མཁས་དབང་ཆོས་འཁོར་ཚང་གིས་བཞེངས་པའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག

 

1499091692700643བདག་གིས་ཐེངས་འདིར་གཡུང་དྲུང་བོན་འབངས་ཡོངས་རྫོགས་ཀྱིས་དགའ་སྤོབས་སྐྱེ་འོས་པའི་གནས་ཚུལ་ཞིག་བསྒྲག་རྒྱུ་ཡིན། དེ་ནི་༸ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགེ་བཤེས་ཆོས་འཁོར་ཚང་ཉི་མ་འོད་ཟེར་རིན་པོ་ཆེ་མཆོག་ནུབ་ཕྱོགས་ཡུ་རོབ་གླིང་ཆེན་ཁོངས་གཏོགས་“ཅེག་”སྤྱི་མཐུན་རྒྱལ་ཁབ་(Czech Republic)ཀྱི་སྙན་གྲགས་ཆེ་བའི་“ཆར་ལེ་སི་”གཙུག་ལག་སློབ་གཉེར་ཁང་ཆེན་མོ་(Charles University)ནས་ད་ལམ་འབུམ་རམས་(PhD)པའི་སློབ་གཉེར་གྱི་མཐའ་མའི་ཡིག་རྒྱུགས་ཆེན་མོ་ལེགས་འཕྲོད་བྱུང་སྟེ། ཉེ་བའི་ལོ་རབས་ནང་ཚད་མཐོའི་མཁས་དབང་གི་གོ་མིང་‘‘འབུམ་རམས་པ་’’ཞེས་པའི་རླབས་ཆེན་གྱི་མཚན་གནས་དེ་དངོས་སུ་བཞེས་པའི་སྐོར་གྱི་གཏམ་བཟང་དེ་ཡིན།

དེ་ཡང་ཁོང་ནི་༸གདན་ས་སྨན་རིའི་གླིང་གི་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་ནང་ནས་འབུམ་རམས་པའི་མཚན་གནས་བཞེས་མཁན་ཐོག་མ་དེ་ཡིན་པ་མ་ཟད། བོན་གྱི་དགེ་འདུན་པའི་ཁྲོད་ནས་འབུམ་རམས་པ་ཐོན་མཁན་ཡང་འགོ་མ་དེ་ཡིན། ལྷག་པར་ཁོང་གི་འཁྲུངས་ཡུལ་དོལ་པོའི་སྤྱི་ཚོགས་ནས་འབུམ་རམས་པ་ཆགས་པའང་དང་པོར་གྱུར་འདུག་པས། མཛད་རྗེས་འདི་ནི་ཁོང་གིས་བོན་པོ་སྤྱི་དང་བྱེ་བྲག་དོལ་པོའི་སྤྱི་ཚོགས་ནང་ཤེས་ཡོན་བྱ་གཞག་གི་ཐད་ནས་ལོ་རྒྱུས་ཐོག་ངོམ་རིན་ཆོག་པའི་རྡོ་རིང་དྲ་མ་ཞིག་བཞེངས་པར་སྐད་གསང་མཐོན་པོས་བཤད་ཆོག་པས་སོ། །

1499091748888520

ཁོང་གིས་སློབ་གཉེར་གནང་སའི་“ཆར་ལེ་སི་”གཙུག་ལག་སློབ་གཉེར་ཁང་ཆེན་མོ་ནི་ཕྱི་ལོ་༡༣༤༨ལོར་དབུ་བརྙེས་སྟབས། ཡུ་རོབ་དཀྱིལ་མའི་གཙུག་ལག་སློབ་གཉེར་ཁང་ཐོག་མ་དང་། འཛམ་གླིང་ནང་གི་གཙུག་ལག་སློབ་གཉེར་ཁང་རྩེ་གྲས་སུའང་བརྩི། དེར་བརྟེན་ཚན་རིག་པ་གྲགས་ཅན་“ཨ་ཡིན་ཤི་ཊ་ཡིན་”(Albert Einstein)སོགས་ཀྱང་དེར་སློབ་གཉེར་གནང་མྱོང་བར་གྲགས། དེས་ན་ཆོས་འཁོར་ཚང་རིན་པོ་ཆེས་དེར་སློབ་གཉེར་གནང་ཞོར་དུ་ལས་དོན་གལ་ཆེན་གཞན་ཞིག་བསྒྲུབས་ཡོད་པ་ནི། ད་ནས་བཟུང་ཉམས་ཞིབ་པ་རང་ཉིད་ལ་དབྱིན་ཡིག་གི་ཤེས་ཚད་འཛོམས་ཚེ་༸གདན་ས་སྨན་རིའི་གླིང་གི་དགེ་བཤེས་ཀྱི་ཕྱག་འཁྱེར་ཐོག་སློབ་གཉེར་ཁང་ཆེན་མོ་དེ་ནས་འབུམ་རམས་པའི་སློབ་སྦྱོང་ཆེད་དུ་འཛུལ་རྒྱུགས་གཏང་ཆོག་པའི་རྒྱལ་སྒོ་ཡང་ཁོང་གིས་ཕྱེས་ཡོད་པ་ནི་མི་བཟང་གཅིག་གིས་དོན་བཟང་གཉིས་བསྒྲུབས་ཀྱི་དཔེ་ལས་མ་འདས་སོ། །

ཁོང་གིས་དེར་སློབ་གཉེར་གནང་སྟངས་ཀྱི་བརྒྱུད་རིམ་ནི། སྤྱིར་བཏང་ཕྱི་ལོ་༢༠༠༩ལོར་འབུམ་རམས་པའི་འཛུལ་རྒྱུགས་འཕྲོད་རྗེས་སུ་སྔ་གཞུག་རིམ་པས་ཐོག་མར་༢༠༡༠ལོར་བོད་ཀྱི་ལོ་རྒྱུས་སྐོར་ཚན་རིག་ཉམས་ཞིབ་ཀྱི་ཐོག་ནས་རྒྱུགས་སྤྲོད་དང་། ༢༠༡༡ལོར་དབྱིན་ཇི་སྐད་ཡིག་གི་རྒྱུགས་སྤྲོད། ༢༠༡༢ལོར་དགོས་མཁོའི་དབང་གིས་སྐད་ཡིག་རིག་པ་(Linguistics)ལའང་སློབ་གཉེར་གནང་སྟེ་ཡིག་རྒྱུགས་ཀྱང་སྤྲད་འདུག དེ་ནས་མཐར་༢༠༡༣ལོར་རྒྱལ་ཁབ་ཀྱི་རྒྱུགས་སྤྲོད་ཆེན་མོ་(State PhD Examination)འཕྲོད་མཚམས་ནས་འབུམ་རམས་པའི་མཐར་ཕྱིན་རྩོམ་རྒྱུགས་ཀྱི་དཔྱད་དེབ་ཆེན་མོ་(PhD thesis)དེ་ཉིད་དངོས་སུ་འབྲི་འགོ་བཙུགས་པས་འདི་ལོར་མཇུག་ལེགས་གྲུབ་བྱུང་ཞིང་། ༢༠༡༧ལོའི་ཟླ་བ་༦པའི་ཚེས་༢༦ཉིན་ཨོག་སི་ཧྥོར་ཌི་(Oxford)ཡི་སློབ་དཔོན་ཆེན་མོ་ཆར་ལེ་སི་རམ་བྷལ་(Charles Ramble)སོགས་བོད་རིག་པའི་མཁས་དབང་དང་། སློབ་སྟོན་དགེ་རྒན་ཆེན་མོ་(Supervisor)ཌ་ནི་ཡལ་བྷེ་རོན་སི་ཀི། (Daniel Berounsky) ཤར་ཕྱོགས་སྐད་ཡིག་རིག་པའི་ཆེད་ལས་མཁས་དབང་རྣམ་པ། དེ་བཞིན་སློབ་གཉེར་ཁང་གི་རྒྱུགས་ལེན་དོ་དམ་ལྷན་ཚོགས་བཅས་ཀྱི་མདུན་སར་མཐའ་མཇུག་གི་རྒྱུགས་སྤྲོད་དམ་བཅའ་ཆེན་མོ་(PhD thesis defense)རུ་བཞུགས་པས། རྒྱུགས་ལེན་པ་ཀུན་ནས་སྤྱི་མོས་ཀྱིས་ཚད་མཐོའི་རྒྱུགས་འཕྲོད་ངོས་བཞེས་གནང་སྟེ་འབུམ་རམས་པའི་མཚན་གནས་དངོས་སུ་ཕུལ་འདུག

1499091931617850

ཁོང་གིས་མཛད་པའི་དཔྱད་དེབ་ཆེན་མོ་དེའི་ཁ་བྱང་ལ་<<དོལ་པོའི་ཡ་ངལ་གྱི་གདུང་རབས་>>(THE GENEALOGY OF YA-NGAL FAMILY OF DOLPO;Critical Edition of the Text, Translation into English, Analyses of Abbreviations and Introduction to the Dolpo Dialect)ཞེས་སུ་བཀོད་ཡོད་ཅིང་། ནང་དོན་རྣམས་ལེའུ་ཆེན་གསུམ་གྱི་སྟེང་དུ་ཟུར་རྒྱན་ཁ་སྣོན་བཅས་སུ་བགོས་འདུགལེའུ་ཆེན་དང་པོའི་སྡེ་ཚན་ཐོག་མ། ཡ་ངལ་གདུང་རྒྱུད་ཀྱི་ད་ལྟའི་ཁྱིམ་གཞིས་དོལ་པོའི་ཡུལ་གྲུ་ངོ་སྤྲོད། སྡེ་ཚན་གཉིས་པ། ཡ་ངལ་གདུང་རྒྱུད་ཀྱི་ངོ་སྤྲོད། སྡེ་ཚན་གསུམ་པ། རྒྱལ་གཤེན་ཡ་ངལ་གྱི་གདུང་རབས་ངོ་སྤྲོད། སྡེ་ཚན་བཞི་པ། ཡ་ངལ་གདུང་རབས་བྲིས་མ་མི་འདྲ་བ་བཞི་ལ་དཔྱད་བསྡུར། ལེའུ་ཆེན་གཉིས་པ། ཡ་ངལ་གདུང་རབས་དབྱིན་བསྒྱུར་ལ་དཔྱད་མཆན་རྒྱས་འདེབས། ལེའུ་ཆེན་གསུམ་པའི་སྡེ་ཚན་དང་པོ། དོལ་པོའི་སྐད་ཀྱི་ངོ་སྤྲོད། སྡེ་ཚན་གཉིས་པ། བོད་དཔེ་རྙིང་པའི་བསྐུངས་ཡིག་གི་ངོ་སྤྲོད། སྡེ་ཚན་གསུམ་པ། ཡ་ངལ་གདུང་རབས་བྲིས་མ་རྙིང་ཤོས་དེའི་བསྐུངས་ཡིག་རྣམས་ལ་ཞིབ་དཔྱོད། ཟུར་རྒྱན་ཁ་སྣོན་དང་པོ། གདུང་རབས་རྙིང་ཤོས་དེའི་བསྐུངས་ཡིག་༢༡༩༠ཐམ་པ་གསལ་བྱེད་གོ་རིམ་དུ་བཀོད་པ། ཁ་སྣོན་གཉིས་པ། བསྐུངས་ཡིག་རྣམས་མ་དཔེའི་ཡིག་གཟུགས་ཇི་བཤུས་ཀྱིས་ཤོག་གྲངས་རིམ་བཀོད། ཁ་སྣོན་གསུམ་པ། བྲིས་མ་བཞི་པོ་ཞིབ་བསྡུར་གྱིས་དཔྱད་འབྲས་སུ་བསྒྲིགས་པའི་གདུང་རབས་ཀྱི་མཐའ་མའི་སྒྲ་སྒྱུར་གཏན་འབེབས། ཁ་སྣོན་བཞི་པ། རྒྱལ་གཤེན་ཡ་ངལ་གྱི་གདུང་རབས་ཀྱི་བྲིས་མ་རྙིང་ཤོས་མ་ཕྱི་དངོས་བཀོད། དཔྱད་ཁུངས་ཡིག་ཆའི་མཚན་ཐོ་བཅས་བསྡོམས་པས་ཤོག་ཚད་(A4)རྟགས་ཅན་གྱི་ཤོག་གྲངས་༢༣༨བདག་ཉིད་ཀྱི་དེབ་ཅིག་བྲིས་ཡོད་པ་བཅས་སོ། །

སྤྱིར་བཏང་ཁོང་ཉིད་སློབ་གཉེར་ཁང་དེར་བཞུགས་རིང་སྔ་རྗེས་སུ་དབྱིན་ཡིག་ཐོག་དཔྱད་རྩོམ་མི་འདྲ་བ་ལྔ་ཙམ་བྲིས་ཏེ་ཚད་མཐོའི་ཞིབ་འཇུག་དཔྱད་དེབ་རྣམས་སུ་སྤེལ་ཡོད་ཅིང་། གཙུག་ལག་སློབ་གཉེར་ཁང་ཆེན་མོ་དེར་གཙུག་ལག་སློབ་དཔོན་(Lecturer)གྱི་གོ་གནས་ཐོག་བོད་ཀྱི་སྐད་ཡིག་དང་། ཆོས་རིག་རྒྱུན་ཤེས། དོལ་པོའི་སྐད་བཅས་སློབ་ཁྲིད་གནང་སྟེ་རིག་གནས་རབ་འབྱམས་པ་(Bachelor)དང་། གཙུག་ལག་རབ་འབྱམས་པ། (Master)འབུམ་རམས་པ་(PhD)བཅས་ཀྱི་སློབ་མའང་བསྐྱངས།

1499091949920019ཞར་དང་ཞོར་རམ་གཟའ་མཇུག་རྣམས་སུ་ཡུ་རོབ་གླིང་ཆེན་གྱི་རྒྱལ་ཁབ་གཞན་པ་འཇར་མེ་ནི་(Germany)དང་། ཧྥ་རན་སི། (France) ཨི་ཊ་ལི། (Italy)ཨའུ་སི་ཊེ་རི་ཡ། (Austria) ཧང་གྷ་རི། (Hungary) པོ་ལེན་ཌི། (Poland) སི་ལོ་ཝ་ཀི་ཡ་(Slovakia)བཅས་སུ་“ལིག་མིན་རྐྱ་”ཡིས་གཙོས་པའི་བོན་ཚོགས་རྣམས་སུ་སློབ་མ་བརྒྱ་ཕྲག་མང་པོར་བོན་ཁྲིད་ཀྱང་ལོ་ལྟར་མཛད།

གཞན་ཡང་ཉམས་ཞིབ་ཀྱི་ཐོག་ནས་བཤད་ན་སྐབས་དེར་དབྱིན་ཡུལ་གྱི་ཨོག་སི་ཧྥོར་ཌི་(Oxford University)ནང་ཟླ་བ་གཅིག་རིང་སློབ་ཁྲིད་བསྐྱངས་པ་དང་། དེ་བཞིན་ཉི་ཧོང་གི་(Kobe City University of Foreign Studies)དང་། ཁེ་ན་ཌ་ཡི་(The University of British Columbia)དང་། ཧྥ་རན་སིའི་(Centre de recherche sur les civilisations de l’Asie orientale)དང་། སོག་པོའི་(National University of Mongolia)དང་། འཇར་མེ་ནི་ཡི་(Leipzig University)དང་། ནོར་ཝེའི་(University of Bergen)བཅས་སུ་གཏམ་བཤད་དང་དཔྱད་རྩོམ་སྒྲོག་སྦྱངས་ཀྱང་མཛད་མྱོང་འདུག

1499091902910552བདག་གིས་བསམས་ན་མཚམས་འདི་ནས་ཀློག་པ་པོ་ཚོས་དོན་ངོ་མ་མཁས་དབང་ཆོས་འཁོར་ཚང་གི་སྐུ་ཚེའི་བརྒྱུད་རིམ་དང་ཉམས་ཞིབ་ཀྱི་ལྟ་གྲུབ་དངོས་དེ་ཇི་ལྟར་ཡིན་མིན་སྐོར་སྐོམ་པ་ཆུ་འདོད་ལྟ་བུའི་མཁྱེན་འདོད་ཡོད་ངེས་པས་ཅུང་ཙམ་ངོ་སྤྲོད་ཞུ་རྒྱུ་ཡིན། འབུམ་རམས་པ་དགེ་བཤེས་ཆོས་འཁོར་ཚང་རིན་པོ་ཆེ་ཁོང་ནི་༡༩༧༦ལོར་གནའ་བོའི་དུས་སུ་སྟོབས་ལྡན་ཞང་ཞུང་རྒྱལ་ཁབ་ཀྱི་མངའ་རིས་ཏེ་དེང་བལ་པོའི་རྒྱལ་ཁོངས་སུ་གཏོགས་པ་དོལ་པོ་རྫོང་གི་བྱི་གཅེར་ཡུལ་དུ་སྐུ་འཁྲུངས་ཤིང་། ༡༩༩༢ལོར་རྒྱ་གར་བོན་གཞིས་ཐོབ་རྒྱལ་གསར་པའི་ཉིན་སློབ་ཀྱི་འཛིན་གྲྭ་བརྒྱད་པ་མཐར་ཕྱིན། ༢༠༠༨ལོར་༸དཔལ་གཤེན་བསྟན་སྨན་རིའི་གླིང་ནས་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་བཏགས་བཞེས། ༢༠༡༥ལོར་གདན་ས་སྨན་རིའི་གླིང་ནས་བླ་མ་ཁྲི་པར་ཁྲི་བཞེངས་མངའ་གསོལ་ཞུས་པ་སོགས་ཀྱི་གནས་ཚུལ་རྒྱས་པ་གཤམ་དུ་གཡུང་དྲུང་བོན་གྱི་དྲ་འབྲེལ་དེ་ནས་གཟིགས་པར་མཛོད། http://theyungdrungbon.com/2015/01/nyima-w/

གང་ལྟར་ཁོང་གིས་དེ་སྔ་མཛད་རྗེས་ཆེ་ཤོས་ནི་རྩོམ་རིག་དང་ཤེས་ཡོན་གྱི་ཕྱོགས་ལ་བཞག་ཡོད་པ་སྟེ། སྤྱིར་སྙན་རྩོམ་དང་དཔྱད་རྩོམ། སྒྲུང་རྩོམ་དང་སྒྱུར་རྩོམ། རྩོམ་སྒྲིག་དང་དག་ཞུས་ཅི་རིགས་བསྐྱངས་པ་རྣམས་ཚང་མའི་མཇལ་ཡུལ་དུ་མཆིས་པར་མ་ཟད། ཁོང་ཉིད་སློབ་གྲྭའི་འཛིན་རིམ་བདུན་པར་ཡོད་དུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཡོངས་རྫོགས་ནས་རྩོམ་རིག་འགྲན་བསྡུར་ཨང་གསུམ་པ་བླངས་ཤིང་། ཕྱིས་སུ་བོད་ནས་མུ་ཁྲི་བཙན་པོའི་རྩོམ་རིག་བྱ་དགའ་ཨང་དང་པོའང་བླངས་ཡོད། དེ་བས་<<དེང་རབས་བོད་ཀྱི་རྩོམ་པ་པོའི་ལོ་རྒྱུས་དང་བརྩམས་ཆོས་དཀར་ཆག་>>ཅེས་པའི་ནང་ཧི་མ་ལ་ཡའི་ཁོངས་གཏོགས་ནས་རྩོམ་པ་པོའི་མཚན་ཐོ་འཁོད་པའང་ཁོང་གཅིག་པུ་ལགས།

1499091967147599

གཞན་ཡང་དེང་དུས་བོད་ཕྱི་ནང་གི་སྤྱི་ཚོགས་ནང་ཕྱོགས་གཅིག་ནས་ཞིབ་འཇུག་སློབ་གཉེར་བ་གང་ལ་གང་འཚམས་འཕེལ་བཞིན་ཡོད་ན་ཡང་། ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་སྤྱི་ཡི་ནང་ཞིབ་འཇུག་པ་ཞེས་འབོད་དུས་ཕལ་ཆེར་ཆོས་མེད་རིང་ལུགས་པ་ཞིག་སྣང་བར་ཤར་འགྲོ་བར་མ་ཟད། བོད་རིག་པའི་ཉམས་ཞིབ་པ་མང་ཆེ་བར་སྟོང་ཆ་ཆེ་ཤོས་སུ་གྱུར་པ་ནི་མདོ་སྔགས་གཞུང་ཆེན་གྱི་གནས་ཚད་ཡིན་པས། བདག་ལ་འགྲོགས་འདྲིས་ཟབ་པའི་མཁས་དབང་ཆོས་འཁོར་ཚང་རིན་པོ་ཆེ་མཆོག་ནི་དེ་དག་ལས་ལྡོག་སྟེ་སྤྱིར་ན་ལྷན་སྐྱེས་ཀྱི་ཤེས་རབ་དང་ཉམས་ཞིབ་ཀྱི་བློ་གྲོས་ཐུན་མིན་མངའ་བ་དང་། ལྷག་ཏུ་མཚན་དོན་མཚུངས་པའི་གཞུང་ལུགས་རབ་འབྱམས་པ་ཞིག་ཡིན་སྟབས། རྒྱལ་སྤྱིའི་བོད་རིག་པའི་སྡིངས་ཆའི་སྒང་ལ་སྤེལ་བའི་ཁོང་གི་གསུང་རྩོམ་ཁག་ནི་ཞིབ་འཇུག་གི་རྒྱུ་ཆ་དང་རྒྱབ་ལྗོངས་གཏིང་ཟབ་ལ་སྒྲུབ་བྱེད་ཁུངས་བཙན་པར་མ་ཟད། རང་ཉིད་ངོ་མའི་རྣམ་དཔྱོད་ཀྱི་རྩལ་བཏོན་པ་ལས་གཞན་ལ་དཔེ་བཤུ་ལད་ཟློས་ཀྱི་གཡའ་མེད་ཅིང་། དེ་ཡང་རང་གི་ཁེ་ཕན་ནམ་ཡང་ན་གཞན་གྱི་གནོན་ཤུགས་སོགས་གང་ལ་ཡང་མ་ལྟོས་པར་དྲང་བདེན་དང་གནས་ལུགས་གཙོར་བཞག་འབའ་ཞིག་མཛད་ཡོད་པ་ནི་དམིགས་བསལ་ཡིད་དབང་འཕྲོག་ཤོས་སུ་གྱུར། དེས་ན་དེང་སྐབས་ན་གཞོན་ལོ་རྒྱུས་སྨྲ་བའི་ཁྲོད་ཁོང་ནི་གནའ་དེང་ཤེས་ཡོན་གྱི་འདབ་ཤོག་གཉིས་དང་ལྡན་ཞིང་དྲང་ཚུགས་ཐུབ་པའི་ལོ་རྒྱུས་སྨྲ་བའི་ཁྱུ་མཆོག་ཅིག་ཏུ་ང་ཚོས་ཁས་མ་ལེན་རང་ལེན་དུ་གྱུར་པར་སྙམ།

ད་ལམ་སླར་ཡང་ཁོང་གིས་འབུམ་རམས་པའི་མཚན་གནས་བཞེས་པའི་རྟེན་འབྲེལ་བཟང་པོ་འདིས་བོན་འབངས་རྣམས་ལ་གཟི་བརྗིད་ཀྱི་ལེགས་སྐྱེས་ཤིག་དང་། དོལ་པོའི་སྤྱི་ཚོགས་གསར་པར་མིག་དཔེ་བཟང་པོ་ཞིག་ཀྱང་བསྟན་པར་མཛད་པ་ལགས་ན། མགྱོགས་མྱུར་ངང་འཛམ་གླིང་ནང་གི་གཙུག་ལག་སློབ་གཉེར་ཁང་གྲགས་ཅན་ཞིག་གི་མཁས་དབང་སློབ་དཔོན་ཆེན་མོའམ་“པོར་ཧྥེ་སར་”(Professor)དུ་འབོད་པ་དེའི་གོ་གནས་ཀྱང་འཛིན་པའི་རེ་སྨོན་དང་བཅས་བཀའ་རམས་པ་གཡུང་དྲུང་སྐལ་བཟང་གིས་དགའ་སྤོབས་ཀྱིས་ངང་ནས་སྤེལ་བ་མུ་ཙུག་སྨར་རོ།། །།

[རྩོམ་པ་པོ། བཀའ་རམས་པ་གཡུང་དྲུང་སྐལ་བཟང་།]

1,452 total views, 6 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།