གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གདུང་མཆོད་དང་སྐུ་གདུང་མཇལ་ཞུས།

IMG_2172༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་པ་ནས་བཟུང་། སྐུ་གདུང་མཐོང་གྲོལ་རིན་པོ་ཆེའི་ཞལ་སྔར་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་། ༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་རིན་པོ་ཆེ་མཆོག སྨན་རིའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་ཀྱིས་དབུས་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་རེས་མོས་ཀྱིས་བླ་མེད་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི་དང་། ཨ་སྙན་རྫོགས་གསུམ་བཅས་རྒྱུན་ཆད་མེད་པར་གསུང་བཞིན་པ་དང་། ༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་ཆེན་མོར་དགེ་འདུན་འདུས་པ་རྒྱ་མཚོས་རིག་འཛིན་འདུས་པ་དང་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་གསུང་བཞིན་པ།

IMG_2171IMG_2173

དེ་བཞིན་༧དཔལ་ལྡན་སྨན་རིའི་བླ་བྲང་དུ་མཆོད་སྤྲིན་རྒྱས་བཤམས་ཐོག སྔ་དགོང་གཉིས་སུ་སེར་སྐྱ་མང་ཚོགས་ཡོངས་ནས་བླ་མ་མཆོད་པའི་གསུང་འདོན་དང་། དད་ལྡན་མང་ཚོགས་རྣམས་ཀྱིས་ཉིན་མཚན་དུས་དྲུག་ཀུན་ཏུ་ཕྱག་སྐོར་མཆོད་འབུལ་ཆད་མེད་ཞུས་དང་ཞུ་བཞིན་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༦ ཉིན་གྱི་སྔ་དྲོ་ནས་སྐུ་གདུང་མཐོང་གྲོལ་རིན་པོ་ཆེ་དད་ལྡན་མང་ཚོགས་ཡོངས་ལ་མཇལ་ཁའི་བྱིན་རླབས་བསྩལ་གནང་མཛད།

IMG_2158IMG_2160

བོད་ཕྱི་ནང་གཉིས་ནས་རིས་སུ་མ་ཆད་པའི་ཆོས་སྡེ་ཁག་དང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག གནད་ཡོད་མི་སྒེར་པ་བཅས་ནས་ཐུགས་གསོའི་ཕྱག་བྲིས་དུ་མ་འབྱོར་བཞིན་པ་དང་། བོད་ཕྱི་ནང་གཉིས་ཀྱི་གཡུང་དྲུང་བོན་གྱི་དགོན་སྡེ་ཁག་ནས་དགོངས་རྫོགས་མཆོད་འབུལ་རྒྱ་ཆེན་ཞུ་མུས་ཡོད་པ། དེ་བཞིན་ཕྱོགས་མཐའ་ཁག་ནས་མི་སྣ་ཆེད་བཅར་གནང་དང་གནང་བཞིན་ཡོད་པ་རེད།

IMG_2153IMG_2186

༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ལ་བཀའ་འདྲི་དགོངས་བསྐོར་ཞུས་དོན་བཞིན། དགུང་ཞག་གི་གསུང་ཆོག་དང་། སྐུ་གདུང་ཞུགས་འབུལ་ཆེད་ཀུན་རིག་ལས་བཞི་རྒྱུན་ལྔའི་མཆོད་སྤྲིན་རྒྱས་པ་སོགས་གྲ་སྒྲིག་གནང་བཞིན་ཡོད་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།