གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧དཔལ་གཤེན་བསྟན་སྐྱང་དགོན་ཕུན་ཚོགས་དར་རྒྱས་གླིང་གི་དཀར་ཆག་མུ་ཏིག་ཚོམ་ཕྲེང་དཔར་བསྐྲུན་ལེགས་གྲུབ་བྱུང་བ།

IMG_3605 IMG_3606

༧དཔལ་གཤེན་བསྟན་སྐྱང་དགོན་ཕུན་ཚོགས་དར་རྒྱས་གླིང་གི་དཀར་ཆག་མུ་ཏིག་ཚོམ་ཕྲེང་དཔར་བསྐྲུན་ལེགས་གྲུབ་བྱུང་བ།

IMG_3177དེ་ཡང་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་དར་བའི་གནས་ཁྱད་པར་ཅན་འཛམ་གླིང་ཤར་ནུབ་ཀུན་ན་རླུང་ལྟར་གྲགས་པའི་ཨ་མདོ་ཤར་ཁོག་ཡུལ་གྱི་གཟི་རྩ་སྡེ་དགུ་དང་། ཤར་ཕྱོགས་དུང་རིའི་གསེར་མཚོ་མཛེས་ལྗོངས་གཉིས་ཀྱི་བར་ན་བརྗིད་ཆགས་པའི་ཡོངས་གྲགས་སུ་ཁྲི་སྐྱང་ཁོག་ཞེས་གྲགས་པའི་ནང་ཚན་སྐྱང་ཚང་ལྷ་སྡེའི་ས་གནས་༧དཔལ་གཤེན་བསྟན་སྐྱང་དགོན་ཕུན་ཚོགས་དར་རྒྱས་གླིང་གི་བླ་རབས་བཅུ་དགུ་པ་༧རྗེ་བླ་མ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་མཛད་པའི་<<སྐྱང་ཚང་དགོན་གྱི་བསྟན་པའི་དཀར་ཆག་མུ་ཏིག་ཚོམ་ཕྲེང་ཞེས་བྱ་བ>>འདི་ཉིད་ཆེས་ཤིན་ཏུ་རྩ་ཆེའི་ཡིག་ཆ་ཞིག་ཡིན་ལ་རིག་གསར་གྱི་གོད་ཆགས་བྱུང་རྗེས་སུ་སླར་ཡང་བསྟན་པ་བསྐྱར་དར་གྱི་སྐབས་སུ་བླ་མ་ཁོང་གིས་མཛད་པའི་དཀར་ཆག་འདི་སྐྱང་ཚང་དགོན་གྱི་དཀར་ཆག་མ་ཕྱི་ཚད་ལྡན་ཞིག་ལ་ཀུན་གྱིས་གཞི་འཛིན་ས་ལྟ་བུ་ཞིག་ཆགས་ཡོད། གཞན་ཡང་ཨ་གླིང་བསྟན་འཕེལ་སོགས་ཀྱིས་སྔར་དགའ་མལ་དགོན་ཆེན་གཙོས་ཟིང་ཆུ་རྫོང་ཁོངས་ཀྱི་ཆོས་བརྒྱུད་དགོན་ཁག་སོ་སོའི་ལོ་རྒྱུས་འབྲི་སྐབས་སུ་སྐྱང་ཚང་དགོན་གྱི་དཀར་ཆག་འབྲི་མཁན་ལུང་རིག་སྙན་གྲགས་དང་། ཁྲོ་བོ་རྒྱལ་མཚན་གཉིས་ཀྱིས་སྐྱང་བླ་བློ་བཟང་རྒྱ་མཚོ་ཁོང་གིས་མཛད་པའི་དཀར་ཆག་འདིར་གཞི་བཟུང་བྱས་ཡོད་ན་ཡང་དཀར་ཆག་མཇུག་རྣམས་ཆ་ཚང་བཀོད་མི་འདུག་པས།

དེར་བསྟུན་ད་ལོར་རང་དགོན་༧དཔལ་གཤེན་བསྟན་སྐྱང་དགོན་ཕུན་ཚོགས་དར་རྒྱས་གླིང་གི་གསས་ཁང་ཆེན་མོ་སླར་ཡང་གསར་བཞེངས་ལེགས་གྲུབ་བྱུང་བའི་རྟེན་འབྲེལ་དགའ་སྟོན་མཛད་སྒོའི་དུས་བཟང་དང་བསྟུན་སྐྱང་དགོན་གྱི་དཀར་ཆག་འདི་ཉིད་པར་དུ་སྐྲུན་རྒྱུའི་ལས་འཆར་བྱས་པ་ཡིན་ལ། གཞན་ཡང་སྐྱང་དགོན་གྱི་ཀྲུའུ་རིན་མཆེད་གྲོགས་དམ་པ་སྐལ་བཟང་འབྲུག་གྲགས་དང་། སྐྱང་དགོན་གྱི་ཚོགས་ཆེན་དབུ་མཛད་ཟུར་པ་མཆེད་གྲོགས་དྲན་པ་ཀུན་མཆོག་ཟུང་ནས་པར་བསྐྲུན་བྱེད་དགོས་པའི་བསྐུལ་འདེད་བྱུང་བ་དང་། སློབ་དཔོན་ཚུལ་ཁྲིམས་དཔལ་འབྱོར་མཆོག་གི་སྐུ་ཚ་མཆེད་གྲོགས་བཀྲ་ལགས་ཀྱིས་རོགས་འདེགས་རྒྱ་ཆེར་གནང་བ་ལ་བསྟུན་ནས། །

IMG_3154དེ་ནས་བདག་གིས་རང་དགོན་གྱི་སློབ་དཔོན་ཆེན་མོ་ཚུལ་ཁྲིམས་དཔལ་འབྱོར་རིན་པོ་ཆེ་མཆོག་ལ་སྙན་ཞུ་ཕུལ་ནས་དགོངས་འཁྲོལ་གནང་ཡོད་པ་དང་། ཁྱད་པར་དུ་རང་ཅག་བོན་འབངས་ཡོངས་ཀྱི་ལྷ་སྐལ་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་ མཆོག་ལ་སྙན་གསེང་ཕུལ་བ་བཞིན་༧སྐྱབས་རྗེ་ཁོང་གིས་ཀྱང་ཐུགས་དགྱེས་ཚོར་ཆེན་པོའི་ངང་ནས་དགོངས་འཁྲོལ་གནང་བ་དང་དཔེ་བསྐྲུན་བྱེད་ཕྱོགས་ཐད་ལ་ཡང་བཀའ་སློབ་ལྷུག་པོ་བསྩལ་གནང་བ་ལ་བརྟེན་ནས་ཕྲན་ཡང་སེམས་ཤུགས་ཆེར་འཕེལ་ཏེ་སྐབས་བབ་ཀྱི་སོ་སོའི་ཕྲག་ཏུ་བབ་པའི་ལས་འགན་ཞིག་ཡིན་སྙམ་སྟེ་སྐྱང་དགོན་གྱི་དཀར་ཆག་འདི་ཉིད་པར་བསྐྲུན་བྱས་པ་ཞིག་ཡིན་ལ་མ་དཔེ་བལྟ་ས་ཡང་བླ་མ་ཁོང་གིས་ཕྱག་བྲིས་ཅན་<<སྐྱང་དགོན་གྱི་དཀར་ཆག་མུ་ཏིག་ཚོམ་ཕྲེང་ཞེས་བྱ་བར་>>གཞིར་བྱས་ཡོད་ལ་དེའི་ནང་དུ་ཡང་ཡུལ་ལུང་གི་སྐད་དང་སུམ་རྟགས་དག་གསུམ་གྱི་འགྲོས་དང་མི་མཐུན་པའི་ཆ་ཡང་མཆིས་པས་རེ་འགའ་བཅོས་ཡོད་ལ་རྩ་བའི་བརྗོད་དོན་གྱི་སྐོར་རྣམས་རང་སོར་བཞག་ཡོད། དེ་མིན་ཡིག་འབྲུའི་བསྡུས་ཚིག་ལ་དཔེར་ན། རབ་བྱུང་ལོ་ལ་(རབ་ལོ་)དང་། སྐྱང་ཚང་སྡེ་བ་དང་། ཤར་མོ་སྡེ་བ། ཆུ་འཁྱིལ་སྡེ་གསུམ་ལ་(སྐྱང་ཤར་འཁྱིལ་གསུམ་གྱི་སྡེ་)ཞེས་བྲིས་འདུག་པས་ཀློག་པ་པོ་ཀུན་ཀྱིས་བསྡུས་ཚིག་ཡིན་པ་མཁྱེན་པར་མཛོད་ཅིག

གཞན་ཡང་ཁོང་གི་ཕྱག་བྲིས་མ་དཔེ་དེ་ཡང་བསྐྱར་པར་གྱི་གཟུགས་སུ་བཏབས་ནས་རྗེས་མར་སྐྱང་དགོན་ལ་ཞིབ་འཇུག་བྱེད་མཁན་ཞིག་བྱུང་ཚེ་དེ་དག་ལ་ཕན་ཕྱིར་དཀར་ཆག་ཆ་ཚང་དེབ་འདིའི་མཇུག་ཏུ་བཀོད་ཡོད། དེ་མིན་ད་རེ་ཕྲན་གྱིས་ལས་དོན་འདི་གཙོ་སྒྲིག་བྱས་པའི་གོ་རིམ་འདིའི་ཁྲོད་ན་མ་རྟོགས་པའི་ཆ་དང་ལོག་པར་ཕྱོགས་པ་དང་མདོར་ན་ནོར་འཁྲུལ་དང་ཆད་ལྷག་ཞན་ཆ་སོགས་ཅི་ཡང་མཆིས་སྲིད་ངེས་པས་མཁྱེན་ལྡན་མཁས་དབང་རྣམས་དང་རྒྱ་ཆེའི་ཀློག་པ་པོ་ཡོངས་ལ་སྤྱན་སྔར་མཐོལ་བཤགས་བཟོད་གསོལ་ཞུ་བ་དང་བཅས།

འཁྱིལ་གོང་ཚང་བཤད་སྒྲུབ་བསྟན་འཛིན་མིང་བས་དཔལ་གཤེན་བསྟན་སྨན་རིའི་གླིང་ནས།                ༢༠༡༧།༧།༣།

 

IMG_3604སྔོན་གླེང་དྲི་མེད་རང་མདངས།

བློ་འདས་མཐའ་བྲལ་གནས་ལུགས་མྱོང་བས་རྟོགས། །བཅོས་མིན་སྙིང་རྗེ་ཚ་ཟེར་འོད་སྟོང་འབར། །བསྟན་འགྲོའི་དོན་ཆེན་འཕྲིན་ལས་མཛད་མཁས་པ། །སྐྱང་གི་བླ་རབས་རིམ་བྱོན་ཨེ་མ་རྨད། །ཅེས་མཆོད་པའི་མེ་ཏོག་ཕུལ་ནས་གླེང་བར་བྱ་རྒྱུ་ནི་རང་ཅག་ཀུན་གྱི་གཙུག་གི་ནོར་བུ་ནི་གྲུབ་མཐའ་ཀུན་གྱི་རྒྱལ་པོ། གཡུང་དྲུང་བོན་གྱི་གྲུབ་མཐའ་ཡིན་ལ། དེ་བའི་ཁུངས་ནི་ཆུ་བོ་གངས་ལ་ཐུག་པའི་དཔེ་ལྟར་སྤང་རྟོགས་མཐར་སོན་སྟོན་པ་སངས་རྒྱས་ལ་ཐུག་ཡོད། དེ་ནས་རྡོ་ལག་བརྒྱུད་དང་ཆུ་ལམ་རྒྱུག་ཚུལ་དུ་དར་བ་ནི་སྨོས་མ་དགོས་པ་རེད། བསྟན་པ་དེ་བའི་ནང་ཚན་༧ཤར་སྐྱང་དགོན་འདི་ནི་མདོ་སྨད་འཕགས་པ་རྣམ་གསུམ་གྱི་ཡ་གྱལ། སངས་རྒྱས་མི་གཟུགས་སུ་སྤྲུལ་བ་སྐྱང་འཕགས་ནམ་མཁའ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་བཟུང་གདུང་རབས་དང་བླ་རབས་ཉི་ཤུ་ལྷག་ཕེབས་ཡོད་པ་མ་ཟད། མདོ་དྲི་མེད་ལས། གསང་རྒྱུད་ཐེག་ཆེན་ལྟ་བས་སྤྱི་ཁོག་དབུས། ནང་རྒྱུད་གསང་སྔགས་སྒོམ་པའི་སྙིང་པོ་བཙལ། ཕྱི་རྒྱུད་འདུལ་ཁྲིམས་སྤྱོད་པས་བླང་དོར་བྱ། དེ་གསུམ་ཟུང་འབྲེལ་བདག་གཞན་དོན་གཉིས་འགྲུབ་ཅེས་གསུངས་པ་ལྟར་མཁས་གྲུབ་གཉིས་ལྡན་གྱི་བསྟན་འཛིན་སྐྱེས་བུ་ཡང་དགོན་འདི་ནང་མང་པོ་བྱོན་ཡོད་ལགས། ཁྱད་པར་དུ་ཀུན་མཁྱེན་མཉམ་མེད་པའི་གདུང་འཚོབ་ཆེན་མོ། ༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གི་ལྟེ་མཚལ་འཐོར་ས་ཤེས་རབ་གསུམ་ཐུགས་སྦྱོང་ནས་འཛམ་གླིང་གཡུང་དྲུང་བོན་གྱི་བསྟན་པའི་བདག་པོ་གྱུར་བ་ང་ཚོ་གཞིས་བྱེས་སྐྱ་སེར་བསོད་ནམས་ཅིའི་ཕྱིིར་མི་ཆེའང་། ད་ལམ་ཡང་བཤད་སྒྲུབ་བསྟན་པའི་ཆ་རྐྱེན་གཞལ་ཡས་ཁང་གསར་བཞེངས་ལེགས་གྲུབ་བྱུང་བའི་དགའ་སྟོན་མཛད་སྒོ་ལ་བོན་སྦྱིན་ཚུལ་དུ་དམིགས་ནས། མེ་ཏོག་ཆུང་ཡང་མཆོད་རྫས། མི་བུ་ཆུང་ཡང་རིགས་སྲས་དཔེ་ལྟར། ལྷག་བསམ་ཤེས་རབ་ལྡན་པ་གྲྭ་བཙུན་བཤད་སྒྲུབ་བསྟན་འཛིན་ནམ་རྣམ་རྒྱལ་བྱམས་ཀྱིས་དགོན་འདི་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་ཁོང་གི་ཁུ་བོ་སྐྱང་བླ་བློ་བཟང་རྒྱ་མཚོ་རིན་པོ་ཆེས་བརྩམས་པའི་དགོན་པའི་དཀར་ཆག་ལ་གཞི་བཅོལ་ནས་སླར་ཡང་རྒྱས་བསྡུས་འཚམས་པ་ཞིག་བྲིས་པ་མ་ཟད། རྒྱུ་ནོར་འགྲོ་སོང་གཏོང་ནས་ཚར་མང་པོ་དཔར་ནས་དགོན་ལ་ཕུལ་བྱུང་བ་འདི། རང་གིས་དགོན་གྲོང་ཀུན་གྱི་ཚབ་བྱས་ནས་ཡི་རངས་གཟེངས་བསྟོད། བཀའ་དྲིན་ཆེ་ཞུ་བ་དང་བསོད་ནམས་དགེ་བས་རྒྱལ་བསྟན་རིན་པོ་ཆེའི་མཛེས་རྒྱན་དུ་འགྱུར་བའི་སྨོན་ལམ་དང་བཅས།

སྐྱང་གི་ཀུན་བཟང་གསང་མཛོད་ཁྲོད་ནས་ཚུལ་དཔལ་མིང་གིས་སྤྱི་ལོར་༢༠༡༧།༧།༡༠ཉིན་བྲིས། དགེའོ།།