ཁྱུང་ཆེན་གྱི་རྟོགས་པ་བརྗོད་པ། (༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་རྟོགས་བརྗོད་ཚིགས་སུ་བཅད་པ།)

Menri_Potraits.cdrMenri_Potraits.cdr

༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་བོད་ལུགས་ལྟར་དགུང་གྲངས་89ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།

མ་རིག་རྒྱ་གསུམ་ཐོལ་གྱིས་རལ་ཏེ་མཐོན་པོ་ཐེག་པའི་ཡང་རྩེར་ཆིབས། །
རིག་པའི་རྩལ་གསུམ་ལམ་གྱིས་རྫོཊ་ཏེ་མཁའ་དབྱིངས་མཐོན་པོར་ལྡིང་སྐོར་བརྒྱབ། །
རིག་གཞུང་ཟབ་མོ་གཏེར་དུ་གྲུབ་པའི་གསོ་བྱེད་རི་བོའི་རྩེ་ལ་བྱོན། །
ཟབ་མོ་ལྷ་ཡི་ལུང་བསྟན་གཟུར་མོས་གསེར་གྱི་ཁྲི་ལ་ལྷོད་ཀྱིས་འགྱིངས། །

ཨ་ཆེན་གངས་དང་མདོ་ལའི་བར་ལ་དགོངས་ཚད་ཟབ་མོ་དམིགས་སུ་བཟུང་། །
དབང་ཕྱོགས་ཤར་གྱི་རི་བོའི་ཕང་བར་གཟིགས་ཚད་རིག་པ་གནད་དུ་སྨིན། །
རླབས་ཆེན་ཐུགས་བསྐྱེད་སྨོན་ལམ་ཆེན་པོས་དལ་འབྱོར་རྟེན་གྱི་ལང་ཚོ་བཞད། །
ལུས་ཅན་སྟོང་གི་བསོད་ནམས་དཔལ་དང་ཁ་བ་གངས་རིའི་རྒྱན་དུ་འཁུམས། །

རྒྱ་བོན་ཟིང་པས་གཏེར་ཆུ་བསྒྲུབས་པའི་བྱིན་རླབས་གནད་ཀྱི་ཚན་ཁ་ཅན། །
སྐྱང་འཕགས་ཚང་ཞེས་མཚན་གྱིས་བརྒྱན་པ་ཡུལ་ལྗོངས་ལྟ་ན་སྡུག་པའི་ཞིང་། །
རབ་བྱུང་རྒྱལ་པོ་ས་ཡི་འཁྱོག་འགྲོ་ལོ་དམིགས་དྲུག་པའི་གོང་ཁ་ནས། །
ལྡོང་གི་རིགས་སུ་ཕྱྭ་གཡང་འཁྱིལ་བ་མཚོ་སྐྱེས་པད་མོ་རྣམ་པར་དགོད། །

སྤྲུལ་བའི་སྐུ་ལ་རྣམ་པར་རོལ་ཚུལ་ཞལ་ལུང་བསྟན་པ་དམིགས་སུ་མེད། །
ཁྱད་དུ་འཕགས་པའི་རྟགས་དང་མཚན་མ་གློ་བུར་བྱུང་རབས་ཡུམ་ལ་མེད། །
ཀ་ཁའི་འབྲི་ཀློག་སྐུ་ཚེགས་མེད་པར་ཤར་ཤར་མཁྱེན་པ་ངོ་མཚར་སྐྱེས། །
རྣམ་དཀར་ལས་ལ་དུངས་ཞེན་ཟབ་པས་ཀུན་གྱིས་ཡི་རངས་སྨོན་པ་བྱུང་། །

ལྷ་བོན་སྒོ་བཞིའི་ཐེག་སྒོ་ཀུན་ལ་ཐོག་མར་རིག་པའི་བློ་རྩལ་སྦྱངས། །
ཕྱི་རྒྱུད་རྒྱས་བསྡུས་ཆོ་གའི་རིགས་ཀྱི་ལས་རིམ་འཕྲིན་ལས་ངེས་སུ་མཛད། །
ནང་རྒྱུད་ཡི་དམ་སྒྲུབ་སྐོར་ཡོངས་ལ་ལག་ལེན་སྒྲུབ་པ་ཕུལ་ཕྱིན་གནང་། །
གསང་བ་སོ་དྲུག་བསྙེན་སྒྲུབ་ལས་ལ་ངེས་དོན་བོན་གྱི་ལེའུ་དཔོན་མཛད། །

འདོན་ཀློག་གྱེར་གསུམ་ཐོགས་ཆགས་མེད་པ་འབུམ་ཁྲི་གློག་གི་ལྕེ་ཅན་གྲགས། །
འབུད་རྡུང་དཀྲོལ་གསུམ་བྱང་དུ་ཆུབ་པ་གཏོ་བུ་འབུམ་སངས་གྲོགས་སུ་སྦྲན། །
གར་ཐིག་དབྱངས་གསུམ་དཔྱིས་སུ་ཕྱིན་པ་རྒྱུད་འདྲེན་སྲས་ལ་ཅོ་ཡང་འདྲི། །
མདོ་ལ་རིང་མོའི་སྨད་ཀྱི་ཆ་ལ་གཤེན་རབ་བོན་གྱི་རྒྱན་དུ་གྲགས། །

གསོ་བ་རིག་པའི་འབུམ་བཞིའི་གཞུང་ལས་དུས་བཞི་ཁམས་རྩིས་རིག་པའི་གནད། །
སྣང་སྲིད་མཐོང་བ་མེ་ལོང་རྩིས་ལས་མ་བུ་དགྲ་གྲོགས་གནད་ཀྱི་དོན། །
རླུང་འཁྲིས་བད་ཀན་རྩ་བའི་ནད་ལ་རྩ་དཔྱད་རིག་པ་གནད་དུ་བཟུང་། །
མ་ཡུམ་མཆོག་གི་དགེ་རྩར་དམིགས་ཏེ་དཔྱད་བུ་ཁྲི་ཤེས་རྣམ་ཐར་བསྐྱངས། །
རྣམ་དཀར་ལས་ལ་རྒྱུན་ཆད་མེད་པར་གསོག་སྒྲུབ་གྲངས་ལ་ཐུགས་གོམས་མཛད། །
འགྲོ་དོན་ལས་ཀྱི་སྒྲིབ་པ་སྦྱོང་ཕྱིར་སྔོན་འགྲོ་བསགས་སྦྱང་འབུམ་དགུ་གནང་། །
ལོ་ཡི་འཁོར་ལོ་ཧྲིལ་པོ་གསུམ་ལ་སྒྲུབ་མཚམས་ལས་ཀྱི་ཉམས་ལེན་མཛད། །
ཐུན་མོང་མིན་པའི་མཛད་སྤྱོད་དེ་ཡིས་མཁར་ཡག་མཁས་པའི་སྤྲུལ་བར་གྲགས། །

སྟོབས་ལྡན་བློ་ཡིས་རྦད་ཐག་ཆད་དེ་དབེན་གསུམ་དགོན་པའི་སྡེ་ལ་ཕེབས། །
འཁོར་བའི་ལས་ལ་ངེས་འབྱུང་དྲག་པོས་རབ་ཏུ་བྱུང་བའི་མཛད་པ་གནང་། །
ཤེས་རབ་རྣམ་པར་དག་པའི་སྡེ་ཞེས་ཀུན་གྱིས་སྨོན་པའི་དྭངས་པ་འདྲེན། །
བྱུ་རུ་དམར་པོའི་ནགས་ཀློང་དེ་ནས་མཚན་གྱི་སྙན་པ་གཟེངས་སུ་ཐོན། །

འཕྲུལ་ཡིག་བཞི་བཅུ་སུམ་རྟགས་རིག་པའི་འབྱུང་བ་ཆེ་ཆུང་གནད་དུ་ཕབ། །
རིག་བྱེད་ངག་གི་སྙན་པའི་གཞུང་ལས་གཙང་གཤེན་དགོངས་པའི་དོན་ཡང་ཟིན། །
གནམ་རིག་སྐར་རྩིས་རིག་པའི་གཞུང་ལ་ཕྲ་ཞིབ་རིག་པ་མཐིལ་ཕྱིན་མཛད། །
ཤེས་བྱ་ཐུན་མོང་རིག་པའི་གནས་ལ་སྦྱངས་པ་དོན་གྱི་འབྲས་བུ་སྨིན། །

རིག་པའི་སྒོ་འབྱེད་བསྡུས་གྲྭའི་གཞུང་གི་རིག་ལམ་ཆེ་ཆུང་འཕྲུལ་འཁོར་བསྐོར། །
མངོན་ལྐོག་དོན་གསལ་ཚད་མ་རིག་པས་བློ་རིག་རྣམ་གྲངས་ཁྱབ་མཐའ་བཅད། །
བློ་སྟོབས་འདེགས་པ་ཐེག་པའི་གཞུང་གིས་གྲུབ་མཐའི་གསང་བ་མངོན་དུ་རྟོགས། །
ས་དང་ལམ་གྱི་རྣམ་གཞག་མ་ལུས་ཐེག་པ་ཆེ་ཆུང་ཁོངས་དུ་ཆུབ། །
རྣམ་མཁྱེན་སྣ་ཚོགས་གསང་བའི་འབྱུང་གནས་ཤེས་བྱ་ཀུན་གྱི་ཡུམ་ཆེན་གང་། །
ཡན་ལག་མཚོན་བྱེད་བཞི་བཅུ་ཞེ་ལྔ་ཤེས་རབ་ཕ་རོལ་ཕྱིན་པའི་གཞུང་། །
རང་བཞིན་གནས་སྐབས་བདེན་པ་རྣམ་གཉིས་མཐའ་བྲལ་དབུ་མའི་ཟབ་གནད་སོཊ། །
མི་བསླུ་ཚུལ་གསུམ་རིག་པའི་རྟགས་ཀྱིས་གཏན་ལ་ཕབ་པའི་རིག་པ་བསླབ། །

རང་བཞིན་ཡེ་སྲིད་སྲིད་པ་གསུམ་ལས་སྒོང་སྐྱེས་ལྟ་བའི་གནས་ལུགས་སོགས། །
ཕྱི་ནང་སྣོད་བཅུད་འབྱུང་བའི་ཆགས་རིམ་སྲིད་པའི་མཛོད་གནས་བཅུ་བདུན་གཞུང་། །
བླང་དོར་བསླབ་པ་ཁྲིམས་ཀྱི་གནད་དོན་བསྟན་པའི་སྲོག་ཤིང་འདུལ་བའི་གཞུང་། །
སྒོ་བཞི་མཛོད་ལྔའི་བོན་སྒོ་ཀུན་ལ་རིག་པའི་བག་ཆགས་སྨིན་པ་མཛད། །

ཡེ་ཤེས་ལྷ་དང་དམ་ཚིག་སེམས་དཔའ་གཉིས་མེད་ལས་ཀྱི་དམིགས་སུ་བསྒོམས། །
ཏིང་འཛིན་རྣམ་པ་གསུམ་གྱི་ཀློང་ནས་ཐེག་པ་རིམ་དགུའི་ཁོག་ཀྱང་དབུབ། །
རིམ་གཉིས་ལྟ་བའི་བསྐྱེད་རྫོགས་ཟབ་མོས་ལྷ་སྐུ་རིག་པ་མངོན་དུ་གྱུར། །
གསང་ཆེན་རིག་འཛིན་རྣམ་བཞི་གྲུབ་ནས་ཕྱག་ཆེན་དོན་གྱི་རིག་པ་འཛིན། །

གཞི་ཡི་ཀ་དག་ལྷུན་གྲུབ་ཟུང་འཇུག་ཇི་བཞིན་ཉིད་ཀྱི་ལྟ་བའི་དོན། །
རྩ་བྲལ་རང་འབྱུང་ཡེ་ཤེས་རིག་པས་མ་བཅོས་གནས་ལུགས་ངང་དུ་གྲོལ། །
ཐུན་མིན་རྫོགས་ཆེན་སེམས་ཀྱི་སྡེ་ལས་ནམ་མཁའ་འཕྲུལ་གྱི་མཛོད་ཆེན་གཞུང་། །
ཡང་རྩེ་ཐེག་པའི་ལྟ་བའི་ངོ་བོ་སོ་མ་རང་ལུགས་རྒྱན་དུ་གྲོལ། །
མ་བཅོས་རང་ཤར་རང་གྲོལ་ངོ་བོ་ཕྱི་ཡི་ལྟ་བ་སྤྱི་ནས་གཅོད། །
བསླུ་མེད་རྒྱལ་བའི་གདམས་པའི་མཐར་ཐུག་ནང་གི་མན་ངག་དམར་གྱིས་ཁྲིད། །
ཡེ་ཉིད་སྟོན་པ་ཀུན་བཟང་དགོངས་པ་གསང་བ་རིག་པ་གཅེར་གྱིས་མཐོང་། །
ཟབ་མོ་གནད་ཀྱི་ཉག་ཅིག་ཐིག་ལེ་ཡང་གསང་གནས་ལུགས་ཕུགས་སུ་ཆོད། །

དེ་ལྟར་ཐུན་མིན་པོད་ཆེན་དྲུག་ལ་སྐྱེས་སྦྱངས་རིག་པ་ཁོངས་ནས་འབར། །
རྒྱལ་བ་ཧོར་པ་དྲུང་རམས་པ་ཞེས་བླ་མའི་ཐུགས་ཀྱང་ཟིན་པར་མཛད། །
ཉེར་ལྔ་གྲངས་ཀྱི་དགུང་ཚད་བཞེས་དུས་རབ་འབྱམས་བཤེས་ཀྱི་དམ་བཅའ་མཛད། །
གྲགས་པ་སྙན་མོ་འབྲུག་གི་སྒྲ་བཞིན་མཐོན་པོ་ཨ་སྔོན་དགུང་ལ་ལྡིར། །

རྒྱལ་མོ་རོང་གི་ཁྲོ་སྐྱབས་རྒྱལ་པོའི་རྒྱལ་ས་ཆེན་མོ་དྲུག་ཟུར་ནས། །
ཕ་ནོར་རྒྱལ་བའི་བཀའ་འགྱུར་ཆེན་མོ་ཚར་གྲངས་ཐབས་ཤེས་གསེར་གྱི་ཉ། །
ཤར་གྱི་འཁྲུངས་གཞིས་མ་དགོན་དེ་ལ་རྟེན་བཞག་ཚུལ་དུ་དྲངས་པ་ཡང་། །
ལུང་རྟོགས་བསྟན་པའི་སྡེ་ལ་བཞག་པའི་མཛད་རྗེས་རི་མོ་བསུབ་ཏུ་མེད། །

རྒྱལ་བ་གོང་མའི་ཕྱག་སྲོལ་ཇི་བཞིན་མ་འོངས་ཕུགས་འདུན་ཐུགས་སུ་ཤར། །
གཏན་གྱི་ཕ་ཡུལ་རིང་དུ་བཞག་ནས་ཞབས་ཟུང་རེ་ཁཱ་དབུས་ལ་བསྒྱུར། །
རུ་ལག་གཡུང་གླིང་མཁན་སློབ་མདུན་ལ་གཙང་མ་གཙུག་ཕུད་སྡོམ་པ་བཞེས། །
གདན་ས་གསོ་བྱེད་སྨན་གྱི་རི་ལ་ཐོག་མར་མཇལ་བའི་བསྐལ་བཟང་ཤར། །
རབ་ཏུ་ཡངས་པའི་ཐུགས་ཀྱི་གཤིས་ལ་ཕྱོགས་ལྷུང་དྲི་མ་ཀུན་ནས་དྭངས། །
དཔལ་ལྡན་འབྲས་དཀར་སྤུངས་པའི་གདན་སར་ཆོས་ཀྱི་གཞུང་ལ་སློབ་པ་གནང་། །
གྲུབ་དོན་ས་གསུམ་ཕར་ཕྱིན་གཞུང་ལ་རིས་མེད་བློ་སྦྱོང་ཕུལ་ཕྱིན་མཛད། །
རླབས་ཆེན་དམ་པའི་མཛད་པ་དེ་ཡང་ཚུར་མཐོང་བློ་ཡིས་ནུས་པ་མིན། །

སྤྱི་མཐུན་ལས་ཀྱི་དབང་ཤུགས་བཙན་པོས་དུས་ཀྱི་རླུང་དམར་ཤར་ནས་ལྡང་། །
ཐུགས་སྨོན་ཟབ་མོ་དུས་སུ་སྨིན་ཏེ་ཞབས་ཟུང་འཁོར་ལོ་ལྷོ་ལ་བསྒྱུར། །
གངས་དཀར་ཏི་ཙེ་འཕྲེད་ཀྱིས་བཅད་དེ་མ་པང་མཚོ་མོ་རྒྱབ་ཏུ་བཞག །
ཧི་མ་ལ་ཡའི་རི་སུལ་བརྒྱུད་ནས་བལ་པོ་རྒྱལ་པོའི་ཁབ་ཏུ་བྱོན། །

བལ་བོད་གཉིས་ཀྱི་ས་ཡི་མཚམས་ལ་ཆུ་མིག་བརྒྱ་རྩའི་གྲུབ་གནས་དང་། །
ལ་སྟོད་གནས་ཀྱི་རྫོགས་ཆེན་བརྒྱུད་རིམ་ཡང་སྟོན་བླ་མའི་གདན་ས་སོགས། །
སྐུ་ཡི་ངལ་བ་རིང་དུ་དོར་ཏེ་ཞབས་ཐང་འགྲོས་ཀྱིས་ཞིབ་མཇལ་གནང་། །
གསུང་རབ་གླེགས་བམ་འཚོལ་བསྡུ་མཛད་པའི་འཕྲིན་ལས་དེ་ཡང་ཞོར་ལ་བསྐྱངས། །

ཚ་བའི་རླབས་འཕྲེང་རབ་ཏུ་འཕྱུར་བའི་ལྡི་ལི་གསར་པའི་གྲོང་ཁྱེར་ནས། །
ནུབ་ཕྱོགས་ཡུལ་གྱི་སློབ་དཔོན་ཆེན་མོ་མཁས་དབང་བདེ་གསལ་དགེ་རབ་མཇལ། །
དབྱིན་ཡུལ་ལོན་ཌོན་སློབ་གྲྭ་ཆེན་མོར་དགེ་རྒན་གནང་རྒྱུའི་རེ་བསྐུལ་ལྟར། །
མཁའ་ཡི་ལམ་ཆེན་ཐོག་མར་བརྒྱུད་ནས་ཕྱི་ཡི་ཡུལ་ལ་ཐོལ་གྱིས་ཕེབས། །
ཕ་ནོར་རིག་པའི་གཞུང་ལུགས་ཟབ་མོ་མགོ་སེར་ཡུལ་ལ་དར་སྤེལ་དགོངས། །
འཛམ་གླིང་སྤྱི་ཡི་སྐད་དུ་གྲགས་པ་དབྱིན་ཇིའི་སྐད་དང་ཡི་གེ་སྦྱངས། །
དེང་རབས་འཕྲུལ་གྱི་ཚན་རྩལ་རིག་པར་ཐུགས་རྒྱུད་མོས་པས་འཇུག་པ་མཛད། །
ཡེ་ཤུའི་བླ་ཆེན་པོབ་དང་མཇལ་ནས་གསུང་གླེང་མཛད་པའང་ཁྱད་དུ་འཕགས། །

བར་དུ་གོང་ས་རྒྱལ་བའི་བཀའ་བཞིན་ངྷ་སའི་རི་ལ་ཞབས་སོར་འཁོད། །
བྱེས་འབྱོར་བོད་མིའི་སློབ་གྲྭ་དང་པོའི་དགེ་རྒན་ཆེན་མོར་བསྐོ་བཞག་མཛད། །
ཐུགས་ངལ་སྣ་ཚོགས་འཛེམས་ཟོན་མེད་པར་འོས་བབས་འགན་འཁྲི་དང་དུ་བླངས། །
མཐའ་མར་ཀོ་ལོང་རུ་ཏྲ་ཞིག་གིས་འོ་བརྒྱལ་མཛད་པའི་གཏམ་ཡང་ཐོས། །

དེ་ནས་ནོར་ལྡན་རྒྱལ་པོའི་ཁབ་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོ་རུ། །
ཞིབ་འཇུག་རིག་པའི་སློབ་སྟོན་མཛད་དེ་ཡུན་རིང་བཞུགས་པའི་འབྲས་རྟགས་སུ། །
ཞང་ཞུང་བོན་གྱི་རིག་པའི་གཞུང་ལ་སློབ་གཉེར་གནང་མཁན་མང་དུ་བྱུང་། །
མཚན་གྱི་སྙན་པ་གྲགས་པའི་རླབས་སྒྲ་ཞི་བདེ་རྒྱ་མཚོའི་མཐའ་ནས་འབར། །

འཛམ་གླིང་བོན་གྱི་གཙུག་གི་རྒྱན་གཅིག་རྒྱལ་བ་གཉིས་པའི་རྒྱལ་ཚབ་ལ། །
བོན་སྐྱོང་དམ་ཅན་གནད་སྒྲུབ་བགྱིས་ཏེ་མཚན་བྱང་ཟན་གྱི་རྟགས་རིལ་བསྒྲིལ། །
ལྷ་དང་སྲུང་མའི་བཀའ་ཡིས་བསྐུལ་ཏེ་སངས་རྒྱས་བསྟན་པ་འཛིན་པའི་སྡེ། །
སྨན་རིའི་ཁྲི་འཛིན་སོ་གསུམ་པ་ཞེས་འབྲུག་གི་སྒྲ་བཞིན་དགུང་ལ་གྲགས། །
གཞིས་བྱེས་བོན་འབངས་ཁྲི་མ་འབུམ་གྱིས་ཀི་ཀི་བསྭོ་བསྭོའི་ལྷ་རྒྱལ་གསོལ། །
ལྷ་དང་སྲུང་མར་བསང་མཆོད་འདེགས་བཞིན་ཁ་ལས་རླུང་རྟ་དགུང་དུ་སྤུར། །
རིན་ཆེན་དང་པོ་མར་ཞིའི་ཁྲི་ལ་ཞབས་ཟུང་འཁོད་པའི་རྟེན་འབྲེལ་ཞུས། །
ལུང་རྟོགས་བསྟན་པའི་ཉི་མའི་དཔལ་ཞེས་བཅུ་གསུམ་གནམ་གྱི་མཐོངས་སུ་བཏེགས། །

འཕགས་ཡུལ་བྱང་ཕྱོགས་ཧི་མ་ཅལ་དུ་བྱེས་སྡོད་བོན་གྱི་གཞིས་ཀ་དེར། །
ཐོབ་རྒྱལ་གསར་པའི་རི་ཡི་རྩེ་ལ་གཡུང་དྲུང་བསྟན་པའི་འདུས་སྡེ་ཆེ། །
གདན་ས་གཤེན་བསྟན་སྨན་རིའི་གླིང་ཞེས་གཙུག་ལག་རྟེན་དང་བརྟེན་པ་བཅས། །
གསར་དུ་བསྐྲུན་པའི་མཛད་རྗེས་འདི་ཡང་གཤེན་རབ་བསྟན་པའི་རྒྱན་དུ་རྨད། །

མ་འོངས་བསྟན་པའི་སོན་རྩར་དགོངས་ཏེ་བོན་གཞིས་ཉིན་མོའི་སློབ་གྲྭ་བཙུགས། །
ཉམ་ཆུང་དྭ་ཕྲུག་སྣ་ཚོགས་བསྡུས་ཏེ་བོན་ཕྲུག་བདེ་དོན་གསར་འཛུགས་གནང་། །
མི་རིགས་རིས་མེད་སློབ་ཕྲུག་ཚོགས་ལ་བཅའ་སྡོད་བོན་བུ་ཁྱིམ་ཁང་བསྐྲུན། །
རླབས་ཆེན་དམ་པའི་འཕྲིན་ལས་འདི་དག་རྒྱལ་སྲས་སྤྱོད་པའི་དཔལ་དུ་འགྲན། །

ཐུགས་ངལ་བརྒྱ་ཕྲག་རིང་དུ་བོར་ནས་བསྟན་ལ་སྐུ་ཚེགས་ཚད་མེད་མཛད། །
མདོ་སྔགས་རྫོགས་གསུམ་རིག་པའི་ལྟེ་གནས་བཤད་སྒྲུབ་འདུས་པའི་སྡེ་ཆེན་བཙུགས། །
གཞིས་བྱེས་གཉིས་ནས་སྐལ་ལྡན་སློབ་ཚོགས་སྦྲང་མ་རྩི་ལ་འདུ་བ་བཞིན། །
དམ་པ་གང་གི་བཀའ་དྲིན་མཐུ་ལས་རབ་འབྱམས་དགེ་བཤེས་བརྒྱ་ཕྲག་སོན། །
ཝཱཎཱ་བོད་ཀྱི་གཙུག་ལག་ཁང་ལ་ཐབས་ཀྱིས་བཀའ་བགྲོས་ལེགས་མཛད་དེ། །
གཡུང་དྲུང་བོན་གྱི་དགེ་སློབ་ཁང་ཞེས་ཐོག་མར་བཙུགས་པའི་མཛད་རྗེས་བཞག །
སྤྱི་མཚུངས་རྒྱ་གར་དབུས་ཀྱི་གཞུང་ནས་རོགས་མགོན་ཐུན་མོང་བསྩལ་པ་ཡིས། །
གནའ་བོའི་ཞང་ཞུང་བོན་གྱི་གཞུང་ལ་སློབ་གཉེར་མི་སྣ་སྐྱེད་སྲིང་གནང་། །

དུས་རབས་གསར་པའི་འགྲོས་དང་བསྟུན་ཏེ་སློབ་གཉེར་རིག་པའི་མཐུན་རྐྱེན་དུ། །
བོན་གཞིས་གདན་ས་སྨན་གྱི་རི་ལ་གཡུང་དྲུང་བོན་གྱི་དཔེ་མཛོད་ཅེས། །
ཤར་ནུབ་འཛམ་གླིང་ཀུན་ནས་བསྡུས་པའི་གནའ་དེང་དཔེ་དེབ་རི་ལྟར་བརྩེགས། །
གོང་ས་རྒྱལ་བས་སྒོ་འབྱེད་མཛད་དེ་བསྟོད་པའི་ཕྱག་ཟུང་དཔྲལ་བར་སྦྱར། །

སྔ་རབས་སྟོན་པ་བཅོ་བརྒྱད་ཕྱག་སྲོལ་ཉམས་པ་གང་ཞིག་སླར་གསོ་ཆེད། །
གཡས་རུའི་འཆད་རྩོད་ཆེན་མོ་ཞེས་པ་བཤད་སྒྲུབ་སྡེ་ལ་ཆེད་འཛུགས་ཞུས། །
ཚད་མའི་དེ་ཉིད་རིག་པའི་གཏེར་ལ་རྩོད་པ་བོན་གྱི་འཁོར་ལོ་བསྐོར། །
ཚུལ་གསུམ་རྟགས་ཀྱི་རིག་པ་དེ་ཡང་མ་ཉམས་གོང་འཕེལ་མཐོ་རུ་བཏེགས། །

གཞན་ཡང་ཐོབ་རྒྱལ་ལྷོ་ཡི་ངོས་ལ་རད་ན་སྨན་གླིང་བཙུན་དགོན་བཏབས། །
མཚན་ཉིད་རིག་པའི་བཤད་གྲྭ་བཙུགས་ནས་ཇོ་མོའི་སྡེ་ལ་རིག་པ་འཕེལ། །
བོན་གཞིས་ནུབ་ཕྱོགས་ཀླུ་དབང་ངོས་ལ་གསང་སྔགས་སྒོམ་སྒྲུབ་གླིང་ཆེན་བཞེངས། །
བསྙེན་སྒྲུབ་ལས་ཀྱི་ཕྱག་སྲོལ་མཛད་པའི་རིག་འཛིན་ཕོ་མོའི་སྡེ་ཡང་སྤེལ། །
སྐུ་ངལ་ཁོ་ནས་གསར་བཞེངས་མཛད་པའི་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་། །
ཆེས་མཐོའི་གཞུང་གི་གསོ་རིག་སྡེ་ལ་ཁྲིམས་མཐུན་དེབ་སྐྱེལ་སྙན་གསེང་ཞུས། །
གནད་ཡོད་མི་སྣས་བཀའ་བགྲོས་མཛད་དེ་ཚད་དང་ལྡན་པའི་བཀའ་འཁྲོལ་ཐོབ། །
ས་སྐྱེས་རྡོ་སྐྱེས་རིག་གཞུང་དེ་ཡང་འཛམ་བུའི་གླིང་ལ་དར་སྤེལ་མཛད། །

ཐུགས་བསྐྱེད་དག་པའི་སྨོན་ལམ་ཟབ་མོས་གངས་ཅན་ལྗོངས་ལ་ཆིབས་ཞལ་བསྒྱུར། །
ཀུན་མཁྱེན་མཉམ་མེད་གསེར་གྱི་ཁྲི་ལ་ཞབས་སོར་པད་མོ་དངོས་སུ་བཀོད། །
མདོ་དབུས་ཁམས་གསུམ་བོན་འབངས་ཡོངས་ཀྱིས་དད་གུས་ཐལ་མོ་སྙིང་ལ་སྦྱར། །
བདེ་ཆེན་རྒྱལ་པོའི་གདངས་དབྱངས་ཟབ་མོ་ཏི་ཙེ་གངས་ཀྱི་རྩེ་ནས་གྲགས། །

ཀུན་ཏུ་བཟང་པོ་རྒྱལ་བ་རྒྱ་མཚོ་རྣམ་འདྲེན་བཅུ་བཞིའི་གཟིགས་ཕྱོགས་ཀྱིས། །
གང་ལ་གང་དགོས་རོགས་མགོན་བསྩལ་པ་ཐུགས་རྗེ་བཀའ་དྲིན་ཁོ་ན་ཡིས། །
ཡང་མེས་བོད་ཀྱི་རིག་གཞུང་རྒྱུད་འཛིན་གཡུང་དྲུང་བོན་གྱི་བླ་ཆེན་ཞེས། །
སྙན་པའི་གྲགས་པ་དཔྱིད་ཀྱི་དབྱངས་སྙན་གོ་ལ་རིལ་པོའི་རྩེ་ལ་འཕུར། །

སྤྱི་ཚོཊ་རིག་པ་འཕེལ་རིམ་འགྲོས་ཀྱིས་ཐུཊ་དགོངས་གཟིགས་པ་ཆེར་བསྐྱེད་ཀྱིས། །
ནུབ་ཕྱོགས་མགོ་སེར་ཡུལ་གྲུ་ཁག་ལ་བོན་གྱི་སློབ་གཉེར་ལྟེ་གནས་ཁང་། །
སྣ་ཚོགས་རིག་པའི་སྡེ་ཚན་བསྐྲུན་ཞིང་བཀའ་ཁྲིད་དབང་ལུང་བདུད་རྩིའི་རྒྱུན། །
གཡུང་དྲུང་བོན་བསྟན་ཕྱོགས་སུ་སྤེལ་ལ་ཐུགས་ངལ་སུན་པ་ཀུན་ནས་བྲལ། །
ཚོགས་གཉིས་རྒྱ་མཚོའི་རླབས་ལས་བལྟམས་པའི་མཚན་དཔེ་མེ་ཏོག་ཤར་ནས་བཞད། །
མདོ་སྔགས་རིག་པའི་གཙུག་ལག་ཟབ་མོ་ལྔ་རིག་བདུད་རྩི་བྱང་ནས་མཆོད། །
ཕ་ནོར་གཡུང་དྲུང་བསྟན་པའི་རིག་གཞུང་ཐོག་མའི་སྲོལ་གྱིས་ནུབ་ཏུ་སྤེལ། །
གཡུང་དྲུང་བོན་གྱི་བཤད་སྒྲུབ་སྡེ་ཆེན་ཐུགས་དགོངས་ཟབ་མོས་ལྷོ་ལ་བཏབས། །

ལུང་རྟོགས་བསྟན་པ་སྨན་གྱི་རི་ལ་གསེར་གྱི་ཉི་མ་ཤར་བ་བཞིན། །
ཡངས་པའི་འཛམ་གླིང་རྒྱལ་ཁམས་ཀུན་ལ་རླབས་ཆེན་ལས་བྱང་ཀུན་ཏུ་ཁྱབ། །
གསང་བ་གསུམ་གྱི་རྣམ་བཞིའི་འཕྲིན་ལས་ནམ་མཁའི་མཐའ་བཞིན་གཞལ་མེད་པ། །
མི་འགྱུར་གཡུང་དྲུང་སྐུ་ཡི་ཚེ་བསྲིངས་བསྐལ་པ་ཁྲི་རུ་བརྟན་བཞུགས་གསོལ། །

དམ་པ་གང་གི་གསང་བ་གསུམ་གྱི་རྟོགས་པ་བརྗོད་པའི་རྣམ་པར་ཐར། །
ཀུན་གསལ་ནམ་མཁའ་ཡངས་པའི་ཁྱོན་དང་རྒྱ་མཚོ་ཆེན་པོའི་མཐའ་དང་མཉམ། །
རྒྱལ་སྲས་གཡུང་དྲུང་སེམས་དཔའི་ཚོགས་ཀྱིས་བརྗོད་ཀྱིས་མི་ལང་ལྗགས་ངལ་ན། །
ཚུར་མཐོང་བློ་ཅན་ཁོ་བོ་ཙམ་གྱིས་ཚིག་གི་འཕྲེང་བས་ག་ལ་ནུས། །

རྣམ་འདྲེན་བརྒྱད་པ་གཤེན་རབ་ལས་ཀྱང་བྱིན་རླབས་བརྩེ་བའི་སྐུ་དྲིན་ཅན། །
བསྐྱེད་བྱེད་དྲིན་ཆེན་ཕ་མ་ཟུང་ལས་གཉོར་སྐྱོང་མཛད་པའི་ཡབ་ཆེན་གང་། །
དམ་པ་གང་གི་བཀའ་དྲིན་ཐུགས་རྗེ་གསེར་སྲང་སྟོང་གིས་གཞལ་ནུས་མིན། །
སྙིང་ནས་དད་པའི་དམ་ཚིག་གློད་མིན་རྟོགས་པ་བརྗོད་པའི་ཚིག་འདི་བྱས། །
འདི་ནི་གནའ་བོའི་སྲོལ་རྒྱུན་ཇི་བཞིན་ཧ་ཅང་དམ་པའི་རྟོགས་བརྗོད་མིན། །
དེང་རབས་གསར་པའི་ལུགས་སུ་བྱས་ཏེ་ཧ་ཅང་གྲོང་ཚིག་ཁོ་ནའང་མིན། །
བརྡ་རྙིང་མངོན་བརྗོད་ཁོ་ནས་བརྒྱན་ཏེ་བརྗོད་སྙིང་བོར་བའི་ལུགས་ཀྱང་མིན། །
བརྡ་སྤྲོད་ལུགས་སོགས་རིང་དུ་གྱེས་ཏེ་འུད་བརྗོད་ཁོ་ནའི་ངག་ཀྱང་མིན། །

འདི་ནི་གོ་སླ་ཚིག་གིས་བརྒྱན་པའི་རང་བཞིན་བརྗོད་པའི་རྟོགས་བརྗོད་ཡིན། །
རླབས་ཆེན་འཕྲིན་ལས་མཛད་པ་ལ་སོགས་ཚིག་གིས་བརྗོད་པའི་རྣམ་ཐར་ཡིན། །
བཀའ་དྲིན་ཁོ་ན་རྗེས་སུ་དྲན་ཏེ་བསྔགས་པ་བརྗོད་པའི་སྙན་ཚིག་ཡིན། །
རྟེན་འབྲེལ་ཐ་ཚན་མུ་ཙུག་སྨར་ཞེས་འཁྲུངས་སྐར་ཉིན་མོའི་ལྷ་དར་ཡིན། །

གང་གི་རྟོགས་བརྗོད་རྒྱ་མཚོའི་ཀླུང་ལས་ཆུ་ཐིགས་ཙམ་གྱི་ཚིག་འཕྲེང་འདི། །
ཁྲི་གཤོག་རྒྱལ་མོར་དལ་རྟེན་རྙེད་པའི་གཡུང་དྲུང་ལྷ་ཡི་མཚན་འཛིན་པ། །
ཤེས་བྱའི་བློ་གྲོས་ཀུན་ནས་དབེན་པའི་ངུར་སྨྲིག་རྒྱན་འཆང་རྒྱལ་ཁམས་པས། །
སྒོ་གསུམ་བླ་མེད་དད་གུས་ཆེན་པོས་གསོ་བྱེད་རི་བོའི་འདབས་སུ་བཏེགས། །

ཅེས་པ་འདི་ཡང་ངོ་བོ་སངས་རྒྱས་དང་མཉམ་ཞིང་བཀའ་དྲིན་སངས་རྒྱས་ལས་ལྷག་པའི་དྲིན་ལན་གཞལ་མཐའ་བྲལ་བ་ཁོ་བོ་ཅག་གི་བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་ངེས་པ་དོན་གྱི་བདག་ཉིད་ྋསྐྱབས་རྗེ་ྋརྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱད་ཅུ་གྱ་བརྒྱད་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོར་བཀའ་དྲིན་རྗེས་དྲན་གྱི་རྟོགས་པ་བརྗོད་པ་ཙམ་སྟེ། སྤྱིར་སྐྱབས་རྗེ་གང་གི་རྟོགས་བརྗོད་རྒྱ་མཚོ་ལྟ་བུ་ལ་བློ་གྲོས་ཀྱི་རྩལ་ཤུགས་རབ་ཏུ་དབུལ་ཞིང་ཕོངས་པ་བདག་ལྟ་བུས་བསམ་པ་དང་བརྗོད་པར་མི་ནུས་མོད། འོན་ཀྱང་རིང་ནས་དགེ་བའི་ཚོགས་བསགས་ཀྱི་མཐུ་དང་། དཔལ་ལྡན་རྩ་བའི་བླ་མས་རྗེས་སུ་བཟུང་བའི་བཀའ་དྲིན་སྙིང་ལ་བསམ་སྟེ། གང་གི་གསང་གསུམ་བསམ་མི་ཁྱབ་པའི་རྟོགས་བརྗོད་ཀྱི་ཆ་ཤས་ཙམ་ཞིག་ཚིག་གི་འཕྲེང་བའི་ལམ་ནས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་གྱི་དོད་ཙམ་དུ། མགོན་པོ་གང་གི་སྐྱབས་འོག་ཏུ་ཐོས་བསམ་གྱི་འཚོ་བ་མི་ལོ་བཅོ་ལྔ་ཙམ་ལ་བསྟེན་པའི་སྐལ་ལྡན་བསོད་ནམས་ཅན། མདོ་སྨད་གེ་སར་ཕྲོམ་གྱི་རྒྱལ་ཁམས་མཚོ་ཆེན་ཁྲི་གཤོག་རྒྱལ་མོའི་ལྷོ་ངོས་སུ་དལ་རྟེན་རྙེད་པ། ཕྲན་མར་ནང་གཡུང་དྲུང་བསྟན་འཛིན་རྒྱ་མཚོའམ་བརྡ་སྤྲོད་མིང་གཞན་དུ་དབྱངས་ཅན་མི་ཕམ་དགྱེས་པའི་བློ་ལྡན། ཡོངས་གྲགས་སུ་ཁྲི་གཡུང་དྲུང་དུ་འབོད་པའི་སྤྲང་འཁྱམས་པ་དེས་ཡུལ་ཆེན་མོ་མ་ཧཱ་བྷ་ར་ཏཱའི་བྱང་ཕྱོགས་ན་ལྷམ་མེར་བརྗིད་པའི་ྋགཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འབྱུང་ལྡན་སུམ་བརྒྱ་དང་གཅིག་གི་ཉག་མ་སོ་བཞི་པ་སྟེ། བོད་རབ་བྱུང་བཅུ་བདུན་པའི་བགྲང་བྱ་སོ་གཅིག་པ་མེ་བྱ་ལོའི་(ཕྱི་ལོ་༢༠༡༧)དབྱར་ཟླ་འབྲིང་པོ་དཀར་ཕྱོགས་རྫོགས་པ་གསུམ་པ་སྟེ་སྐུའི་འཁྲུངས་སྐར་གྱི་ཉིན་མོར་རྟེན་འབྲེལ་གྱི་མཇུག་གྲུབ་པར་བགྱིས་པ་ཙམ་འདིས་ཀྱང་རིས་མེད་ཀྱི་སྐྱེ་འགྲོ་སྲོག་གིས་བསྡུས་པ་ཀུན་ལ་རྗེ་སྨན་རི་བ་གང་གི་ཐུགས་རྗེའི་ལྕགས་ཀྱུས་ཉེར་བར་བཟུང་ཏེ་ཐར་བ་བདེ་ཆེན་གྱི་དཔལ་ལ་འགོད་ཅིང་ཕན་བདེའི་དགའ་སྟོན་གྱི་སྣང་བ་ཟད་མེད་དུ་འཕེལ་བའི་རྒྱུ་དང་། ཁྱད་པར་དུ་མགོན་པོ་གང་ཉིད་བདག་ཅག་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་ཞབས་ཟུང་གསེར་གྱི་འཁོར་ལོ་མི་ཤིགས་གཡུང་དྲུང་གི་ཁམས་སུ་ཇི་སྲིད་བསྐལ་པ་ཁྲི་ཕྲག་གི་བར་དུ་བརྟན་ཞིང་བཞུགས་པའི་གསོལ་བ་སྙིང་ནས་འདེབས་བཞིན་སྨོན་ལམ་གྱི་མཐའ་བརྒྱན་དང་བཅས་ཐ་ཚན་མུ་ཙུག་སྨར་རོ། །

རྩོམ་པ་པོ་ཁྲི་གཡུང་དྲུང་ནས།

254 total views, 6 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།