གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གི་བཀའ་སློབ།

རྒྱ་ཆེའི་དད་ལྡན་བོན་འབངས་མང་ཚོགས་ལ་ངས་ཚིག་ཁ་ཤས་ཅིག་ཞུས་ཡ་ཅིག་ལ། ཉེ་ཆར་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་སྐུ་གཞན་དོན་བོན་དབྱིངས་སུ་ཐིམ་པའི་གནས་ཚུལ་ད་སེམས་ཕམ་པ་ཅིག་དེ་འདྲ་ཅིག་བྱུང་བསྡད་ཡོད་རེད། ཚང་མས་ཕལ་ཆེར་ཀྱིས་མ་མཁྱེན་པ་ཡོད་རྒྱུ་མ་རེད།

༧སྐྱབས་རྗེ་མཆོག་ཡིན་པ་ཡིན་ན་དངོས་གནས་དགུང་གྲངས་དགུ་བཅུ་དེ་འདྲའི་ཟིན་བསྡད་ཡོད་རེད། དེའི་རིང་དེ་ལ་བསྟན་པ་དང་འགྲོ་བའི་དོན་ཁོ་ནར་ཕྱག་ལས་གནང་ནས། མི་རིགས་ཀྱི་ཁྱད་པར་མེད་པ། ཕོ་མོའི་ཁྱད་པར་མེད་པ། སེར་སྐྱའི་ཁྱད་པར་མེད་པར་དེ་འདྲའི་སྟེང་ནས་ཕྱག་ལས་ཧ་ལས་པའི་རྒྱ་ཆེན་པོ་ཅིག ང་རང་ཚོ་ཡིན་ན་བློ་ཡི་ཤོང་ཐུབ་ཡ་མེད་པའི་དེ་འདྲའི་ཕྱག་ལས་རྒྱ་ཆེན་པོ་གནང་བསྡད་ཡོད་རེད། དེ་ཡིན་དུས་སྐབས་སུ་ལ་ཐུགས་ཀྱི་དགོངས་པ་ཕལ་ཆེར་ཚང་མ་ཐམས་ཅད་འགྲུབ་བསྡད་པ། མཛད་པ་མཐར་རུ་ཕྱིན་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད།

དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་ང་ཚོ་ཡིན་ན་ཅིག་ཧ་ཅང་གི་དེ་འདྲའི་བློ་ཕམ་ཆད་ནས་ཡིད་ཐང་ཆད་སེམས་ཐག་ཆད་ནས་དེ་འདྲར་བསྡད་བསྡད་པ་མ་ཡིན་པར། ད་སྐྱབས་རྗེ་མཆོག་གི་དགོངས་པ་གཙོ་བོ་དེ་ང་ཚོས་སྒྲུབ་ཡ་དེ། ང་རང་ཚོ་ཕྱི་རབས་རྗེས་འཇུག་པ་རྣམས་ཀྱིས་འགན་གཙོ་བོ་ཞིག་ཆགས་བསྡད་ཡོད་རེད།

ད་རིན་པོ་ཆེ་ཡིས་གཙོ་བོ་ཅིག་སེར་སྐྱ་ཕོ་མོ་མེད་པར་དྭ་ཕྲུག་མང་པོ་ཞིག་ལ་སློབ་སྦྱོང་གི་མཐུན་རྐྱེན་སྦྱར་ནས། དྭ་ཕྲུག་སྟོང་ཕྲག་མང་པོ་དེ་འདྲའི་གསོ་སྐྱོང་གནང་བསྡད་ཡོད་རེད། དེ་ག་ནང་བཞིན་དགེ་འདུན་སྡེ་ལ་ཡིན་པ་ཡིན་ན་ཡང་དགེ་བཤེས་བརྒྱ་ཕྲག་མང་པོ་ཐོན་བསྡད་ཡོད་རེད། དེ་ཚོ་ཚང་མ་ཐམས་ཅད་ཕྱི་ནང་རྒྱལ་ཁབ་མང་པོ་ཞིག་ལ་དེ་འདྲའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བསྡད་ཡོད་རེད།

དེ་ག་ནང་བཞིན་བཙུན་མའི་སྡེ་བཙུགས་བཙུན་མའི་སྡེ་ལ་བཤད་སྒྲུབ་ཀྱི་ལྟེ་གནས་བཙུགས། བཙུན་མ་དེ་ཚོ་ཡིན་ནའང་གྲྭ་བ་དགེ་འདུན་པ་དང་འདྲ་འདྲ་སློབ་སྦྱོང་བྱེད་ཡ་ཀི་གོ་སྐབས་གནང་། དེ་ག་ནང་བཞིན་སྨན་དང་རྩིས་དང་དེ་ནས་ཁོ་སྔགས་པ་དང་དེ་འདྲའི་ཚང་མ་ལ་དེ་ནས་འདྲ་མཉམ་ཐོབ་ཐང་སློབ་སྦྱོང་བྱེད་ཡ་ཀི་གོ་སྐབས་དེ་འདྲ་ཀི་བཀའ་དྲིན་བསྩལ་གནང་ཡོད་རེད། དེ་ཚོ་ཚང་མ་ང་ཚོས་དྲན་པར་བྱོས། ད་དགོངས་པའི་གཙོ་བོ་འདྲ་བོ་དེ་དགོངས་གཞི་གཙོ་བོ་དེ་ག་རེ་རེད་ཟེར་དུས། བླ་མ་གྲྭ་བ་ཡིན་ན་འདྲ། བཙུན་མ་ཡིན་ན་འདྲ། སུ་དང་སུ་ཡིན་པ་ཡིན་ན་ཡང་། གང་གིས་རྗེས་སུ་འཇུག་པ་རྣམས་ཀྱིས་སོ་སོའི་བསླབ་པ་དེ་ཚོ་ཡག་པོར་ཅིག་བསྲུང་། དད་པ་དམ་ཚིག་བརྟན་པོར་བྱོས།

དེ་ག་ནང་བཞིན་འཇིག་རྟེན་མི་སྐྱ་ཕོ་མོ་ཞིག་ཡིན་ནའང་སོ་སོའི་སྒོ་གསུམ་དགེ་བ་ལ་སྤྱོད། དེ་འདྲའི་ཞིག་བྱས་པ་ཡིན་ན། སྐྱབས་རྗེ་རིན་པོ་ཆེ་ཡི་ཐུགས་དགོངས་འགྲུབ་པ་རེད། དགོངས་པ་གཞན་དོན་དུ་གཤེགས་པའི་སྐབས་སུ་ཡིན་ནའང་། དེ་སྔ་སྙུང་པ་མགོ་བཙུགས་པ་ནས་བཟུང་པའི་ཐ་མ་གྲོངས་པའི་བར་དུ་ལ་སྙུང་སོང་ཟེར་ནས་དེ་འདྲའི་ཚིག་གཅིག་ཀྱང་གོ་མ་མྱོང་། དཔེ་མི་སྲིད་པའི་སྐུ་ཞི་བར་གཤེགས་བསྡད་པ་ཅིག་རེད། འདི་ན་སྨན་རིའི་དགོན་པ་ཡིན་ན་བླ་མ་གྲྭ་བ་ཚང་མས་དེ་ནས་ཞབས་ཞུ་གང་ཐུབ་ཅི་ཐུབ་བྱས་པ་རེད། ད་ལྟ་དགོངས་རྫོགས་ཀྱི་སྐབས་སུ་ཡིན་ན་ཚང་མས་ཧུར་ཐག་འབད་ཐག་བྱས་ནས་དགོངས་རྫོགས་གང་ཡག་ཡག་གང་ལེགས་ལེགས་ཕུན་སུམ་ཚོགས་པ་ཞིག་དེ་འདྲ་སྒྲུབ་དང་སྒྲུབ་བཞིན་པ་ཡིན།

དེ་ག་ནང་བཞིན་གྱིས་ཕྱི་ནང་བོན་པོ་ཡོངས་རྫོགས་ཀྱིས་སྐུ་ཡི་བསྙུང་གཞི་བྱེད་དུས་སྐབས་སུ་ཡིན་ན་ཞབས་བརྟན་སྒྲུབ་ཡ་རེད། སྐུ་ཞི་བར་གཤེགས་པའི་དུས་སྐབས་སུ་ཡིན་ན་དངོས་གནས་ཚང་མས་གདུང་སེམས་མཉམ་བསྐྱེད་གནང་། ད་དུང་མ་འོངས་པ་ཡིན་ནའང་ཚང་མས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ། ང་རང་ཚོ་ཚང་མ་ཐམས་ཅད་དད་པ་དམ་ཚིག་གཅིག་མཐུན་ཡོང་ཡ་ཅིག་ཚང་མས་དགོངས་པ་ལ་བྱེད་དགོས་པས་དེ་ཧ་ཅང་གི་གལ་ཆེན་པོ་རེད་བསམ་ཀི་འདུག

ཐུགས་རྗེ་ཆེ།

ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༨ ཉིན་རང་རེའི་བསྟན་དམ་གཅིག་པའི་བོད་ཕྱི་ནང་གཉིས་ཀྱི་རྒྱ་ཆེའི་དད་ལྡན་རྣམས་ལ་ཐུགས་གསོའི་བཀའ་སློབ་བཀའ་དྲིན་བསྩལ་བ།