྲི་མེད་གཟི་བརྗིད་པོད་བདུན་པའི་དེབ་གཟུགས་ཤོག་གྲངས་༢༤༩ནས༣༢༢བར་གསལ།

༡༦༽ སྤྱི་ལོ༢༠༠༥ལོར་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་ནས་པར་བསྐྲུན་གནང་ཞིང། གཤེན་རབ་མི་བོས་མཛད་པའི་དེབ་གཟུགས་༼ཐུགས་འབུམ་མཁའ་སྔོན༽ཤོག་གྲངས༧་ལས་དང་འབུམ་གཞན་གསུམ་གྱི་དབུས་ལེའུ་ལས་མཚུངས་པར་གསལ།

༡༧༽ སྤྱི་ལོ༢༠༠༥ལོར་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་ནས་པར་བསྐྲུན་གནང་ཞིང། གཤེན་རབ་མི་བོས་མཛད་པའི་༼ཐུགས་འབུམ་མཁའ་སྔོན༽གྱི་མཇུག་བྱང་ལས་གསལ།

༡༨༽ སྤྱི་ལོ༢༠༠༩ལོར་བལ་ཡུལ་ཀ་ཐ་མན་ཌུ་ནས་པར་བསྐྲུན་གནང་ཞིང། རག་ཤི་ཚུལ་ཁྲིམས་སངས་རྒྱས་ཀྱིས་མཛད་པའི་སྔར་སྲོལ་བོད་ཀྱི་གསོ་རིག་སོགས་ལས་གཅེས་པར་བཏུས་པའི་གལ་ཆེའི་གསོ་རིག་གནད་བསྡུས་དེབ་གཟུགས་ཤོག་གྲངས༡༤ནས༡༨བར་གསལ།

༡༩༽ སྤྱི་ལོ༡༩༨༥ལོར་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་གནང་ཞིང། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི་ལེགས་བཤད་རིན་པོ་ཆའི་གཏེར་མཛོད་ཤོག་གྲངས༢༩༨ནས༢༩༩བར་གསལ།

༢༠༽ ཁྱུང་སྤྲུལ་རིན་པོ་ཆེས་མཛད་པའི་གསོ་རིག་རྒྱུད་འབུམ་བྱེ་བའི་ཡང་སྙིང་འགྲོ་ཀུན་འབྱུང་འཁྲུགས་ནད་ཀྱི་ཟུག་རྔུའི་གདུང་བ་ཀུན་སེལ་སྨན་སྦྱོར་སྟོང་རྩ་ཕན་བདེ་དཔྱིད་ཀྱི་དགའ་སྟོན་རོལ་པའི་རྒྱན་དེབ་གཟུགས་ཤོག་གྲངས་༡༦ལས་གསལ།

༢༡༽ སྤྱི་ལོ༢༠༠༥ལོར་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་ནས་པར་བསྐྲུན་གནང་ཞིང། གཤེན་རབ་མི་བོས་མཛད་པའི་སྨན་འབུམ་དེབ་གཟུགས་༨༨༣ནས༨༨༤་བར་གསལ།

༢༢༽ སྤྱི་ལོ༡༩༨༥ལོར་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་གནང་ཞིང། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི་ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ཤོག་གྲངས༢༦༨ནས༢༧༡བར་གསལ།

༢༣༽ སྤྱི་ལོ༢༠༠༩ལོར་བལ་ཡུལ་ཀ་ཐ་མན་ཌུ་ནས་པར་བསྐྲུན་གནང་ཞིང། རག་ཤི་ཚུལ་ཁྲིམས་སངས་རྒྱས་ཀྱིས་མཛད་པའི་སྔར་སྲོལ་བོད་ཀྱི་གསོ་རིག་སོགས་ལས་གཅེས་པར་བཏུས་པའི་གལ་ཆེའི་གསོ་རིག་གནད་བསྡུས་དེབ་གཟུགས་ཤོག་གྲངས༡༩ལས་གསལ།

༢༤༽ སྤྱི་ལོ༡༩༨༥ལོར་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན་ཞིང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི་ལེགས་བཤད་མཛོད་དེབ་གཟུགས་ཤོག་གྲངས༢༩༨ནས་༢༩༩བར་གསལ།

༢༥༽ སྤྱི་ལོ༡༩༨༥ལོར་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན་ཞིང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི་ལེགས་བཤད་མཛོད་དེབ་གཟུགས་ཤོག་གྲངས༣༠༢ནས༣༠༣ལས་གསལ།

༢༦༽ སྤྱི་ལོ༡༩༨༥ལོར་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན་ཞིང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི་ལེགས་བཤད་མཛོད་དེབ་གཟུགས་ཤོག་གྲངས༣༠༨ནས༣༠༩བར་གསལ།

༢༧༽ སྤྱི་ལོ་༢༠༠༩ལོར་རྒྱལ་ཤོད་བླ་ཆུང་གཡུང་དྲུང་འཇིགས་མེད་ཀྱིས་བལ་ཡུལ་ནས་དཔར་སྐྲུན་གནང་ཞིང། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་བོན་གྱི་དཔེ་དཀོན་ཕྱོགས་བསྒྲིགས་དེབ་གཟུགས་༡༤༠ནས༡༤༤བར་གསལ།

༢༨༽ ཁྱུང་སྤྲུལ་རིན་པོ་ཆེས་མཛད་པའི་གསོ་རིག་རྒྱུད་འབུམ་བྱེ་བའི་ཡང་སྙིང་འགྲོ་ཀུན་འབྱུང་འཁྲུགས་ནད་ཀྱི་ཟུག་རྔུའི་གདུང་བ་ཀུན་སེལ་སྨན་སྦྱོར་སྟོང་རྩ་ཕན་བདེ་དཔྱིད་ཀྱི་དགའ་སྟོན་རོལ་པའི་རྒྱན་དཔེ་གཟུགས་ཤོག་གྲངས་༡༦ལས་གསལ།

༢༩༽ སྤྱི་ལོ༢༠༠༥ལོར་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་ནས་པར་བསྐྲུན་གནང་ཞིང། གཤེན་རབ་མི་བོས་མཛད་པའི་དེབ་གཟུགས་སྨན་འབུམ་ཤོག་གྲངས་༨༨༨དང་ནད་འབུམ་ལེབ་མ༧༣༠ལས་གསལ།

རྩོམ་པ་པོ། དགེ་བཤེས་གཡུང་དྲུང་བཀྲ་ཤིས། གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་།