གཡུང་དྲུང་བོན་གྱི་དྲྭ་རྒྱ།

ཀུན་མཁྱེན་ཉི་མ་བསྟན་འཛིན་གྱི་རང་རྣམ་དཔར་སྐྲུན་ལེགས་གྲུབ་བྱུང་།

20953958_1976971482580215_4755515156874855661_n༄༅། །དཔལ་གཤེན་བསྟན་སྨན་རིའི་མཁན་པོ་སྒོ་སྟོན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་རྣམ་ཐར་ལེགས་བཤད་ཉི་མ་འབུམ་གྱི་འོད་ཅན་འགྲོ་ཀུན་བློ་མུན་སེལ་བའི་སྒྲོན་མེ་ཞེས་བྱ་བ་སྨན་རིའི་གླིང་གི་སྐབས་༣༧གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་ནས་དཔར་བསྐྲུན་འགྲེམས་སྤེལ་གནང་།

པར་སྐྲུན་གསལ་བཤད།

དེ་གནམ་འོག་གི་འགྲོ་བ་ཡོད་དོ་ཅོག་ནི་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་སྟབས། དེ་དག་ལ་བདེ་བ་སྒྲུབ་ཐབས་སུ་གྱུར་བའི་འཛམ་གླིང་ཁམས་འདིར་ཆོས་དང་རིག་གནས་ཇི་སྙེད་ཅིག་ཡོད་པ་ལས། ཐབས་ཤེས་ཟབ་ཕྱོགས་དང་འཐུས་སྒོ་ཡོངས་སུ་ཚང་བའི་བསྟན་པ་གྲུབ་མཐའ་ནི་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་གྱུར་བར་ངེས།  དེ་ནི་བསྐལ་བཟང་དུས་སྐབས་འདིར་གནས་མུས་སུ་གྱུར་བ་ལ་འཛིན་སྐྱོང་སྤེལ་གསུམ་དང་། ཐོས་བསམ་སྒོམ་སྒྲུབ་ལ་སོགས་ཀྱི་བྱེད་སྒོ་ཡང་དག་པ་ལ་བསྟེན་དགོས་པ་སྨོས་མེད་རེད། བདག་ཅག་གི་བསྟན་པ་རིན་པོ་ཆེ་ནི་ཚེ་ལོ་བརྒྱ་ཡི་མགོན་མཆོག་༸སྟོན་པ་གཤེན་རབ་མི་བོ་ཡིས་རྟག་གཟིགས་ཞང་བོད་ཡུལ་གྲུ་ཁམས་སུ། གདུལ་བྱའི་སྣོད་དང་བསྟུན་ནས་བོན་སྒོ་བསམ་ལས་འདས་པ་སྤེལ་ཡོད། དེ་བཞིན་རྗེས་འཛིན་གྱི་མཁས་གྲུབ་མང་པོས་འཛམ་གླིང་ཡུལ་གྲུ་གང་ས་རུ་དཀའ་བ་ཁྱད་དུ་བསད་ངལ་བ་དང་དུ་བླངས་ནས་གསས་མཁར་གྱིས་སྲོག་བཟུང་ཞིང་། འགྲོ་ཁམས་ཞི་བདེའི་ཞིང་དུ་བསྐྲུན་པ་རེད། དུས་དང་དུས་སུ་སྐྱེ་འགྲོའི་ལས་ངན་གྱིས་བསྟན་པ་རིན་པོ་ཆེ་དར་ནུབ་ཀྱི་གོད་ཆག་བྱུང་པ་སྟེ། བོན་གཤེན་རིག་འཛིན་བཅས་ལ་དཀའ་སྡུག་གི་མནར་གཅོད་འདྲ་མིན་འཕྲད་པའི་བརྒྱུད་རིམ་ཁྲོད་དུ་དོག་འཕྲང་གི་གཡང་ལས་ཐར་བ་ཙམ་བྱུང་རེད། ཁྱད་པར་དུ་བསྟན་པ་ཕྱི་དར་གནས་སྐབས་སུ་༸གཤེན་ཆེན་ཀླུ་དགས་ཟབ་གཏེར་བཞེས་པ་ནས་བཟུང་རྗེས་འཛིན་བྲུ་ཞུ་སྤར་རྨེའུ་བཅས་སོགས་བསྟན་འཛིན་གྱི་སྐྱེས་བུ་ནམ་མཁའི་རྒྱུ་སྐར་ལྟར་བྱོན་མོད། དེ་བཞིན་༸རྒྱལ་བ་མཉམ་མེད་ཆེན་མོ་དང་། སྣང་སྟོན་ཟླ་བ་རྒྱལ་མཚན་གཙོས་པའི་སྐྱེས་ཆེན་དུ་མའི་བོད་སྟོད་སྨད་ཀུན་ཏུ་བསྟན་འགྲོའི་འཕྲིན་ལས་རྒྱས་པའི་སྒང་། བོད་ཁམས་སྤྱི་ལ་དུས་འགྱུར་གྱི་རླུང་འཚུབ་རྒོད་པས། བོད་སྟོད་སྨད་བར་གསུམ་ནས་གཡུང་དྲུང་བོན་ལ་དུང་ཞེན་ཕྱུག་པའི་སེར་སྐྱ་མི་ཉུང་བ་ཞིག་གིས་དཀའ་ངལ་འཕྲང་ལ་བརྒལ་ཏེ། གཞན་ཡུལ་དུ་བརྒྱུད་ནས་བོན་གྱི་ཤེས་རིག་གི་མེ་རོ་སླར་ཡང་སྤར་བའི་རླབས་ཆེན་མཛད་པ་ཁུར་རུ་བཞེས་པ་སྟེ། ཁྱད་པར་དུ་༸ཞྭ་དཀར་བསྟན་པའི་བདག་ཉིད་ཆེན་མོ་༸སྐྱབས་རྗེ་༸རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་དཔོན་གསས་བླ་མ་རིན་པོ་ཆེ་མཆོག་ཉིད་ནི། (ཕྱི་ལོ་༡༩༦༨)ལོར་༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་བསྟན་པའི་བདག་ཉིད་ཆེན་མོ་གྱུར་བ་ནས་བཟུང་། རིན་པོ་ཆེ་མཆོག་གིས་(ཕྱི་ལོ་༡༩༧༨)ལོར་«གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་»གསར་འཛུགས་གནང་སྟེ། ༸རྒྱལ་བ་སྨན་རིའི་ཡོངས་འཛིན་རིན་པོ་ཆེ་དང་། ལྷ་རམས་པ་བརྩོན་འགྲུས་གོང་འཕེལ་གཙོས་པའི་བླ་སྤྲུལ་དགེ་བཤེས་དུ་མ་བཅས་ནས། བཤད་སྒྲུབ་གཉིས་ཀྱིས་བསྡུས་པའི་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་སྒོ་འཕར་ཡངས་པོར་ཕྱེས།
 20953373_1976971472580216_7548928800910333482_n
བོད་ཀྱི་རིག་གཞུང་མ་ལག་ཏུ་གྱུར་བའི་མདོ་སྔགས་སེམས་གསུམ་དང་རིག་གནས་ཀྱི་གཞུང་ལུགས་དང་བཅས་པའི་གསུང་རབ་རྣམས། དཔར་སྐྲུན་ལས་སོགས་ཀྱི་རྣམ་དཀར་གྱི་བྱ་བཞག་སྒྲུབ་པའི་སྤྱི་ཚོགས་སུ་བོན་གྱི་དཔེ་ཚོགས་རྣམས་འཛམ་གླིང་གི་རང་བཞིན་དུ་འགྱུར་རྒྱུ་དང་། དུས་རབས་གསར་པ་འདིའི་ནང་དུ་བོན་གྱི་བསྟན་འབྱུང་ལོ་རྒྱུས་སོགས་ནི་མེད་ཐབས་ཞིག་གྱུར་སྟབས། སྤྱན་དཀྱུས་ཡངས་པའི་མཁས་དབང་དང་ཞིབ་འཇུག་པ། དེ་བཞིན་རིག་གནས་གཞུང་ལུགས་བཅས་བཅུ་ཕྲག་རིག་པའི་གནས་སྦྱང་བའི་སློབ་གཉེར་བ་རྣམས་ལ་དགོས་མཁོ་རུ་དམིགས་ནས། འདི་གར་༸སྐྱབས་རྗེ་༸སྨན་རིའི་མཁན་སློབ་རྣམ་པའི་བཀའ་སློབ་ལམ་སྟོན་དྲི་མ་མེད་པ་གཞི་བཟུང་ནས། སྐབས་བབས་ཀྱི་༸གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་རྣམ་པས་གཙོར་འགན་བཞེས་ཐོག དེང་རབས་དང་འཚམས་པའི་དེབ་གཟུགས་ཅན་ལོ་ལྟར་སྤུས་ཚད་སོགས་ཇེ་ལེགས་ཇེ་བཟང་དུ་བཏང་ནས་དཔར་དུ་བསྐྲུན་དང་སྐྲུན་བཞིན་པ་ཡིན། ད་བར་དེབ་ཕྲེང་(༦༥)དཔར་དུ་གྲུབ་ཟིན་ཡོད་པ་ལྟར།
ད་ལོ་ཡང་ངེད་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་སྐབས་སོ་བདུན་པ་ཐུན་མོང་ནས་དེབ་ཕྲེང་(༦༦)པ་«དཔལ་གཤེན་བསྟན་སྨན་རིའི་མཁན་པོ་སྒོ་སྟོན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་རྣམ་ཐར་ལེགས་བཤད་ཉི་མ་འབུམ་གྱི་འོད་ཅན་འགྲོ་ཀུན་བློ་མུན་སེལ་བའི་སྒྲོན་མེ་»དང་། དེབ་ཕྲེང་(༦༧)པ་«ཨ་ཁྲིད་ཐུན་མཚམས་བཅོ་ལྔ་བ་མ་བུ་དང་བཅས་པ་»ཞེས་པའི་དེབ་ཕྲེང་གཉིས་དཔར་སྐྲུན་ཞུས་པ་དེ་ལྟར་ལགས།
«ཀུན་མཁྱེན་ཉི་མའི་རང་རྣམ་»འདི་ནི་ཞུ་དག་སྐབས་ཀྱི་མ་ཡིག་ནི་སོག་སྡེའི་སྤྲུལ་སྐུ་བསྟན་པའི་ཉི་མ་ཅན་གྱི་«བསྟན་འགྱུར་»ཁྲོད་དུ་ཡོད་པ་གཙོར་བཟུང་ནས། ཁྱུང་པོ་སྟེང་ཆེན་དགོན་ནས་བསྐྲུན་པའི་དེབ་གཟུགས་ཅན་དེ་ཞིབ་བསྡུར་ཞུས་ཡོད། དེ་མིན་ཞུ་དག་པའི་དོགས་མཆན་རིགས་ཁ་སྐོང་()འདིར་བཅུགས་ཡོད་པ་དང་། གཞན་ང་ཚོ་ལ་དཔེ་སྐྲུན་གྱི་ཉམས་མྱོང་སོགས་ཞན་རྐྱེན་ལས་དོན་འདིའི་ཐད་ལ་སྐྱོན་ཆ་དང་འཐུས་སྒོ་མ་ཚང་པའི་གོ་རིམ་དུ་མ་ཞིག་མཆིས་ངེས་པས།  དེ་ལུགས་སུ་མཁྱེན་རྒྱ་ཡོངས་པའི་ཤེས་ཡོན་ཅན་རྒྱ་ཆེའི་གཟིགས་པ་པོ་སུ་ཡིན་རུང་མ་འགྲིག་ས་དང་ནོར་བའི་རིགས་རྣམས། ཐབས་སྒོ་སྣ་ཚོགས་ཀྱི་སྒོ་ནས་ལམ་སྟོན་གནང་བའི་འབོད་སྐུལ་ཞུ།
བསྟན་འགྲོ་ལ་ཕན་པའི་ལས་རིགས་འདི་ནི་རང་གཞན་ཚང་མའི་མཐུན་ལམ་གཅིག་ཏུ་སྤུངས་ནས་གང་འཚམས་ཀྱི་གྲུབ་འབྲས་ཐོབ་པར་བྱུང་། འདིར་དམིགས་བསལ་ཞུ་རྒྱུ་ནི་དད་སྦྱིན་གྱིས་ཕྱུག་པའི་ཤར་པ་ཟིང་ཆུ་ཤུག་སྡོང་ཚང་གིས་ཚེ་ལས་འདས་མ་ཡིག་གོ་གཙོས་པའི་ཤུག་སྡོང་ཚང་གི་ཤི་གསོན་གཉིས་ཀའི་ཆེད་དུ། དེབ་ཕྲེང་(༦༦)པ་«ཀུན་མཁྱེན་ཉི་མའི་རང་རྣམ་»གྱི་དཔེ་དེབ་ཆ་ཚང་གི་འགྲོ་གྲོན་གནང་བར་བཀའ་དྲིན་ཆེ་ཞིང་ཤི་གསོན་གཙོས་པའི་མཁའ་ཁྱབ་ཀྱི་སེམས་ཅན་རྣམས་ལ་བོན་དང་བདེ་སྐྱིད་ཀྱི་དཔལ་དུ་སྤྱོད་པའི་སྐལ་བཟང་ནི་འཛོམས་ཕྱིར་དུ། སྨན་རིའི་དགེ་འདུན་འདུས་པ་རྒྱ་མཚོ་ནས་བསྔོ་སྨོན་སྐྱབས་འཇུག་རྒྱ་མི་ཆུང་ཞུ་བཞིན་ལགས་སོ། །
དེ་བཞིན་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནས་«ཀུན་མཁྱེན་ཉི་མའི་རང་རྣམ་»གྱི་དཔེ་དེབ་འདིའི་གླེང་བརྗོད་བྲིས་གནང་ཞིང་། མ་ཟད་བཀའ་སློབ་ལམ་སྟོན་སོགས་གནད་སྨིན་ཞིག་སྩལ་གནང་བར། ངེད་རྒྱུན་ལས་ཐུན་མོང་ནས་གུས་བཀུར་བླ་མེད་ཞུ་ཞིང་བཀའ་དྲིན་ཆེ་ཞུ། ད་དུང་ཞུ་དགོས་པ་ཞིག་ལ་ཞུ་དག་ལས་རོགས་གནང་མཁན་གྱི་གྲོགས་པོ་རྣམ་པ་དང་། དེབ་གཟུགས་ཇུས་འགོད་པ་བཀའ་རམས་པ་ཁྲི་གཡུང་དྲུང་ལགས་བཅས། མདོར་ན་ལས་རིགས་འདི་ལ་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་དང་རམ་འདེགས་གནང་མཁན་ཡོངས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།
མཐའ་དོན་དུ་རྣམ་དཀར་དགེ་ཕྱོགས་སུ་གཏོགས་པའི་གསུང་རབ་རིན་པོ་ཆེ་འདི་ཉིད་དཔར་སྐྲུན་ཞུས་པའི་དགེ་རྩའི་བསོད་ནམས་གང་མཆིས་ཀྱི་མཐུ་སྟོབས་ལ་བརྟེན་ནས། བདག་ཅག་གི་སྐྱབས་དང་མགོན་དུ་བཞུགས་པའི་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམས་གཙོས་པའི། གོང་ན་སུ་བཞུགས་ཀྱི་བསྟན་པར་འཛིན་པའི་སྐྱེས་ཆེན་རྣམས་ཀྱི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཞིང་། དགོངས་བཞེད་ཇི་ཡོད་མ་ལུས་པར་གྲུབ་པ་དང་། ལུང་རྟོགས་གཉིས་ཀྱིས་བསྡུས་པའི་མདོ་སྔགས་རིག་གནས་བཅས་པའི་གཤེན་བསྟན་རིན་པོ་ཆེ་མུས་ནས་མུ་རུ་གནས་ཞིང་། དད་སྦྱིན་བདག་པོ་གཙོས་པའི་མཁའ་ཁྱབ་ཀྱི་འགྲོ་བ་ཀུན་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེར་ཟིན་པའི་བཀྲ་ཤིས་སྨོན་ལམ་བཅས།
ཐ་ཚན་མུ་ཙུག་སྨར་རོ། ། དགེའོ། །
༸གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་༣༧པའི་རྒྱུན་ལས་ཡིག་ཚང་ནས། ༢༠༡༧།༥།༡༥

གླེང་བརྗོད།

20953665_1976971489246881_1160323981635367267_nམཁས་པའི་མཆོག་ཏུ་གྱུར་པ་ཀུན་མཁྱེན་ཉི་མ་བསྟན་འཛིན་ནི། ཡབ་གཡུང་དྲུང་བཀྲ་ཤིས་དང། ཡུམ་རག་ཟ་བསོད་དགའ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཆུ་བྱའི་ལོ་སྟེ་ཕྱི་ལོ་(༡༨༡༣)ལོར་སྡེ་དགེ་ལྷ་ཐོག་པའི་ཡུལ་ཞེས་བྱ་བར་ཀཾ་ཚང་གི་གདུང་དུ་སྐུ་འཁྲུངས། འདས་པའི་ལོ་ཚིགས་ལ་དེ་སྔར་འདི་ཞེས་ཐག་ཆོད་པའི་གསལ་ཁ་བཏོད་པ་མ་མཐོང་། འོན་ཀྱང་ཁུངས་དང་གསལ་ཁ་ཆེ་ཤོས་ནི་ཁོང་གི་སློབ་མ་འགྲོ་མགོན་ཤེས་རབ་གཡུང་དྲུང་གི་རྣམ་ཐར་ལས་གསུངས་པ་ལྟར་ན་ཕལ་ཆེར་ཕྱི་ལོ་(༡༨༧༠)སྟེ་རབ་བྱུང་བཅོ་ལྔ་པ་ལྕགས་རྟའི་ཟླ་བ་གསུམ་པའི་ཚེས་ཉེར་དྲུག་གི་ཉིན་དགོངས་པ་གཞན་དོན་དུ་ཕེབས་ཚུལ་གསལ།
དེ་ཡང་མཁས་མཆོག་འདི་ཉིད་ནི་སྐར་ཚོགས་བྱེ་བའི་དབུས་ན་མངོན་པར་འཕགས་ཤིང་འོད་སྟོང་འཕྲོ་བའི་རྒྱུ་སྐར་བདག་པོ་ལྟར་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་བསམ་གྱིས་མི་ཁྱབ་པའི་སྐྱེས་བུ་ཁྱད་པར་ཅན་ཞིག་ཏུ་ངོས་འཛིན་བྱས་ཀྱང་འུད་བརྗོད་ཀྱི་གཏམ་དུ་ཐལ་བའི་སྐྱོན་ག་ལ་མཆིས། རྒྱུ་མཚན་ནི། ཁོང་ནི་ཐུན་མོང་བཅུ་ཕྲག་རིག་པའི་གནས་ཐམས་ཅད་ལ་མ་རྨོངས་ཤིང་བྱང་ཆུབ་པ་ཙམ་དུ་མིན་པར། སྨན་དཔྱད་དང་རྩིས་རིག་བརྡ་སྤྲོད་སོགས་རིག་པའི་གནས་ཕལ་ཆེ་བ་ལ་འགྲེལ་མ་མཛད་པ་མེད། ཁྱད་པར་དུ་གཡུང་དྲུང་བོན་ལུགས་ལྟ་བུར་བསམ་ན། བཀའ་བརྟེན་འགྱུར་གྱི་དཀར་ཆག་དང་བསྟན་པ་དར་ནུབ་སོགས་བསྟན་འབྱུང་དང་བསྟན་རྩིས། ཆོ་ག་ཕྱག་ལེན་གྱི་ཕྱག་བཞེས་དང་ཟིན་རིས་སོགས་ཕལ་ཆེ་བ་ཁོང་གིས་མཛད་པ་ཤ་སྟག་ཏུ་སྣང་བར་མ་ཟད། ཐུན་མོང་སྡུད་གྲྭ་ནས་བཟུང་སྟེ་ཁམས་བརྒྱད་ལས་སོགས་རྒྱ་ཆེ་བའི་གཞུང་དོན་རྣམས་ལ་འགྲེལ་བ་བསམ་གྱིས་མི་ཁྱབ་པར་མཛད་པ་དག ད་སྐབས་གཡུང་དྲུང་བོན་གྱི་གདན་ས་ཁག་གི་བཤད་སྒྲུབ་སློབ་གཉེར་བ་རྣམས་ཀྱིས་སྦྱོང་བྱའི་ཡིག་ཆ་གཙོ་བོའི་ནང་ཚན་ཞིག་ཏུ་གྱུར་ཡོད། ཁོང་གིས་མཛད་པའི་བསྟན་འབྱུང་ལོ་རྒྱུས་དག་ཀྱང་ཕྱིས་བྱུང་བོན་ལ་ཞིབ་འཇུག་བྱེད་མི་དག་གིས་ཁུངས་བཙུན་ལ་ལོ་རྒྱུས་ཀྱི་ཚད་འཛིན་པར་འོས་པ་ཞིག་ཏུ་ངོས་འཛིན་ཞུ་བཞིན་པ་ཡིན། དེས་ན་རྣམ་ཐར་འདི་བཞིན་པར་བསྐྲུན་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི། མ་དཔེ་གཅིག་ལས་མེད་པའི་དཔེ་དཀོན་གྱི་རྣམ་ཐར་གལ་ཆེ་བ་ཞིག་ཡིན་པས་དང་། གཞན་ཡང་ཁྱད་པར་དུ་འཕགས་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་རྣམ་པར་ཐར་པ་དག་ཡི་གེ་རིས་སུ་བཀོད་པའི་དགོས་པ་ནི། ཕྱི་རབས་རྗེས་འཇུག་པ་རྣམས་ཐར་པ་བྱང་ཆུབ་བསྒྲུབ་པ་ལ་དཀའ་སྤྱད་འབད་བརྩོན་ཇི་ལྟར་བྱ་དགོས་མིན་གྱི་མིག་དཔེ་ཡར་འདྲེན་བྱེད་པའི་དཔེ་སྟོན་བླ་ན་མེད་པ་ཞིག་ཡིན་པར་གསུངས་པས་ནའོ། དེ་ཡང་རྣམ་ཐར་ཞེས་པ་ནི་གང་ཟག་གང་དང་གང་ཞིག་གི་ངོ་མཚར་ཆེ་བའི་མཛད་བྱས་རྣམས་རྩལ་དུ་བཏོན་ནས་བྲིས་པ་ཞིག་དང་།  བྱེ་བྲག་ཏུ་སྐྱེས་ཆེན་དམ་པ་རྣམས་ཀྱི་རྣམ་ཐར་ནི་གང་གི་ཕྱི་ནང་གསང་གསུམ་གྱི་མཛད་པ་རླབས་ཆེ་བ་རྣམས་ཚིག་སྦྱོར་སྡེབ་ལེགས་ཀྱི་སྒོ་ནས་ཕྱིས་རབས་རྗེས་འཇུག་རྣམས་ཀྱི་དད་པའི་ངེས་ཤེས་སྐྱེད་ཅིང་དྭངས་བ་འདྲེན་པར་ནུས་པའི་རྣམ་ཐར་རམ་ལོ་རྒྱུས་ཤིག་ཡིན། དེ་ཡང་ཀུན་མཁྱེན་ཤར་རྫ་བས། ལར་ནི་རྣམ་པར་ཐར་པ་ཞེས། རབ་ཀྱིས་སྟོང་ཉིད་སྙིང་རྗེའི་སྒོས། སྲིད་དང་ཞི་བར་མི་གནས་པས། མཐའ་གཉིས་ལས་ནི་རྣམ་པར་གྲོལ། འབྲིང་གིས་ངེས་པར་འབྱུང་བའི་བློས། འཁོར་བའི་གྲོང་ལས་རྣམ་པར་ཐར། དེ་ཡི་ལོ་རྒྱུས་བཤད་པ་དང། ཐ་མས་དད་པ་རྣམ་དག་གིས། ངན་འགྲོའི་གནས་ལས་ཐར་པའི་ཚུལ། དེ་དག་དེ་ཡི་བཤད་བྱ་ཡིན། ཞེས་གསུངས་པ་ལྟར་རོ། །རྣམ་ཐར་ལའང་རང་གི་ལོ་རྒྱུས་རང་ཉིད་ཀྱིས་བྲིས་པའི་རང་རྣམ་ཞེས་པ་དང། རྗེས་འཇུག་གང་ཟག་གཞན་གྱིས་བྲིས་པའི་རྣམ་ཐར་ཞེས་གཉིས་སུ་ཡོད། འོན་ཀྱང་རྗེས་འཇུག་གིས་བླ་མའི་རྣམ་ཐར་བྲིས་པ་ཕལ་ཆེ་བ་ངོ་མཚར་ཕུལ་བྱུང་དང་རབ་བཏགས་ཀྱི་བསྟོད་པས་བརྒྱན་ཏེ་ལོ་རྒྱུས་དངོས་ཇི་ལྟར་ཡིན་མིན་ལ་མི་རྣམས་ཡིད་ཆེས་དཀའ་བའི་གནས་སུ་གྱུར་པའང་མང་དུ་ཡོད། དཔེར་ན་བོད་ཀྱི་བཙན་པོ་དང་སྔར་བྱོན་གྱི་མཁས་གྲུབ་དག་གི་ལོ་རྒྱུས་ཕལ་ཆེ་བ་རྣམས་དངོས་གཙོ་སྨྲ་བའི་མཁས་པ་དག་གིས་ཡིད་ཆེས་ཚད་འཛིན་འཕེར་བའི་ལོ་རྒྱུས་དངོས་སུ་ཁས་ལེན་མི་བྱེད་པའི་གནད་དོན་ཀྱང་དེ་ལྟ་བུར་ཐུག་ཡོད།
དེས་ན་རྣམ་ཐར་དང་ལོ་རྒྱུས་གང་ཞིག་ཡིན་རུང་ཚིག་གི་སྡེབ་སྦྱོར་གཙིགས་མི་ཆེ་བར་དོན་དམ་དངོས་ཡོད་ཀྱི་ལོ་རྒྱུས་བཟང་ངན་ཅི་བྱུང་ཇི་མ་ཇི་བཞིན་དུ་བརྗོད་པ་ཡིན་ན། དེས་ཕྱི་རབས་རྗེས་འཇུག་པ་རྣམས་ལ་ལོ་རྒྱུས་དངོས་གང་ཡིན་ཤེས་རྒྱུར་ཕན་ཐོགས་ཆེ་བར་མ་ཟད། དངོས་གཙོ་སྨྲ་བའི་ཚན་རིག་པས་ཀྱང་དཔྱད་གཞིར་རུང་བའི་ལོ་རྒྱུས་ཡང་དག་ཅིག་ཏུ་ངོས་འཛིན་བྱེད་ངེས། དེ་མིན་བོད་ཀྱི་ལོ་རྒྱུས་དང་རྣམ་ཐར་སོགས་ཕལ་ཆེ་བ་བཅོས་སྒྲུང་ལྟ་བུ་ཞིག་ལས་ལོ་རྒྱུས་དངོས་མཚོན་པར་བྱེད་པའི་རྣམ་ཐར་ཞིག་ཆེས་དཀོན་པའི་གནས་སུ་གྱུར་ཡོད། དེས་ན་ཀུན་མཁྱེན་ཉི་མའི་རྣམ་ཐར་འདི་བཞིན་མཁས་པའི་ཁྱུ་མཆོག་ཁུ་བོ་ཀཾ་བླ་མ་གཡུང་དྲུང་ཉི་རྒྱལ་མཆོག་ནས་ཁྱེད་ཀྱི་རྣམ་ཐར་བྲིས་ཞེས་རྣམ་ཐར་གྱི་ཁོག་དབུབ་བྲིས་པ་ཞིག་ཕུལ་བ་སོགས་བསྐུལ་མ་ནན་ཏན་གནང་བ་ལ་བརྟེན་ནས་བྲིས་པར་གསུངས་པ་ལྟར། རང་གི་ལོ་རྒྱུས་རང་ཉིད་ཀྱིས་བྲིས་ཤིང་དེ་ཡང་ཕུལ་བྱུང་དང་རབ་བཏགས་ཀྱིས་ཀླུབས་པ་མིན་པར་རང་གི་ལོ་རྒྱུས་དངོས་ཇི་བཞིན་པར་བྲིས་པའི་རང་རྣམ་ཙམ་དུ་མ་ཟད། ཆེས་རྙེད་པར་དཀའ་བའི་བོད་དང་བོན་གྱི་ལོ་རྒྱུས་གལ་ཆེ་བ་མང་པོ་ཞིག་རྣམ་ཐར་དེ་ལས་ཤེས་རྟོགས་འབྱུང་གི་ཡོད། དཔེར་ན་བེ་རི་རྒྱལ་པོའི་སྐོར་དང་དེ་བཞིན་རྒྱལ་བ་བྲུ་ཚང་གི་ཁྱིམ་གཞིས་སུ་པཎ་ཆེན་གྱི་ཡང་སྲིད་འཁྲུངས་ཚུལ་གྱི་སྐོར་དང་། བོན་གྱི་དགོན་པ་ཁག་ཅིག་ལ་པཎ་ཆེན་མཆོག་ནས་ཆོས་ལུགས་གཞན་དུ་བསྒྱུར་མི་ཆོག་པའི་བཀའ་ཡིག་ཤེ་བམ་གནང་ཚུལ།
དེ་བཞིན་བོན་བསྟན་དར་ནུབ་གྱི་ལོ་རྒྱུས། ཁྱད་པར་དུ་བོན་གྱི་གདན་ས་ཁག་གི་བླ་རྒྱུད་དང་མཁས་པ་ཇི་ལྟར་བྱུང་ཚུལ། སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་གི་མཛད་པ་རྒྱས་འབྲིང་བསྡུས་གསུམ་གྱི་རྣམ་གྲངས་ཁག་རེ་རེ་བཞིན་དུ་གསལ་བར་ངོས་འཛིན་དང་། བསྐལ་སྲིད་འབྱུང་གསུམ་གྱི་ཆོ་རབས། གཞན་ཡང་ཀུན་མཁྱེན་ཉི་མ་ཉིད་གདུལ་བྱའི་དོན་དུ་ཕྱོགས་གང་དུ་ཕེབས་པའི་དད་ལྡན་མང་ཚོགས་ནས་འབུལ་རྫོང་གང་བྱུང་བའི་དངོས་པོ་རྣམས་རེ་རེ་ནས་ཟིན་ཐོ་གསལ་ཞིང་རྒྱས་པར་བཀོད་དེ་དགོན་གྱི་གཉེར་པ་སོགས་ལ་རྩིས་སྤྲོད་ཀྱིས་དད་ལྡན་མང་ཚོགས་ཀྱིས་འབུལ་བ་དག་ཆུད་ཟོས་སུ་མ་སོང་བར་ཡིད་ཆེས་པའི་གནས་སུ་མཛད། དེས་ན་རང་རྣམ་འདི་ཉིད་ལ་རྣམ་ཐར་ཞེས་མཚན་བཏགས་པ་ཙམ་མ་གཏོགས་དོན་དངོས་སུ་བསྟན་འབྱུང་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པའི་ལོ་རྒྱུས་ཀྱི་དཔེ་དེབ་ཆེས་གལ་ཆེ་བ་ཞིག་ཡིན་འདུག་པས། རྣམ་ཐར་འདི་ཡི་བརྒྱུད་ནས་བོད་དང་བོན་གྱི་ལོ་རྒྱུས་ལ་མཁྱེན་འདོད་ཐུགས་སྣང་ཡོད་པའི་ཤེས་ལྡན་མི་སྣ་དག་ལ་ཕན་པ་བརླབས་ཆེན་སྟེར་ངེས་བརྟེན། ད་ལམ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་སུམ་ཅུ་སོ་བདུན་པའི་རྒྱུན་ལས་ནས་ཐུགས་ཁུར་ཆེར་བཞེས་ཀྱིས་དཔེ་དཀོན་དུ་གྱུར་པའི་ཀུན་མཁྱེན་ཉི་མའི་རང་རྣམ་འདི་བཞིན་འཕྲུལ་པར་དུ་བསྐྲུན་པར་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག པར་བསྐྲུན་གྱི་བྱ་བར་དངོས་ཤུགས་རྒྱུད་གསུམ་ནས་མཐུན་རྐྱེན་སྦྱོར་བ་སོགས་ཞབས་ཞུ་བྱེད་པོ་ཡོངས་ལ་ཐུགས་རྗེ་ཆེ་ཞེས་ཞུ།

སྨན་རིའི་དཔོན་སློབ་ཡང་སྟོན་པ་འཕྲིན་ལས་ཉི་མས།
ཕྱི་ལོའི་༢༠༡༧ཟླ་༠༥ཚེས་༡༣བཟང་པོར།

དཀར་ཆག

པར་སྐྲུན་གསལ་བཤད། (༡)
གླེང་བརྗོད། ༧སྨན་རིའི་དཔོན་སློབ་རིན་པོ་ཆེ།
མཆོད་བརྗོད་དང་གླེང་གཞི། (༡)
སྤྱིར་སངས་རྒྱས་བསྟན་པ་བྱུང་ཚུལ་བསྟན་པ། (༣)
བརྒྱུད་གསུམ་བླ་མའི་ཡིན་ཚུལ་བསྟན་པ། (༦༢)
བྱེ་བྲག་དུ་མཉམ་མེད་ཆེན་པོའི་རྣམ་ཐར་བསྟན་པ། (༩༤)
ཁྱད་པར་དུ་མཁན་རབས་རིམ་བྱོན་གྱི་ལོ་རྒྱུས་བསྟན་པ། (༡༠༣)
མཁན་པོ་ཉི་དབང་རང་གི་རྣམ་ཐར་བཤད་པ། (༡༠༨)
རྒྱུད་པ་རུས་ཀྱི་ཆེ་བ་བརྗོད་པ། (༡༠༩)
བོད་ལ་བཀའ་དྲིན་ཆེ་བའི་མི་བཞི། (༡༡༠)
སྐམ་ཚང་ཞེས་པའི་མཚན་གསོལ་ཚུལ། (༡༣༥)
ལུས་བསྐྱེད་ཡབ་ཡུམ་ཀྱིས་བསྐུལ་ཚུལ། (༡༣༦)
བཤེས་གཉེན་མཆོག་དང་མཇལ་ཏེ་ངེས་པའི་ལུང་གི་ཟིན་ཚུལ། (༡༣༧)
བསྟན་སྒོར་ཞུགས་ཤིང་གྲྭ་ས་འགྲིམ་ཚུལ། (༡༥༡)
རབ་འབྱམས་མིང་བཏགས་བླངས་ཚུལ། (༡༥༨)
བསྟན་པའི་ཁུར་ཆེན་བཞེས་ཚུལ། (༡༦༣)
གནས་ལུགས་དོན་ལ་བཞག་ཚུལ། (༡༦༧)
བདེ་གཤེགས་སྐུ་གདུང་གསེར་གྱིས་བཞེངས་ནས་མངའ་དབུས་རབ་གནས་བྱས་ཚུལ། (༡༧༨)
རྟེན་གང་བཞེངས་པ། (༡༨༩)
བཞེངས་པ་དེ་གང་ལ་དམིགས་པ། (༡༩༠)
བྱེད་པ་པོ་གང་གིས་བཞེངས་པ། (༡༩༡)
དོན་དང་ཡོན་ཏན་ཇི་ལྟར་མངའ་ཚུལ། (༡༩༢)
བཞེངས་པའི་རྒྱུ་དངོས་ཇི་ལྟར་སོང་བ། (༡༩༩)
འབྲས་བུ་ཇི་ལྟར་མངའ་བའི་ཚུལ། (༢༠༢)
བཞེངས་པའི་དགེ་བ་གྲུབ་ནས་བསྔོ་སྨོན་དང་ཤིས་པར་བརྗོད་པ། (༢༠༣)
གསང་སྔགས་བསྒྲུབས་ཆེན་བཙུགས་ནས་སྨིན་གྲོལ་ལམ་ལ་བཀོད་ཚུལ། (༢༠༦)
སྨན་རིའི་སྒྲུབ་ཆེན། (༢༢༡)
དང་པོ་གང་གི་དགོངས་པ། (༢༢༡)
བར་དུ་སུ་ཡིས་སྒྲུབ་པ། (༢༢༦)
རྗེས་སུ་ཇི་ལྟར་འཛིན་ཚུལ། (༢༢༧)
གསུང་རབ་རྩོལ་བས་བསྒྲུབས་ཤིང་བཀའ་འགྱུར་ལྷ་ཁང་བཞེངས་ཚུལ། (༢༣༠)
སྐྱེས་རབས་བཀོད་པར་བྱས་ནས་བསྐོར་ཆོག་འཁོར་ལོ་བཞེངས་ཚུལ། (༢༦༤)
དགེ་སྦྱོར་རྒྱ་ཆེན་བྱས་ཚུལ། (༢༨༢)
རྒྱལ་བའི་སྐུ་བརྙན་བཞེངས་ནས་སྟོང་མཆོད་རྒྱུན་འཛུགས་བྱས་ཚུལ། (༣༡༣)
རྒྱལ་ཚབ་མཁན་མཆོག་བསྐོས་ནས་དབེན་པའི་གནས་སུ་བསྒོམ་ཚུལ། (༣༣༥)
རྣམ་ཐར་ཡི་གེར་བཀོད་ཚུལ། (༣༧༢)
མཇུག་དོན། (༣༧༤)