གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧རྒྱལ་བ་སྨན་རི་བ་ལ་ཕུལ་བའི་རྗེས་དྲན་བདམས་བསྒྲིགས།

གངས་ཅན་བོད་ཀྱི་ཕ་མེས་ཀྱི་བླ་མཁར་སྲུང་བའི་དཔའ་བོ།
རྒྱལ་དབང་ཀརྨ་པ།

ཞྭ་དཀར་གཡུང་དྲུང་བསྟན་པའི་མངའ་བདག །གཞིས་བྱེས་བོན་འབངས་ཡོངས་ཀྱི་མགོན་སྐྱབས། རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་རེ་ཞིག་དགོངས་པ་བོན་དབྱིངས་སུ་རྫོགས་ཤོར་བ་ནི་གངས་ཅན་ལྗོངས་དང་། འཇིག་རྟེན་འདིའི་མུན་ནག་སེལ་བའི་སྒྲོན་མེ་ཞིག་གཟིམ་པ་ཡིན།

རླབས་ཆེ་བའི་སྐྱེས་བུ་ཞིག་གིས་ཐ་མའི་མཛད་པ་བསྟན་པའི་དུས་འདིར་མི་རྣམས་ཀྱི་སྙིང་དབུས་སུ་ཁོང་གི་ཐུགས་རྗེ་དང་སྐུ་དྲིན་སྔར་ལས་ཇེ་གསལ་དང་ཇེ་དྲན་དུ་འགྲོ་བ་ནི་ཆོས་ཉིད་རེད། བདག་ལྟ་བུ་ལ་མཚོན་ནའང་མགོན་པོ་གང་སྐུ་འཚོ་བཞུགས་སྐབས་ཆོས་སྲིད་ཀྱི་མཛད་སྒོའི་མདུན་ས་ཙམ་མ་ཡིན་པར། ནམ་རྒྱུན་དུ་ཐུགས་བརྩེ་ལྷག་པར་གཏད་ཅིང་། ཁྱད་པར་ཁ་བ་གངས་ཅན་པའི་སྣོད་བཅུད་ཆགས་འཇིག་ལ་ཐུག་པའི་མཚམས་འདིར་གངས་ཅན་མགོན་པོའི་དབུ་འོག་དཔུང་འདེགས་དང་། བསྟན་འགྲོའི་དཔལ་ཡོན་ཉམ་པ་སོར་ཆུད་ཀྱི་སྐུ་ངལ་ཚད་མེད་བསྐྱངས་ཏེ་སྐུ་ཚེ་ཧྲིལ་པོ་གཞན་དོན་དུ་བཏང་བའི་བཀའ་དྲིན་ནི་རང་གཞན་ཀུན་གྱིས་ཆེས་འཁོར་ཐབས་བྲལ་བ་ཞིག་ལགས།

སྤྱིར་རྒྱལ་དབང་ཀརྨ་པའི་སྐུ་རབས་གོང་མ་རྣམས་དང་། ལྷག་པར་རྒྱལ་མཆོག་བཅུ་དྲུག་པ་ཆེན་པོའི་དུས་སྨན་རིའི་མཁན་སློབ་རྣམ་གཉིས་གཙོ་གྱུར་བོན་བསྟན་འཛིན་པ་རྣམས་ལ་ཞལ་འདྲིས་དང་ཐུགས་བརྩེ་ཟབ་མོ་ཡོད་པ་སོགས་ཀྱི་ལེགས་ཚོགས་ལ་བརྟེན་ནས་རྒྱལ་བ་གཤེན་གྱི་བསྟན་པ་དང་། ཀརྨའི་བཀའ་བརྒྱུད་གཉིས་ཀྱི་དམ་ཚིག་ལར་རྒྱ་གཡུང་དྲུང་གི་གཤིས་སུ་བརྟན་ཅིང་། རྗེ་ཉིད་ཀྱི་ཐུགས་དགོངས་ཟབ་མོ་ཅི་ཡོད་ཡོངས་སུ་རྫོགས་ཤིང་མྱུར་དུ་འགྲུབ་པའི་སྨོན་འདུན་ཤུགས་དྲག་བཅས།

ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེས། སྤྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༥ ཉིན་ཕུལ།

སྐུ་པར་གྱི་བག་ཆགས་དང་རྗེས་དྲན།

སྒོ་ཤེས་རབ་རྒྱ་མཚོ།

ཁོ་བོར་མཚོན་ན།  ནམ་རྒྱུན་སྐད་ངན་ཞིག་གོ་མ་ཐག   གློ་བུར་སེམས་ལ་འཚུབ་ཆ་ལངས་ཤིང་ཡིད་རབ་ཏུ་མི་སྐྱིད་པར་འགྱུར་འགྲོ་བ་ཞིག་ཆགས་འདུག   དེ་ནི་ད་ལྟའི་ཡུལ་དུས་འདིའི་ཕྱི་ནང་གི་གནས་སྟངས་མང་པོ་ཞིག་གིས་ང་དང་ངེད་ཅག་གི་སེམས་ངོར་བཞག་པའི་ཤུལ་རྗེས་ཤིག་ཡིན་ཚོད། གཅིག་བྱས་ན། ཁོ་བོ་རང་ཉིད་ནུས་མེད་སྡར་མ་ཡིན་པའི་མངོན་རྟགས་ཤིག་ཡིན་ཡང་སྲིད།  གང་ལྟར་མདང་དགུང་ས་སྲོད་ཀྱི་ཆར།  གཡུང་དྲུང་བོན་གྱི་བསྟན་བདག་སྨན་རིའི་ཁྲི་འཛིན་སོ་གསུམ་པ༧སྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་མཆོག་གཟིམ་ཁྲིའི་མཐའ་ཅན་དུ་གྱུར་པའི་གཏམ་ངན་རྣ་བར་སོན་པས།  དེ་རིང་ཡང་ཉིན་གང་བོར་དེ་ལས་འཕྲོས་པའི་བསམ་གཞིགས་སྣ་ཚོགས་བསྟུད་མར་བྱེད་དགོས་བྱུང་།    དྲང་མོར་ཞུས་ན།  ཕྲན་ལ་ནི་ཁོང་གི་སྐུ་པར་རེ་མཇལ་མྱོང་བའི་བག་ཆགས་ཙམ་མ་གཏོགས།  རིན་པོ་ཆེའི་མཛད་རྣམ་ལ་ཆ་རྒྱུས་ཆེན་པོ་མེད་པས། མེད་ཀྱང་ཡོད་མདོག་གི་རྫུ་བག་འཁྲབ་མི་འདོད།  རྣམ་པ་གཅིག་ཏུ་ན།  ངས་ཁོང་གི་སྐུ་པར་མཇལ་བའི་བག་ཆགས་དེ་ཙམ་ཡང་ཆུང་ཆུང་ཞིག་ཏུ་བརྩི་མི་རིགས་ཏེ།  སྐུ་པར་དུ་མངོན་པའི་མཁྱེན་བརྩེའི་འོད་ཟེར་འཕྲོ་བའི་སྤྱན་མདངས་དང་།  ཐུགས་སྤོབས་བརྟན་པོ་མངའ་བའི་གཟི་བྱིན་དེ་ནི་ཁོང་གི་མཛད་འཕྲིན་ཀུན་གྱི་བསྡུས་གཟུགས་སུ་གྲུབ་ཡོད་པ་མིན་ནམ།

ངས་ཁོང་གི་སྐུ་པར་མཇལ་བ་མང་ཤོས་ནི།  ཁོང་ཉིད་བོད་ཀྱི་ཆོས་རྒྱུད་ཁག་གི་བླ་ཆེན་མཉམ་འཛོམས་ཀྱི་གྲས་སུ་བཞུགས་པ་རྣམས་ཡིན་ལ།  ངའི་མིག་དང་ཡིད་ལ་ཆེས་ལྟ་ན་སྡུག་པའི་སྐུ་པར་ཡང་རང་རེའི་ཆོས་རྒྱུད་ཁག་གི་བླ་ཆེན་མཉམ་འཛོམས་ཀྱི་སྐུ་པར་དེ་ཡིན།  རང་རེའི་མི་རིགས་ནི་ཆོས་དད་རབ་ཏུ་ཟབ་པའི་མི་རིགས་ཤིག་ཡིན་ཕྱིར། ཆོས་ལུགས་གྲུབ་མཐའི་བར་མཐུན་ལམ་འབྱུང་རྒྱུ་ནི་འཕྲལ་ཡུན་གྱི་ཕན་བདེའི་གཞི་རྩ་གཙོ་བོ་ཡིན་པ་ལྟ་ཅི་སྨོས་རེད།  དེའི་ཕྱིར་ཆོས་ལུགས་གྲུབ་མཐའ་སོ་སོའི་བླ་ཆེན་རྣམས་ཐུགས་མཐུན་ངང་མཉམ་བཞུགས་མཛད་པའི་སྣང་བརྙན་དག་མཇལ་ན། དེ་ལས་ཡིད་སྤྲོ་བ་ཞིག་དངོས་གནས་མི་འདུག   དེ་ནི་ང་ཚོའི་སྤོབས་པའི་འབྱུང་གནས་ཡིན།    དེ་ནི་ང་ཚོའི་རེ་བའི་རྩ་བ་ཡིན།

ལར་གྲུབ་མཐའ་སོ་སོ་ལ་ལྟ་གྲུབ་མི་འདྲ་བ་སྣ་ཚོགས་ལོས་ཡོད་རེད།  བྱུང་རབས་ཀྱི་ངོས་འཛིན་མི་མཐུན་པ་ཡང་སྣ་ཚོགས་ལོས་ཡོད་རེད། དེ་དག་གཅིག་གྱུར་སུས་ཀྱང་བཟོ་མི་སྲིད་ལ་བཟོས་ནའང་ག་ལ་འགྲིག་སྟེ། སྐྱེས་ཆེན་སྔ་མ་ཚོའི་ཤེས་རབ་ཀྱི་རྩལ་ངོམ་སྟངས་མི་འདྲ་བ་ལས་བྱུང་བའི་གྲུབ་མཐའ་སྣ་ཚོགས་ཡོད་པ་ནི་གངས་ཅན་པའི་རིག་གནས་ཀྱི་གཟི་བརྗིད་ཡིན་པ་རེད། གཙོ་བོའི་ནང་གི་གཙོ་བོ་ནི།  ལྟ་ཚུལ་མི་འདྲ་བ་དང་། དད་མོས་མི་འདྲ་བ་དང་། གྲུབ་མཐའ་མི་འདྲ་བ་སྣ་ཚོགས་ཡོད་ཆོག་ལ་ཡོད་འོས་པའི་དཀྱེལ་ཡངས་ཀྱི་ལྟ་བ་དང་། དེ་ཐམས་ཅད་ཀྱང་དབྱངས་གསལ་སོ་བཞིའི་ཉིང་ཁུ་ལྟ་བུའི་ཤེས་རིག་ཡིན་པ་གཅིག་མཐུན་དུ་ཁས་ལེན་པའི་མཛའ་དུངས་དེ་རེད།

སྐབས་དང་སྐབས་སུ། རང་རེའི་ཆོས་རྒྱུད་གྲུབ་མཐའ་ཁག་གི་བླ་ཆེན་རྣམས་མཉམ་དུ་འཛོམས་ནས་ཐུགས་མཐུན་ཞི་ལྷོད་ངང་ཕན་ཚུན་གསུང་གླེང་དང་ཞལ་རྩེད་གནང་བཞིན་པའི་བརྙན་དང་པར་མཇལ་རྒྱུ་ཡོད་པ་ནི།  དེ་འདྲའི་ཐུགས་དཀྱེལ་དང་སྙིང་སྟོབས་ཀྱི་མཚོན་བྱེད་ཅིག་ཡིན་པས་དེ་ལ་མི་དགའ་གང་ལ་དགའ།  སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནི། ཐུགས་དཀྱེལ་དེ་འདྲ་མཚོན་པའི་སྡིངས་ཆ་དེའི་ཐོག་གི་སྐར་མ་འོད་ཆེན་ཞིག་ཡིན་པས།  ཁོང་ནི་རི་ཁ་བ་ཅན་པའི་སྐྱེ་བོ་རེ་རེའི་སེམས་ཀྱི་སྒྲོན་མེ་ཞིག་ཏུ་རྩི་ཆོག་ལ།  ཁོང་གི་རླབས་ཆེན་བཞེད་དགོངས་ཀྱང་རང་ཅག་བོད་མི་རེ་རེའི་ཕུགས་བསམ་གྱི་ཀློང་ན་ཐིམ་ཡོད།

ལྷག་པར་བརྗེད་དཀའ་བ་ཞིག་ནི།  སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། དགའ་ལྡན་ཁྲི་པ་རི་རྫོང་རིན་པོ་ཆེ་རྣམ་གཉིས་ལྷན་བཞུགས་ཀྱི་འདྲ་པར་ཞིག་གི་འོག་ན། ཁོང་རྣམ་གཉིས་ཀྱིས་སྐབས་དེར་གནང་བའི་བཀའ་མོལ་ཐུང་ངུ་ཞིག་ཡོད་པ་དེ་ཡིན།  གང་ཞེ་ན། “ངེད་གཉིས་ལས་གཅིག་ནི་བོད་མདོ་སྨད་ཀྱི་མཐའ་མཚམས་ཤར་ཁོག་ནས་ཡིན་པ་དང་། གཅིག་ནི་སྟོད་མངའ་རིས་ཀྱི་མཐའ་མཚམས་ལ་དྭགས་ནས་ཡིན་པས། དེ་རིང་མཉམ་དུ་འཛོམས་པ་དེ་བོད་ཀྱི་སྟོད་སྨད་གཉིས་ཀའི་མཐའ་མཉམ་འཛོམས་བྱུང་བ་ཡིན་པས་རྟེན་འབྲེལ་ཟབ་མོ་ཡོད་གསུངས”ཞེས་གསལ་བ་དེའོ། །

ཚིག་དེ་མཐོང་མ་ཐག་ངའི་ཡིད་ངོར་བཤད་མི་ཤེས་པའི་དགའ་སྐྱོའི་ཚོར་བ་ཁྱད་མཚར་ཞིག་སྐྱེས་སོང་། དངོས་གནས་སྐྱེས་སོང་།རང་རེའི་གསེར་རི་དྲ་བའི་དམ་པ་ཁོང་ཅག་མི་ཡུལ་ས་མཐའ་རུ་དེ་ཙམ་བཞུགས་དགོས་བྱུང་ན་ཡང་།  ཁོང་ཅག་གི་བརྩེ་བའི་ཐུགས་ནི་ནམ་ཡང་ཕ་ཡུལ་དུ་ལུས་ཡོད་པ་ཚོར་བྱུང་། ཕ་ཡུལ་མི་མང་གི་དྲན་གདུང་དཀྱིལ་ན་ཁོང་ཅག་བཟུང་ཡོད་པ་ཇི་བཞིན། ཁོང་ཅག་གི་ཐུགས་ན་ཡང་ཡུལ་གངས་ཅན་པའི་སྣོད་བཅུད་གཉིས་ཀ་ཉར་འདུག་ཨང་།

ལྷག་པར་ཕྲན་གྱི་ཕ་ཡུལ་དང་ཁད་ཤིན་ཏུ་ཉེ་བའི་མདོ་སྨད་ཤར་ཁོག་ན་བོད་ཀྱི་ཆོས་ལུགས་ཆེན་པོ་ཞིག་གི་དབུ་ཁྲིད་འཁྲུངས་ཡོད་པའང་སྐུ་པར་དེ་ལས་གསར་དུ་ཤེས་པས། རང་གི་གུ་དོག་པའི་མཐོང་རྒྱ་ལ་རང་ཉིད་ཀྱང་ངོ་ཚ་དགོས་བྱུང་། གང་ལྟར་འདྲ་པར་དེ་མཇལ་མ་ཐག   ངའི་སེམས་སུ།  ཀྱེ་མ། ཁོང་རྣམ་གཉིས་ཀྱིས་དེ་འདྲའི་བཀའ་མོལ་གནང་ས་དེ་རང་ས་རང་ཡུལ་ཡིན་ན་ཅི་འདྲ་སྐྱིད་ཨང་སྙམ་མོད། ད་ནི་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་རེ་ཞིག་དགོངས་པ་གཞན་དོན་དུ་རྫོགས་པས།  ཕ་ཡུལ་དུ་ཁོང་གི་གསེར་ཞལ་འཁོད་རྒྱུ་ནི་རང་ཅག་གི་རྨི་ལམ་ཙམ་དུ་གྱུར།
དེ་ལྟར་བལྟས་ན་སྐྱེས་མཆོག་ཁོང་ནི།  ཁེ་ཕན་ཉི་ཚེ་བ་ཙམ་ལ་ཞེན་པའི་མི་ཡང་མོ་བྱ་སྤུ་འདྲ་བ་དག་དང་གཏན་ནས་མི་མཚུངས་པ་མ་གཏོགས། ཁག་འགེལ་ས་ཞིག་བཙལ་ཏེ་ཕ་ཡུལ་དུ་ལོག་པའི་འཇོན་ཐང་མེད་པ་ནི་ག་ལ་ཡིན་ཏེ་མིན་ནོ།  ། ཚུལ་དེ་ལ་བསམས་ན་ཡང་། དམ་པ་ཁོང་ནི་རང་ཚུགས་ཤེལ་གྱི་མཆོད་རྟེན་གས་ཆག་མེད་པའི་རིགས་ཡིན་པ་རེད།  དམ་ཚིག་རྡོ་རྗེའི་མདུད་པར་དམ་ལྷོད་མེད་པའི་རིགས་ཡིན་པ་རེད།  དེའི་ཕྱིར་ཁོང་ནི་དོན་ལ་ཕ་ཡུལ་དང་ཁ་འབྲལ་མྱོང་གཏན་ནས་མེད།  ནམ་ཡང་གངས་རིའི་བྲང་གཞུང་དུ་འཛུམ་དང་བཅས་བཞུགས་ཡོད།
བགྲང་བྱ་བརྒྱད་ཅུ་གྱ་དགུའི་རིང་།  དམ་པ་ཁོང་གིས་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལ་བརྟེན་ནས་གཡུང་དྲུང་བོན་བསྟན་རིན་པོ་ཆེའི་འོད་སྣང་ཕྱོགས་མཐར་སྤེལ་ཏེ། རི་ཁ་བ་ཅན་པའི་དབུ་ལ་གསེར་གྱི་ཅོད་པཎ་བསྩལ་པར་མ་ཟད། གཡོ་བ་མེད་པའི་ཐུགས་གཤིས་བརྟན་པོ་དང་མཛད་མཆོག་བཟང་པོ་དེས། ངེད་ཅག་ཕྱི་རབས་པའི་སེམས་ལ་མི་ཤིགས་པའི་སྤོབས་པ་བསྩལ་ཡོད། རིན་པོ་ཆེ། ཐུགས་རྗེ་ཆེ།

ཕྱི་ལོ2017/9/15ཉིན། སྒོ་ཤེར་གྱིས་གུས་པ་ཆེན་པོས་བྲིས།

 

མྱ་ངན་གྱི་གདུང་འབོད་སྣ་ཐུར་ཅན།

འཇིགས་མེད་ཕུར་པ།

མི་ནི་གང་ལྟར་འཆི་དགོས་བའི་ཆོས་ཉིད་འདི་ལ་རིག་པ་ཧྲིག་གེར་བཞག་སྟེ་ཀློད་ན་ཁྲ་ཁྲ་རིག་རིག་གི་སྣང་བ་འདི་དག་བྲོ་མེད་ཆོ་མེད་ཀྱི་བེམ་གོག་ཅིག་དང་འདྲ་བར་ཡེ་ནས་འཕྲད་མི་འདོད་པ་དང་འཕྲད་ཀྱང་མྱོང་མི་མོས་པའི་ཚོར་བ་ཡེར་ཡེར་བ་ཞིག་སྐབས་རེར་འགྱུ་ཞིང་འཕྲོ་ཡོང་རྒྱུ་འདུག རྒྱུ་མཚན་འདིར་བསམ་ན་སྐྱེ་རྒ་ན་འཆིའི་གཟེབ་སྣོད་དུ་ཚུད་པའི་འགྲོ་བ་སུ་དང་གང་གི་སྐྱེ་འཇིག་ལ་དགའ་སྡུག་གི་རྣམ་འགྱུར་ཤུགས་དྲགས་བསྐྱེད་པ་ནི་བླུན་པོའི་རང་མཚང་མངོན་པ་ཙམ་ལས་ཅི་ཡང་མིན་མོད། འོན་ཀྱང་སྐྱེས་བུ་དམ་པ་གང་ཞིག་ཞི་བར་གཤེགས་ཚེ་གོ་མེད་ཚོར་མེད་དུ་རྒྱུན་འཇགས་ལྟར་རྒྱུ་རྐྱེན་མེད་པའི་དགའ་ཚོར་ཞིག་གིས་ར་བཟི་སྟེ་བསྡད་ན་དེ་ནི་བ་གླང་གི་བརྟུལ་ཞུགས་ཤིག་ལས་གཞན་གང་ཡང་མིན། རང་གི་རིག་གཞུང་ལ་དགའ་བའི་མིའམ་མི་རིགས་ཤིག་ཡིན་ན། ཤེས་རབ་ལ་དད་ཅིང་རང་རིགས་ལ་དུངས་བའི་མིའམ་མི་རིགས་ཤིག་ཡིན་ཚེ་མི་རིགས་རང་གི་ཤེས་རབ་ཀྱི་ཡུམ་ཆེན་རིག་གཞུང་རིན་པོ་ཆེ་ལ་ཞབས་ཕྱི་ཁྱད་པར་ཅན་བྱེད་མྱོང་བའི་རླབས་ཆེན་གྱི་སྐྱེ་བུ་དམ་པ་རྣམས་ལ་དྲིན་བཟོ་བྱེད་དགོས་སོ། །

ལར་བོད་པ་རྣམས་ནི་ཁ་འཐོར་གྱི་རང་གཤིས་དང་ནང་འཛིང་གི་སྤྱོད་པ་ཞིག་ལ་ཡུན་རིང་གོམས་ཡོད་པས་ཁམས་པ་དམགས་གིས་བཅོམ་དུས་ཨ་མདོ་དང་དབུས་གཙང་གཉིས་ལྟད་མོ་པ་ཡིན་ལ་ཨ་མདོར་མུ་གེ་བྱུང་དུས་དབུས་ཁམས་གཉིས་ཀྱིས་རང་རང་གི་རྩམ་ཁུག་ལ་ལག་པས་བྱིལ་བྱིལ་བྱེད་ཅིང་སྙིང་རྗེ་ཟེར་ནས་མ་ཎི་རེ་འདོན་པར་བྱེད། ཡང་དབུས་གཙང་པ་ནད་ཡམས་ཀྱིས་འཇིག་ཚེ་ཁམས་དང་ཨ་མདོས་རང་ཉིད་ཀྱི་ཁ་སྣ་ལེགས་པར་བཀབ་ནས་སེམས་བདེ་འབོལ་ལེར་བློ་ལྷོད་ཤིར་གེར་བསྡོད་པར་ཟད། འདི་ནི་རང་རེའི་ལོ་རྒྱུས་ཀྱི་སྨད་ཆ་རེད་ལ་རང་མགོ་གཞན་འོག་ནས་ཡུན་ནས་ཡུན་དུ་འདུག་དགོས་པའི་སྔ་ལྟས་གསལ་པོ་ཞིག་ཀྱང་རེད་དོ། ། ད་ཆ་གཡུང་དྲུང་བོན་གྱི་དབུ་ཁྲིད་རྒྱལ་བ་སྨན་རི་པ་གཟིམས་ཁྲིའི་མཐའ་ཅན་དུ་གྱུར་ཏེ་དགོངས་པ་བོད་ཉིད་ཀྱི་དབྱིངས་སུ་བསྡུས་ནས་ཉིན་གསུམ་ཙམ་འགོར་ཡོད། ཁོང་གི་ལོ་རྒྱུས་རྒྱུ་མཚན་གཞན་མི་ཤེས་ན་ཡང་མ་མཐའ་གཡུང་དྲུང་བོན་གྱི་ཆེས་མཐོས་དབུ་ཁྲིད་པ་རྩེ་གྲ་དེ་ཡིན་པ་ཙམ་ང་ཚོ་སུས་ཀྱང་ཤེས། དེའི་ཕྱིར་རང་རེ་བོད་པ་ཐུན་མོང་གི་གོད་ཆག་ཤིག་ཡིན་པའང་ཞར་ལ་རྟོགས་ཤིང་ང་ཚོས་གདུང་སེམས་མཉམ་བྱེད་དགོས་པའི་ཆོས་ཉིད་དེའང་འདི་ནས་རིག་ཐུབ། སྐད་ཆ་འདི་ལྟར་འཆད་ཚེ་བོད་མི་མང་ཤོས་ཅིག་གིས་གནས་ཚུལ་འདི་ང་ཚོ་ཐུན་མོང་གི་གོད་ཆགས་ཤིག་ཅི་ལ་ཡིན་ཨང་ཟེར་ངེས། དེང་མྱི་དག་གིས་དེ་ལྟར་བསམ་པ་ལའང་ཐུགས་ཁག་ཁྱོན་ནས་མེད་དེ་མི་ལོ་སྟོང་ཕྲག་གཅིག་གི་སྔོན་སྔོན་ཞིག་ལ་རྨུ་རྒྱལ་བརྒྱད་པ་གྲི་གུམ་བཙན་པོས་”བོན་པོ་སྐུ་གཤེན་རྣམས་གསོན་དང་། རྒྱལ་པོ་ང་ནི་དབང་གི་དྲེགས་པ་དང་ལྡན་ཁྱེད་བོན་པོ་རྣམས་ནི་མཐུ་ཡི་དྲེགས་པ་དང་ལྡན་པས། འོ་སྐོལ་ལྷན་གཅིག་ཏུ་མི་ཤོང་འདུག་པས། ལྷ་བོན་སྒོ་བཞི་དང་གྱིམ་བུ་ལེན་ཚ་དང་གེ་ཁོད་ཐིས་འཕན་རྣམས་བདག་གི་སྐུ་གཤེན་དུ་ཞོག གཤེན་པོ་ཕྱི་མ་རྣམས་བོད་རུ་བཞི་ལས་འདས་པར་གཤེགས།ཡང་ན་ང་ཡི་ཆབ་འོག་ཏུ་བོན་མི་སྤྱོད་པར་སྐྱེ་བོར་སྡོད་དམ། ཡང་ན་ཆབ་གསོལ་ལམ་འདོམས་ཤིག་”ཅེས་གསུངས་ཤིང་དེ་ལ་གཤེན་བློན་ར་སངས་ཁོད་རམ་གྱིས་”ཀྱེ་ཀྱེ་རྗེ་རྒྱལ་བཙན་པོ་ལགས། སྡིག་པ་སྒོས་ཁུར་ཡིན་པས་ངན་སོང་གསུམ་གྱི་གནས་སུ་ལྷུང་། དགེ་བ་སྤྱི་མཐུན་ཡིན་པས་མཐོ་རིས་སྐས་ལ་འཛེགས། ལྟ་བ་ལ་ཆེན་ཟློས་ན་ཉིད་དུ་མངོན་སངས་རྒྱས། གཡུང་དྲུང་བོན་ལ་སྤྱོད་ན་འདི་ཕྱི་གཉིས་ཀ་བདེ། བློན་པོ་སྨྲ་བ་མང་ན་རྒྱལ་པོ་ཐུགས་ཁྲེལ་སྐྱེ། རྒྱལ་པོ་ཁེ་རྔམ་ཆེ་ན་རྒྱལ་སྲིད་འབངས་ཀྱིས་ཁྱེར། རྗེ་རྒྱལ་བཙན་པོ་ལགས། དེ་ལྟར་མི་གསུངས་པར་ཞུ་”ཞེས་གཉོམ་དུང་དུང་སྙིང་ཉེ་ཉེ་བྱས་ཏེ་ཞུ་འབོད་ཇི་ལྟར་བྱས་ཀྱང་དོན་མེད་དུ་བཏང་བའི་ཉིན་དེ་ནས་བཟུང་སྟེ་ཡ་ཐོག་རྨུ་རྒྱལ་གྱི་རིག་གནས་འདི་ཡི་མགོ་ལ་ཆགས་འཇིག་གི་ལྟས་ངན་བར་མེད་དུ་བྱུང་ཞིང་ཆོས་ཀྱི་རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོ་ཡན་ཆད་དུ་བོད་ལ་ཡི་གེ་ཙམ་ཡང་མེད་པའི་མུན་ནག་སྨག་རིམ་དགུ་རྩེགས་ཤིག་ཡིན་པའི་བྱུང་རབས་བློ་བཟོ་བྱས་པ་འདིའང་ཤར་རྫ་པས་གསུངས་པ་༼ཆོས་རྒྱལ་སྲོང་བཙན་རིང་ནས་ཡི་གེའི་སྤྲོལ་བཏོད་ཞེས་རང་བསྟན་དང་ཆོས་རྒྱལ་བློན་ལ་བསྟོད་ཅིང་། བོན་ལ་སྨོད་པའི་ཐབས་ཙམ་སྟེ། ཆོས་རྒྱལ་ལ་བསྟོད་པའི་ཤུགས་ལས་ཡབ་མྱེས་གོང་མ་རྣམས་སྨ་ཕབ་པར་མ་ཤེས་པའོ། ཞེས་གསུངས་སོ།།༽ བཞིན་དོན་དུ་བོན་ལ་སྨོད་པའི་གཏམ་དང་ཆོས་ལ་ངོ་སོ་བྱས་པ་ལས་མ་འདས། ཁྱད་པར་དུ་ཆོས་རྒྱལ་ཁྲི་སྲོང་གི་སྐབས་སུ་བོན་དང་བོན་པོ་རྣམས་ཀྱི་སྟེང་དུ་”རིག་གསར་”གྱི་ལས་འགུལ་འཇིགས་སུ་རུང་པ་ཞིག་བྱུང་མྱོང་སྟེ་”སྒྲགས་གླིང་ལས། དུས་དེ་ཙམ་ན། རྒྱལ་བློན་བན་དྷེ་རྣམས་ཀྱིས་བོན་གྱི་ལྷ་ཁང་མཆོད་རྟེན་འགའ་རེ་བཤིག ཆོས་ཀྱི་ལྷ་ཁང་མཆོད་རྟེན་དུ་བསྒྱུར་རོ། བོན་པོ་ལ་ལ་གྲི་རུ་བཀྲོངས། བོན་སྤྱོད་པ་གང་ན་འདུག་པ་ལ་ལྟ་བས་ཉུལ་མར་བཏང་། བོན་ལ་དགའ་བའི་བོད་འབངས་འགའ་རེ་ལ་ཆད་པ་བཅད། ” ཅེས་གསལ་བ་འདིར་མིག་གཉིས་ཆར་གྱིས་ཡང་ཡང་ལྟོས་དང་འདིར་ཁྲི་སྲོང་དང་མའོ་ཙེ་གཉིས་ཀྱི་ཁྱད་པར་ཙམ་ལས་རིག་གསར་ལས་འགུལ་གྱི་ངོ་བོའི་ཆ་ལ་མི་འདྲ་ས་ཆེར་མི་འདུག་ཨང་། དེ་ལྟ་དེ་ལྟར་དུ་”གཤེན་ངག་ཚིག་གསུམ་མ་བྱོན་པ་ལ། རྒྱལ་པོས་གོང་ནས་བཀའ་མི་སྩལ། བློན་པོས་འོག་ནས་གྲོས་མི་གཤོམ་པ་”དང་” གདན་ཐོག་ནས་ཆིབས་ལ་འབབ་འཛེག་བྱེད་པ། ལམ་ལ་འབྱོན་པའི་ས་ལ་རྨ་བྱའི་གདུགས། གཟིགས་པའི་སར་གསེར་གྱི་རྒྱལ་མཚན།” སོགས་གཤེན་ཆེན་རྣམས་ཀྱི་སྐུ་གསུང་ཐུགས་གསུམ་ལ་རྒྱལ་པོས་གོང་ནས་གཙིགས་ཕུལ་བ་མཐའ་དག་ལོ་རྒྱུས་ཀྱི་སོ་ཁ་གང་ཞིག་ནས་རེ་རེ་བཞིན་ནམ་ལངས་ཀྱི་སྐར་ཕྲན་ལྟར་དལ་བ་དལ་བུས་མི་མངོན་པའི་མཐའ་རུ་དེངས་སོང་།

འདི་ལྟར་བྱས་ཏེ་ཡ་ཐོག་རྨུ་རྒྱལ་གྱི་ཤེས་རིག་གང་ཉིད་ཉམ་ཇེ་ཆུང་ཉག་ཇེ་ཕྲ་རུ་སོང་སྟེ་ཆད་ལ་ཁད་དང་ཆག་ལ་ཁད་བྱས་ནས་དེ་རིང་གི་བར་དུ་ལངས་མ་འགྱེལ་དང་གོག་མ་ནུད་ཀྱིས་ཡོང་ཐུབ་སོང་བ་རེད་ལ་འདི་ནི་རྒྱུ་མེད་རྐྱེན་མེད་དུ་བྱུང་བ་ཞིག་མིན་པར་གཡུང་དྲུང་བོན་གྱི་ཤེས་རིག་གི་བསྟི་གནས་དགོན་སྡེ་ཁག་དང་རྒྱལ་བ་སྨན་རི་པའི་ཁྲི་འཛིན་སོ་གསུམ་པ་༧ལུང་རྟོགས་བསྟན་པའི་ཉི་མ་མཆོག་ལྟ་བུའི་སྐྱེས་ཆེན་རྣམས་ཀྱིས་མཐོང་ཆུང་དང་ཁྱད་གསོད་ཟུར་ཟ་སོགས་ཀྱི་ངལ་བ་དང་དུ་བཞེས་ཏེ་སྐུ་ཚེགས་སྐྱོན་པའི་འབྲས་བུ་ཉག་ཅིག་ཅི་ལ་མིན། ད་རེས་རྒྱལ་བ་སྨན་རི་པ་ཁོང་ཉིད་དགོངས་པ་རྫོགས་པ་འདི་ཡང་རང་རེ་རྣམས་ཀྱི་གྱོང་གུན་ཞིག་ཡིན་ལ་ཡིན་པའི་རྒྱུ་མཚན་ཡང་ཤེས་དགོས་པ་ཞིག་རེད། སྤྱིར་ང་ལ་མཚོན་ན་གོང་ཞུས་ལྟར་ཁོང་ཚང་ལ་ཆ་རྒྱུས་ཞིབ་ཆ་ཅི་ཡང་མེད་མོད། འོན་ཏེ་གཡུང་དྲུང་བོན་གྱི་རིག་གཞུང་རིན་པོ་ཆེ་དེ་དང་དེ་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ལ་ཡིད་གཉིས་ཐེ་ཚོམ་མེད་པར་བློ་གཅིག་སེམས་གཅིག་གིས་དུངས་པ་བླ་ལྷག་གི་ཆེ། རྒྱུ་མཚན་མཁས་དབང་ནམ་མཁའི་ནོར་བུ་ཚང་གཙོ་བོ་ཡིན་པའི་ཉེ་རབས་ཀྱི་མཁས་པའི་ཁྱུ་མཆོག་སྐོར་ཞིག་གི་བདག་རྐྱེན་ལ་བརྟེན་ནས་གཡུང་དྲུང་བོན་གྱི་ལོ་རྒྱུས་ཡིག་ཆ་ཁག་གཅིག་ལ་སློབ་སྦྱོང་ཏོག་ཙམ་བྱེད་རྒྱུ་བྱུང་སོང་ལ་དེར་བརྟེན་ནས་བོན་གྱི་རིག་གཞུང་ནི་བོད་མི་རིགས་ཀྱི་རིག་གཞུང་གི་འགོ་ཁུངས་ཡིན་པ་དང་། ཨ་མ་ཡིན་པ་དང་ས་བོན་ཡིན་པ་དང་སྲོག་རྩ་ཡིན་པ་སོགས་གཞི་ནས་གོ་སོང་ལ་གཏིང་ནས་རྟོགས་སོང་ངོ། །


བོན་གྱི་ལོ་རྒྱུས་ཡིག་ཆ་དེ་དག་མེད་ཚེ་ང་ཚོའི་མི་རིགས་ཀྱི་ལོ་རྒྱུས་ནི་མགོ་མེད་པའི་བེམ་གོག་ཅིག་རེད།

བོན་གྱི་ལོ་རྒྱུས་ཀྱི་བྱུང་རབས་གཡི་འོད་ཅན་དེ་དག་མེད་ན་ང་ཚོའི་ལོ་རྒྱུས་ནི་རང་མདངས་མེད་པའི་སྐྱ་ཚུབ་སྔོ་ཚུབ་ཀྱི་ན་བུན་ཡད་ཡུད་ཙམ་རེད།

ཨ་མ་ལྟ་བུའི་བོན་གྱི་ལོ་རྒྱུས་འདི་དག་མེད་ན་ང་ཚོའི་ལོ་རྒྱུས་ནི་བདག་མེད་ཀྱི་དྭ་ཕྲུག་སྣབས་ལུག་ཅིག་རེད་འདུག

བོན་གྱི་ལོ་རྒྱུས་ཀྱི་སྲོག་རྩ་འདི་མེད་པར་གྱུར་སོང་ཚེ་རང་རེིའི་མི་རིགས་ཀྱི་ལོ་རྒྱུས་ནི་གར་གྱི་འཆམ་གོས་ཤིག་ཏུ་གྱུར་ཚར་བ་ཡིན།

ལར་སྔོན་ཡིན་ན་བོན་ཟེར་ཡོང་དུས་ཅི་ཆ་མེད་པའི་རྣམ་རྟོག་ལངས་ཤིང་དེ་ནི་ཉེ་མི་རུང་བའི་ཆོས་ལོག་ཅིག་ཡིན་པར་སེམས་ལ་དེ་ལྟར་འདོད་མཁན་ཡང་ང་རང་གཅིག་པུ་མ་ཡིན་པར་བོན་དད་དམངས་ཚོགས་རྣམས་ཕར་ཕུད་པའི་བོད་མི་ཕལ་ཆེར་དེ་ག་རང་རེད། ད་ནི་ང་རང་ཚོས་རང་ངོ་རང་གིས་ཟིན་དགོས་ཤིང་བོད་ཅེས་ཆེ་བཤད་དང་བོན་ཞེས་ཆུང་བཤད་ཅིག་མེད་པར་གཅིག་ལས་གཉིས་སུ་མེད་པ་ཅིས་ཀྱང་རྟོགས་དགོས་ཨང་། རེ་བ་དང་དམིགས་ཡུལ་དེ་འདྲ་ཞིག་གིས་བསྐུལ་སྟེ་རྒྱལ་བ་སྨན་རི་པའི་བླ་མ་གང་ཉིད་སྐུ་ཞུ་བར་གཤེགས་པར་ང་ཚོ་བོད་པ་མཐའ་དག་གིས་མཉམ་གཅིག་དུ་མྱ་ངན་ཞུ་འོས་སོ།།

ཞེས་སྤྱི་ལོ་༢༠༡༧༩ ༡༦ ཉིན་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་གང་ཉིད་དགོངས་པ་བོན་དབྱིངས་སུ་ཐིམ་པའི་ཉིན་གསུམ་པ་ལ་གཡུང་དྲུང་བོན་གྱི་རིག་གཞུང་ལ་སེམས་དགའ་ཞིང་བློ་མགུ་བའི་སློབ་གཉེར་པ་འཇིགས་མེད་ཕུར་བ་རུ་འབོད་པ་དེས་དབུས་ཉི་མ་ལྷ་ས་ནས་སྦྱར་བ་འོ། །

 

བོན་གྱི་སེམས་དཔའ་ཆེན་པོ་དྲན་པ།

—འབྲོང་ངུར་ཕོ་ཉ།

སྐྱེས་ཆེན་གསེར་གྱི་རི་བོ་འདྲ་བ་ཞིག་ང་ཚོ་དང་བྲལ་སོང་བས་སེམས་གཏིང་ནས་སྐྱོ་བྱུང་། ཞི་དུལ་བབ་ཆགས་ཀྱི་གཤིས་ཀ་དང་། དྲང་ཚུགས་སྒམ་རླིང་གི་སྣང་བརྙན་གསོན་པོར་ངའི་དྲན་ངོགས་ནས་ནམ་ཡང་འཆར་བཞིན་འདུག ཁོང་ནི་གཡུང་དྲུང་བོན་གྱི་གཙོ་འཛིན་ཙམ་མ་ཟད་གངས་ཅན་བོད་མི་ཡོངས་ལ་བློ་དཀར་གཞུང་དྲང་གི་སྒོ་ནས་ཚེ་གང་ཞབས་ཞུ་བསྒྲུབས་མྱོང་བའི་གཟེངས་སུ་ཐོན་པའི་རླབས་ཆེན་མི་སྣ་ཞིག་ཡིན།

ཕྱི་ལོ་ ༢༠༡༤ ལོ་སྨད་དུ་ང་རང་སྨན་རི་གླིང་གི་དཔེ་མཛོད་ཁང་དུ་ཟླ་བ་གཅིག་རིང་དཔེ་ཀློག་གི་ཆེད་དུ་འགྲོ་སྐབས་རིན་པོའི་ཆེའི་གཟིམས་ཁང་ནས་ཐོག་མར་མཇལ་བ་ཡིན་ལ། ངའི་སེམས་ངོགས་སུ་བརྗིད་མི་སྲིད་པའི་བག་ཆགས་ཟབ་མོ་ཞིག་གནང་བྱུང་།

དེར་སྡོད་རིང་ཐེངས་འགའ་ཙམ་བཅར་བ་ཡིན་ལ་བླང་དོར་གྱི་ལམ་སྟོན་གནད་ལ་འབེབ་པ་འགའ་ཙམ་གནང་བྱུང་བ་དང་དེ་གའི་དཔེ་ཁང་དུ་ཟླ་བ་གཅིག་རིང་དུ་དཔེ་ཀློག་དང་སྡོད་ཁང་འཚོ་བ་བཅས་སྩལ་བྱུང་བས་ང་རང་མི་སྒེར་ཞིག་ལ་མཚོན་ནའང་བཀའ་དྲིན་བླ་ན་མེད་པ་ཞིག་ཡིན་པས་ནམ་ཡང་བརྗེད་ཐབས་བྲལ།

ཐོན་མཇལ་སྐབས་སུ་བཀའ་མོལ་ལྷུག་པོར་གནང་བ་དང་ཟླ་བ་གཅིག་གི་དཔེ་ཀློག་གི་གྲུབ་འབྲས་བཀའ་བརྩད་གནང་བས་མཚོན་ང་ལྟ་བུའི་མི་སྣ་འཁྱམས་པོ། ཆེན་པོའི་མིང་དང་འབྱོར་བ་གང་ཡང་མེད་པ་ཞིག་ལ་བརྩེ་བ་ལྷག་པར་གནང་བ་འདིས་དཔེ་ཆ་ནས་བཤད་པའི་དམ་པའི་སྐྱེས་བུའི་མཚོན་དཔེ་ངོ་མ་ཞིག་རྙེད་བྱུང་བའི་ཚོར་སྣང་ཟབ་མོ་བྱུང་ལ། ཁོང་གིས་བོད་དང་བོད་མིར་འཆང་བའི་ཐུགས་དམ་ནི་ལྷད་མེད་ཡིན་པའང་ཤེས་བྱུང་།

འཛམ་གླིང་ཡོངས་ལ་སྙན་གྲགས་ཆེ་བའི་བོད་ཀྱི་བླ་ཆེན་རྩོད་མེད་ཡོངས་གྲགས་ཤིག་ཡིན་མོད་ཆེ་ཚུགས་གཏན་ནས་མི་སྟོན་པའི་མཛད་པ་རེ་རེས་ངའི་སེམས་ལ་དགའ་དད་བཅོས་མིན་དང་ངོ་མཚར་བླ་མ་མེད་པར་བསྐྲུན་གནང་བྱུང་བ་དང་འདོད་ཆུང་ཆོག་ཤེས་དམ་པའི་རིགས་ཞེས་པའི་རྟགས་དེའང་གསལ་བོར་མངོན་ཡོང་གི་འདུག

ཉེ་ཆར་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་ཐིམས་པ་ནི་བཟོད་མི་ཐུབ་པ་ཡིན་ནའང་འདུས་བྱས་ཀྱི་རང་བཞིན་སྟོན་པའི་མན་ངག་ཟབ་མོ་ཞིག་ཡིན་ངེས་པས། འདི་ནས་མགོན་པོ་གང་གི་སློབ་འབངས་ཡོངས་དང་ལྷན་དུ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན།

འབྲོང་ངུར་ཕོ་ཉས། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༧ ལ།

 

གྲོགས་གཅེས་འགའ་ལ་ཕུལ་བའི་ཐུགས་གསོའི་སེམས་འཕྲིན།
དབྲ་རུ་བཀྲ་ཤིས་དབང་འདུས།

ཆེས་རླབས་ཆེ་བའི་སྐྱེས་མཆོག་རྒྱལ་བ་སྨན་རའིི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་མཆོག་སྐུ་གཤེགས་པར་མྱ་ངན་གུས་འདུད་ཞུ།
སྤྱིར་ང་ལྟ་བུ་ཆོས་ལ་མི་དད་མཁན་ཞིག་ལ་མཚོན་ན་ཆོས་ཕྱོགས་ཀྱི་བླ་ཆེན་ཚོ་དང་འབྲེལ་འདྲིས་མི་ཆེ་བས་དམ་པ་ཁོང་དང་ཡང་དམིགས་བསལ་གྱི་འབྲེལ་ལམ་གང་ཡང་མེད། འོན་ཀྱང་ང་ཁོང་ལ་དགའ་ས་དང་དུང་ས་ཞིག་ཡོད་པ་ནི་གསེར་ནག་གི་རི་བོ་ཤིག་དང་མཚུངས་པའི་ཁོང་གི་དྭངས་གཙང་ལྷད་མེད་ཀྱི་མི་གཞི་དང་སྒམ་ཚུགས་ཀྱི་ཐུགས་གཤིས་སྲིད་ན་དཀོན་པ་དེ་ཡིན།
དེ་དག་གང་ཞིག་གིས་མཚོན་ནམ་ཞེ་ན། ཁོང་གི་སྐུ་ཚེ་གང་པོར་དད་པ་ལོག་སྤྱོད་ཀྱིས་རང་ཉིད་དང་ལྟ་ཚུལ་མི་མཐུན་མཁན་རྣམས་དམའ་མོའི་ཐང་དུ་བརྡབས་པ་སོགས་ཀྱི་སྐྱུག་བྲོ་བའི་ལོ་རྒྱུས་མེད་ལ། མཐོན་པོའི་ངོ་བསྲུངས་ཏེ་ཉམ་ཆུང་ནུས་མེད་རྣམས་ཀྱི་གཉའ་བར་བཞོན་པའི་གཏམ་རྒྱུད་ཀྱང་དེ་བས་མེད། རང་ལྟ་མཆོག་འཛིན་གྱིས་གཞན་ཐམས་ཅད་མ་རུངས་པར་བསྒྲུབས་པའི་གཏམ་ངན་ཀྱང་ག་ནས་ཡོད།

དེ་འདྲའི་ལས་ངན་བྱས་པ་གོ་རྒྱུ་མེད་པ་ཙམ་དུ་མ་ཟད། ཐབས་སྡུག་གི་བྱ་བ་དེའི་རིགས་ལ་ཁ་ཁོག་སྤུ་ཉག་ཙམ་མེད་པར་རྒྱག་ཀྱིས་ཕྱོགས་ཤིང་རིང་དུ་འདོར་མཁན་ཞིག་ཡིན་པ་གཟུ་བོར་གནས་པ་ཀུན་གྱིས་ཤེས།
ད་མང་པོ་མི་བཤད། བཤད་འདོད་མེད། ང་མི་ཆུང་ཞིག་གིས་དོན་ཆེན་པོ་གླེང་བ་ནི་སྔོ་ལོ་ལངས་ནས་འཕྱར་བ་དང་འདྲ་པོ་རེད་མོད།
ད་དུང་། དེང་སང་གི་ང་ནི་སེམས་སྐྱོན་མ་བྱུང་བའི་ཚོད་ཙམ་དུ་ཡོད། རེད། དེ་སུས་ཤེས།

ངས་ཁྱེག་ཅག་ལ་ཞུ་འདོད་པ་ནི་ཁྱེད་རྣམས་ཐུགས་མ་སྐྱོ། སྐྱེས་ཆེན་ཁོང་ལྟ་བུ་ཞིག་གི་སློབ་མར་གྱུར་བ་ལ་དགའ་བ་སྒོམས།
བོད་མི་རིགས་ཀྱི་རིག་གཞུང་དང་མཐུན་སྒྲིལ་ལ་སོགས་པ་ཐམས་ཅད་ལ་ཐུགས་ཀྱི་གཏིང་། ཤ་རུས་ཀྱི་གསེང་། བྱང་ཁོག་གི་སྦུབས་ནས་ཐུགས་ཞེན་བླ་ལྷག་གནང་མཁན་གྱི་དམ་པ་ཁོང་ལྟ་བུ་མེད་པར་གྱུར་བ་ནི་ཁྱེད་ཞྭ་དཀར་གཡུང་དྲུང་བོན་གྱི་རྒྱུད་འཛིན་པ་གཅིག་པུའི་གོད་ཆག་ཅིག་ག་ལ་ཡིན།
ང་ཚོ་མང་པོ་མང་པོ་ཞིག་ཁྱོད་ཚོ་དང་མཉམ་དུ་སེམས་སྐྱོ་བཞིན་ཡོད། ཡི་མུག་ནས་ཡོད། བློ་ཕམ་བསྡད་ཡོད།

དམ་པ་ཁོང་གི་གསུང་ལྟར། ཆོས་ལ་དད་མ་དད་དང་། ལྟ་བ་ལོག་མ་ལོག བོན་དང་བན། ས་དགེ་བཀའ་རྙིང་། ཕྱི་བ་ནང་པ། དད་ས་དང་རེ་ས་སོགས་ཀྱི་དབྱེ་བ་མེད་པར་འགྲོ་བ་མི་ཞིག་ཡིན་པ་དང་། བོད་རིགས་ཤིག་ཡིན་པའི་འདུ་ཤེས་ཀྱིས་སྤྱི་སྙོམས་དང་། ཁོག་ཡངས། འཆམ་མཐུན་མཉམ་གནས་ཀྱིས་འཚོ་ཐུབ་ན་དེ་ཡིས་ཆོག
མི་སུ་འདྲ་ཞིག་ཡིན་རུང་ཚེ་གང་གི་ལོ་རྒྱུས་ལ་ནག་ཐིག་མེད་ན་འཆི་བའི་ཚེ་ན་སྤོབས་པ་མེད་དུ་ཆུགས་ཀྱང་འགྱོད་སེམས་ཅི་ལ་ཡོད།
དབྲ་རུ་སྨྱུག་རྒོད་དུ་འབོད་པས་སྤྱི་ལོ་ ༢༠༡༧ ཟླ་ ༠༩ ཚེས་ ༡༧ ཉིན་དྷ་ས་ནས།

རྗེ་སྨན་རི་བ་མཁྱེན།
རིས་མེད་པ་ཤེས་རབ་མཐར་ཕྱིན།

བོན་གྱི་ཀ་ཆེན་འགྱེལ་བ་མ་ཡིན་བོན་སྐུའི་ཀློང་ནས་བཞེངས་པ་ཡིན།།
གསེར་གྱི་ཁྱུང་ཆེན་ལྷུང་བ་མ་ཡིན་ཁྱུང་ཕྲུག་སྒོང་རྒྱ་རལ་བ་ཡིན།།
འཛམ་གླིང་ཉི་མ་ནུབ་པ་མ་ཡིན་གླིང་བཞིའི་དབུས་ནས་ཤར་བ་ཡིན།།
བདག་སོགས་རིང་དུ་དགྱེས་པ་མ་ཡིན་སེམས་ཉིད་ཀློང་དུ་བཞུགས་ནས་ཡོད།།
ཁྱེད་ཀྱི་མཛད་འཕྲིན་གནམ་སར་ཁྱབ་པ་མི་ཆེན་རྣམ་པས་བཤད་བཞིན་རེད།།
ཁྱེད་ཀྱི་སྐུ་ལས་ངལ་བ་ཁྲི་འབུམ་ཀུན་གྱིས་བལྟས་ན་རིག་རིག་རེད།།
ཁྱེད་ཀྱི་མཛད་རྗེས་མཐུན་སྒྲིལ་ཆེན་མོ་གཞན་པས་ལབ་འདི་གསལ་གསལ་རེད།།
ཁྱེད་ཀྱི་སྐུ་དྲིན་འཛམ་གླིང་གྲགས་པ་མི་རིགས་ཀུན་གྱིས་འབོད་བཞིན་རེད།།
རྒྱལ་ཁམས་བོན་གྱི་རྔ་སྒྲ་གྲག་འདི་ཁྱེད་ཀྱིས་བསྒྲེངས་པའི་ནང་བསྟན་ཡིན།།
བོད་ཀྱི་རིག་གཞུང་གང་སར་ཁྱབ་པ་ཁྱེད་ཀྱིས་བཞག་པའི་ཕ་ནོར་ཡིན།།
ཉག་ཕྲའི་དུས་ངན་གཡུལ་ལ་རྒྱལ་བ་ཁྱེད་ཀྱིས་ཕོད་པའི་དཔའ་དར་ཡིན།།
འཛམ་གླིང་ས་ཆེན་གཤེན་བསྟན་ངུར་བ་ཁྱེད་ཀྱིས་གནངས་པའི་བྱིན་རླབས་ལགས།།
གྲུབ་མཐའ་འདྲ་མིན་ཆོས་རྗེ་རྣམ་པས་ཁྱེད་ལ་རེ་བའི་གསུང་ཚིག་འབུལ།།
ཆོས་རྒྱུད་དུ་མའི་མཁན་ཆེན་རྣམ་པས་ཁྱེད་ལ་སྐྱང་བའི་གདུང་ཚིག་འཐོར།།
རིས་མེད་མཁས་དབང་སྐྱེས་ཆེན་དུ་མས་ཁྱེད་ཀྱི་མཛད་འཕྲིན་རྗེས་དྲན་ཞུ།།
རྒྱལ་ཁམས་བོན་བསྟན་འཛིན་པ་ཀུན་གྱིས་ཁྱེད་ལ་གསོལ་བ་རྩེ་གཅིག་འདེབས།།
མ་གཡེལ་མ་གཡེང་རྗེས་འཇུག་ང་ཚོས་སེམས་ཉིད་དགོངས་པ་བདར་བདར་གྱིས།།
མ་གཡེལ་མ་གཡེང་བོད་འབངས་ཀུན་གྱིས་མཆོད་པ་རྣམ་ལྔའི་མཆོད་པ་ཕུལ།།
མ་གཡེལ་མ་གཡེང་ནང་པ་ཀུན་གྱིས་འབུམ་འགྱུར་དགེ་བ་མ་བོར་ཨ།།
མ་གཡེལ་མ་གཡེང་ཀུན་ལ་ཞུས་པ་ནོར་བུའི་གླིང་ནས་ནོར་སྐལ་ལོངས། །
ཐུགས་ཀྱི་བཞད་དགོངས་གཅིག་ཀྱང་མ་ལུས་ཁྱེད་ཀྱི་འགྲོ་དོན་མྱུར་འགྲུབ་ཅིང་།།
བདག་སོགས་འགྲོ་རྣམས་མ་རིག་མནར་བ་ཁྱེད་ཀྱི་དགོངས་རྒྱུད་འཕོ་བར་ཞུ།།
དྲི་མེད་རང་མདངས་གཞི་དབྱིངས་ཆེན་མོ་ཁྱེད་ཀྱི་ཐུགས་མཛོད་བོན་སྐུའི་ཀློང།།
རིང་མིན་མྱུར་དུ་གཉིས་མེད་གྱུར་ནས་ཁྱེད་ཀྱི་རྒྱལ་སར་བགྲོད་ནུས་ཤོག །
གུས་ཡབ་གཞིས་དགེ་མིང་པ་ཤེས་རབ་མཐར་ཕྱིན་གྱིས་རྗེ་སྨན་རི་བའི་གདུང་ཞག་གསུམ་པའི་དྲོས་བཞི་ཉིན་མཁས་དབང་རྔ་སང་དར་མའི་གདན་ས་ནས་ཕུལ་བའོ།། བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག

 

སྨན་རི་བ།
འཇིགས་མེད་དབང་པོ།

༼༡ ༽
དད་པའི་སེམས་ཁོང་ནས་བཞུར་བའི་ཉི་མ་སེར་པོ། །
བོན་འབངས་ལྷ་སྡེ་ཡི་སྐྱབས་ཀྱི་བླ་མ་དམ་པ། །
གཡུང་དྲུང་བསྟན་པ་ཡི་མི་ནུབ་རྒྱལ་མཚན་འཛུག་མཁན། །
མགོན་ཁྱེད་མི་ཡུལ་ནས་ཕེབས་པ་ཤིན་ཏུ་སྔ་སོང་། །
༼༢༽
ཉམས་ཐག་མི་དམངས་ཀྱི་དད་པའི་ཐལ་མོ་སྦྱར་ཡུལ། །
རྨོངས་པའི་མི་བུ་དག་ལམ་སྟོན་འོད་ཆེན་སྒྲོན་མེ། །
དུས་ཀྱི་སྨག་རུམ་གྱི་ཀློང་ནས་འཚེར་བའི་རྟ་བདུན། །
སྐྱབས་རྗེ་སྨན་རི་བའི་བཀའ་དྲིན་ཡང་ཡང་དྲན་གི །
༼༣ ༽
མགོན་མེད་དྭ་ཕྲུག་ཚོ་ཤུལ་ནས་ངུ་ངག་ལྷན་དུ། །
ཡང་གཅིག་འུ་ཅག་གི་མགོན་དུ་ཕེབས་ཤོག་ཟེར་ནས། །
སྐྱོ་བའི་རེ་འབོད་དེ་མགྲིན་གཅིག་གནམ་སར་ཁེངས་སོང་། །
རྗེ་ཉིད་སླར་ཡང་དུ་ཕེབས་པར་རེ་སྒུག་བྱས་ཡོད། །
འཇིགས་མེད་དབང་པོ་འབོད་པའི་སློབ་ཆེན་བ་ཞིག་གིས་མིག་ཆུ་དང་ལྷན་ཉལ་ཁང་དུ་བྲིས།

 

བོན་སྐྱབས་རྗེ་སྨན་རི་རིན་པོ་ཆེ་དྲན་མགུར་འཇའ་གུར་རི་མོ།
དཔལ་དགྱེས་རྡོ་རྗེ།

ན་མོ་གུ་རུ་མ་ཏྲི་ཤཱི་ལ་ཡེ།
༼༡༽ ཀ་དག་སྤྲོས་བྲལ་གཉུག་མའི་བོན་དབྱིངས་སྐུ།།
ཁ་སྦྱོར་རིག་པ་རང་བྱན་བྱང་ཆུབ་པའི།།
ཉ་གང་མདངས་འཛིན་བོན་སྲས་རྒྱུད་པ་བཅས།།
གཡུང་དྲུང་ཡབ་མེས་དམ་པས་དགེ་ལེགས་སྩོལ།།
༼༢༽ སྨྲ་བསམ་བརྗོད་བྲལ་ལས་འདས་དོན་དམ་ངང་།།
ཆོས་ལུགས་གདོད་མའི་གནས་ལུགས་དཔལ་ལ་སྤྱོད།།
ཤ་རྩམ་འཚོ་བའི་ལོངས་སྤྱོད་གང་དགར་རོལ།།
ཡབ་མེས་རྒྱལ་རྔ་སྲིད་འདིར་སྣང་བ་རྒྱས།།
༼༣༽ བཟང་དྲུག་སྨན་རིའི་གཤིས་འཛིན་སྐྱབས་གནས་གང་།།
གསང་རྒྱུད་དྲུག་ཅུ་རྩ་བཞིའི་གཏེར་མཛོད་སྐྱོང་།།
སྒྲ་ཚད་བཟོ་གསོ་བཀའ་གཏེར་བོན་ཆོས་སྤེལ།།
ཁྲི་རབས་གསེར་རིའི་ཕྲེང་བར་ཡང་ཡང་དྲན།།
༼༤༽ བསྟན་བཅོས་ལེགས་བཤད་དོན་ལ་མཁས་པ་ན།།
ན་མོ་ཕྱག་རྒྱའི་བོན་དབྱིངས་དགོངས་གཅིག་གི།
གཉིས་མེད་རྒྱུད་དང་རྫོགས་པ་ཆེན་པོའི་བར།།
མདོ་སྔགས་བསྟན་པ་སྤེལ་བའི་དེད་དཔོན་རྒྱལ།།
༼༥༽ གཅེས་པའི་སྲོག་ལ་མ་འཛེམས་བོན་བསྟན་འཛིན།།
དངོས་པོའི་རྒྱུ་ལ་མ་ཆགས་བཤད་སྒྲུབ་སྐྱོང་།།
ངེས་དོན་རྫོགས་པ་ཆེན་པོའི་ཕྲིན་ལས་སྤེལ།།
བོན་རྗེ་སྨན་རིའི་གཤིས་ལ་ཡོངས་སུ་བསྔགས།།
༼༦༽ བོན་འབངས་གཞི་བྱེས་ཡོངས་ལ་མྱ་ངན་ཞུ།།
བོན་ཆོས་དཀར་ནག་ཀུན་ལ་དག་སྣང་སྦྱོང་།།
བོན་ལུགས་གསར་རྙིང་རྣམས་ལ་ཤེས་རྒྱ་ཅན།།
བོན་རྒན་དཔལ་དགྱེས་རྡོ་རྗེས་དེ་སྐད་ཐལ།།
༼༧༽ ཞྭ་དཀར་རྒྱལ་བ་ཡེ་ཤེས་འགྲོ་བར་སྣང་།།
མ་གྱུར་འགྲོ་ཁམས་འདྲེན་པའི་རྒྱལ་སྲས་དང་།།
གསང་ཆེན་སྨིན་གྲོལ་ཐོབ་པའི་གཡུང་དྲུང་བོན།།
གསང་གསུམ་བོན་གྱི་བསྟན་པ་རྒྱས་གྱུར་ཅིག།
ཅེས་པ་འདི་ཡང་རབ་རྒྱན་མེ་བྱའི་བྱ་ཟླའི་གཟའ་ཚེས་དགེ་བའི་བའམ་རྒྱུ་སྐར་དམ་པ་སྐར་མ་རྀ་ཥི་སྨན་ཆར་བདུད་རྩི་འཛམ་གླིང་འདིར་བསྩལ་བཞིན་པའི་ཉིན་མོར་མཛའ་གྲོགས་དཔལ་ལྡན་ལྷ་མོ་དང་། ཤེལ་དཀར་ལྷ་མོ་དང་། མཁའ་འགྲོ་ཆོས་སྒྲོན་དང་། ཨརྱ་ཏཱ་ར་དང་། མཁའ་འགྲོ་རིག་འཛིན་དབྱངས་ཅན་ལྷ་མོ་སོགས་ཀྱིས་སྐུལ་བ་དང་། དབྱིན་ཡུལ་རྒྱལ་ས་ལན་དྲོན་གྱི་ཡུས་སི་ཏྲོན་ཁྲུས་ཁང་གི་ཉེ་འགྲམས་ནས་སྐར་ལྔའི་མགྲོན་ཁང་བྷི་ཏ་མར་བདུད་རྩིས་དཔལ་ལ་སྤྱོད་པའི་ངང་ཚུལ་བཟང་ན་ཡང་སེམས་ཀྱི་མྱ་ངན་བོན་དབྱིངས་ལ་དམིགས་པ་རྣམས་གང་ཤར་དུ་ཤྲཱི་ཨེ་མ་ཧོས་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་དགོངས་རྫོགས་སྨོན་ཚིག་ཏུ་བགྱིས་པ་དོན་དང་ལྡན་པར་གྱུར་ཅིག་གུ།། དགེའོ། དགེའོ། དགེའོ།ཐ་ཚན་མུ་ཙུག་སྨར་རོ།། །།

བདག་གི་སྐྱོ་གདུང་ཞིག

—བར་ཕུ་ཕུན་ཚོགས།

གང་ཚེ་བོད་ཀྱི་སྐལ་པ་ཡར་ཐོག་ན།།
ཞང་བོད་ཡིག་རིས་གཅིག་པའི་གནས་སྐབས་སུ།།
བན་བོན་མཉམ་དུ་དར་བའི་ལོ་རྒྱུས་མངོན།།
སྐྱོ་དགོས་མི་འདུག་མེས་པོའི་སྙིང་སྟོབས་མཚར།།
སྔོན་དུས་སྐད་དང་ཡི་གེའི་གཟུགས་བརྙན་དང་།།
ཆོས་དང་རིག་གཞུང་དར་བའི་ལྷ་སྐལ་དེར།།
བོད་ཀྱི་དཔའ་དང་ས་ཁྱོན་ཆེ་ཙ་ན།།
སྐྱོ་དགོས་མི་སྣང་མེས་པོའི་མཛད་རྗེས་ལྷག།
བར་དུ་སྲིད་དང་འབྱོར་བའི་རྡུལ་རླུང་གིས།།
ཆབ་འབངས་རྒུད་ཅིང་གསོན་པའི་དགའ་སྐྱོ་མང་།།
ཇི་ལྟར་རྒུད་ཀྱང་སྐད་དང་རིག་གཞུང་དེས།།
ངུ་དགོས་མ་བྱུང་ད་དུང་གོ་འཕང་འདེགས།།
དེ་ལྟར་བསམ་བཞིན་དྲན་པའི་ཡིད་ངོ་ན།།
བོན་ལུགས་འདི་ཡང་བོད་ཀྱི་ལོ་རྒྱུས་ཁྲོད།།
དགའ་སྐྱོའི་འཚོ་བ་འགྲིམས་ནས་གནས་པ་ན།།
རེ་ཞིག་དབུགས་རིང་མི་ཤོར་ཅི་ལ་སྲིད།།
གཡུ་དྲུང་བོན་བདག་ཁྲི་འཛིན་སོ་གསུམ་པ།།
ཕྱོགས་རིས་སྤང་བའི་གཟིགས་རྒྱང་ཡོད་ལུགས་དང་།།
ཆོས་ལུགས་མཐུན་སྒྲིལ་ཐུགས་ཆེ་ཆེ་རབས་ཐོས།།
མཛད་བཟང་འདི་ལ་བདག་ནི་སྙིང་ནས་གུས།།
ལྷག་པར་གངས་ཅན་མགོན་པོའི་ཞལ་སྔ་ནས།།
ཅི་གསུང་བཀའ་བཞིན་འགྲུབ་པར་མཉེས་པ་ཡི།།
བོན་བདག་ཁྲི་ཐོག་སོ་གསུམ་བོན་དབྱིངས་སུ།།
ཐིམ་པ་འདི་ཡང་བདག་གི་སྐྱོ་གདུང་ཞིག།

རྗེས་དྲན་དད་པའི་གདུང་འབོད།

གངས་རླུང་འབྲུག་ཚེ་རིང་།སྟེང་ཆེན།

འཛམ་གླིང་ཉི་མ་སེར་བོར།།
ནུབ་རིའི་ཕག་ཏུ་ཡིབ་སོང་།།
ཧི་ལའི་འཇིག་རྟེན་འདི་རུ།།
མུན་པ་ཐེངས་ཤིག་རུབ་སོང་།།

མཐོ་སྒང་གངས་རིའི་གཙུག་གི།།
དཀར་གསལ་དུང་ཟླ་གཞོན་ནུ།།
འཆི་བདག་གཟའ་ཡིས་སྒྲིབ་སོང་།།
ཀུ་མུད་ཁེར་རྐྱང་ལུས་སོང་།།

སྙན་གྲགས་སྲིད་མཐར་གྲགས་པའི།།
ནོར་འཛིན་གཡུ་འབྲུག་སྔོན་མོ།།
རྒྱ་མཚོའི་ཀློང་དུ་བཞུད་སོང་།།
ཨ་སྔོན་སྟོང་བ་ཆགས་སོང་།།

གངས་རི་ཧི་མ་ལ་ཡའི།།
ཐོ་རངས་སྐར་མ་འོད་ཆེན།།
ནུབ་རིའི་ཕྲག་ནས་བརྒལ་སོང་།།
སྐར་ཚོགས་འོད་སྣང་ཆད་སོང་།།

སྒོ་བཞི་མཛོད་ལྔའི་ནང་ནས།།
གསེར་འོད་ཡིག་འབྲུ་ཡལ་སོང་།།
ཕྱི་ནང་གསང་གསུམ་བོན་ལ།
གོད་ཆགས་ཐེངས་ཤིག་ཤོར་སོང་།།

གཡུང་དྲུང་བོན་བསྟན་སྐྱོང་བའི།།
ཨ་མྱེ་ཞྭ་དཀར་དགེན་པོ།།
བདེ་ལྡན་ཞིང་ལ་བཞུད་སོང་།།
བོན་འབངས་སྡུག་གིས་མནར་སོང་།།

གདན་ས་གོང་མའི་ཁྲི་འཛིན།།
རྗེ་གཅིག་དྲིན་ཆེན་བླ་མ།།
དགོངས་པ་བོན་དབྱིངས་ཐིམ་སོང་།།
མགོན་མེད་དྭ་ཕྲུག་ལུས་སོང་།།

དོན་དམ་བྱང་ཆུབ་མཆོག་ལ།།
སྐྱེ་འཆིའི་འཇིག་པ་བྲལ་ཡང་།།
གདོས་བཅས་སྐུ་ལུས་བསྐྱུར་ནས།།
ཀུན་བཟང་དགོངས་པར་ཐིམ་སོང་།།

སྐུ་གསུང་ཐུགས་དང་ཡོན་ཏན།།
ཕྲིན་ལས་བཅས་ཀྱི་ཡང་སྤྲུལ།།
མི་འགྱང་མྱུར་དུ་འཁྲུང་བའི།།
སྨོན་ལམ་ཡང་ཡང་ཞུ་འོ།།

བདག་མགོན་དྲིན་ཆེན་བླ་མར།།
བདག་གིས་གསོལ་བ་བཏབ་པས།
འཁོར་བ་མ་སྟོང་བར་དུ།།
འབྲལ་མེད་ཐུགས་རྗེས་གཟིགས་ཤིག།

མཚན་བརྗོད་པར་དཀའ་བའི་མཉམ་མེད་བླ་མའི་རྒྱལ་ཚབ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ ༧ ལུང་རྟོགས་བསྟན་པའི་ཉི་མ་མཆོག བདག་འཛིན་འགྲོ་ལ་མི་རྟག་ཚུལ་དུ་བསྟན་ནས་དགོངས་པ་བོན་དབྱིངས་སུ་གཤེགས་སྐབས།
དང་ལྡན་ཐོས་ཆུང་བས་གསོལ་བ་རྩེ་གཅིག་བཏབ་ནས་མིག་ཆུའི་ཐིགས་པས་ཕུལ།

 

སྤྱི་གཙུག་གི་ལྷ་ཁྱེད་ཕེབས་པ་སྔ་སོང་།།

ཁྱུང་པོ་ཨ་ནུ་བསྟན་པ་རབ་རྒྱས།

སྐར་ཚོཊ་འབུམ་གྱི་མཁའ་དབྱིངས་ཤིག་ནས་ཁྱེད་སྐུ་རྟ་བདུན་ནུབ་རིར་བརྒལ།།
སྐར་ཆེན་བླ་མ་རྒྱང་བཞུད་ཞིག་གིས་ཤུལ་ལུས་སྐར་ཚོཊ་གདུང་འབོད་མཆིས།།
སྐར་ཚོཊ་གྲངས་མེད་བསམ་མཐའ་ཡས་པའི་མིག་ཆུ་བཞུར་བཞིན་ནུབ་ཏུ་ཅེར།།
སྐར་ཚོམ་འདུས་སྡེའི་ཁྱུ་ཚོགས་ངེད་ཅག་མུ་མེད་ཁམས་སུ་དྭ་ཕྲུག་ལུས།།

གངས་རི་ཞིག་གི་མིག་ཆུ་བཞུར་ནས་ཡར་ཆབ་གཞུང་དུ་ཤིག་གེར་འདྲེས།།
གངས་ཅན་ལྗོངས་ཀྱི་རི་ལུང་ཐང་གསུམ་སྡུག་གི་མུན་པ་ནག་པོས་བསྒྲིབ།།
གངས་ཕྲུག་གཙང་ཆུ་མུན་པའི་བར་ནས་མྱ་ངམ་སྒྲ་ཡིས་འཇིག་རྟེན་འགེང་།།
གངས་རི་བཞག་ནས་ཁྱེད་ཉིད་བྱོན་པས་ཤུལ་འབངས་བྲང་ཁོག་སྟོང་པར་གྱུར།།

རབ་དཀར་སེམས་ཀྱི་གུར་ཁང་ནང་དུ་ཚོར་བའི་སྤྲིན་པ་ནག་པོར་རྒྱུ།།
རབ་མཛེས་ཁྱེད་སྐུ་མཚན་དཔེའི་མེ་ཏོག་མ་མཇལ་གནས་ཀྱིས་བསྐལ་བ་འམ།།
རབ་སྙན་གསུང་གི་བདུད་རྩི་ཐིགས་པ་ལྕེ་ལ་མྱོང་བའི་དུས་མ་མཆིས།།
རབ་གསལ་གློག་གི་ཁང་ཆུང་ཞིག་ནས་སྐྱོ་བའི་གདུང་དབྱངས་ཁྱེད་ལ་འབོད།།

ཁྱེད་སྐུ་གསེར་གྱི་ཉི་མ་སེར་པོ་འཛམ་གླིང་སྒང་ནས་འོལ་གླིང་གཤེགས།།
ཁྱེད་ཐུགས་འདྲེས་པའི་ཀུ་མུད་གདུལ་བྱ་འདབ་མ་ཟུམ་ནས་མགོ་བོ་གུག།
ཁྱེད་ཉིད་དྲན་ནས་བཟོད་དུ་མེད་པའི་བློ་ཡི་ཟེའུ་འབྲུ་ཚེར་མས་བསྡམས།།
ཁྱེད་ཀྱི་གཤེགས་ཤུལ་གསེར་ཁྲི་མདའ་ནས་འུ་ཅག་དགུ་ཐང་ཆད་དེ་འབོད།།

ཁ་བ་ཅན་གྱི་རི་ཆུ་དྭངས་མོ་ཁ་དོག་འགྱུར་ནས་ཁྱེད་རྗེས་རླབས།།
ཁ་བ་རི་ཡི་ལབ་རྩེ་སྐྱ་བོས་ཁྱེད་ཀྱི་ཕྱོགས་སུ་དར་ལྕོག་གཡབ།།
ཁ་བའི་ཁྲོད་ནས་ས་རྡོ་ཡིན་ཡང་བརླན་གྱིས་བཅིང་ནས་དུམ་བུར་ཞིག།
ཁ་བའི་མགོན་པོ་མ་བཞུགས་བྱོན་ནས་རི་ལུང་མུན་པ་ནག་པོར་གྱུར།།

ཤུལ་ལུས་དྭ་ཕྲུག་ཁྲི་མ་འབུམ་གྱི་སྙིང་གི་ག་འུ་མཐའ་རྒྱ་རལ།།
ཤུལ་འཛིན་བསླབ་གསུམ་འདུས་སྡེ་ཁྲ་མོའི་གཟན་གྱི་ལེབ་སྣེ་རློན་གྱིས་ཁེངས།།
ཤུལ་བཞག་མཛད་པའི་ཁ་བའི་སྙིང་ནོར་ཁྱེད་ཀྱིས་མཛད་རྗེས་མཇལ་བཞིན་དུ།།
ཤུལ་ནས་མིག་ཆུའི་ཆུ་བོ་བྲུག་ནས་མདུན་གྱི་ལམ་སྣེ་མ་ཟིན་ལུས།།

ཞེས་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་དགོངས་པ་དབྱིངས་སུ་ཐིམ་པའི་དུས་དེར་ཁྱེད་ཀྱི་ཐུགས་རྗེའི་སྟོབས་འོག་ཏུ་ཚུད་པའི་གུས”ཁྱུང་བསྟན་རྒྱས”ཀྱིས་སེམས་ཀྱི་མུན་པའི་བར་ནས་ཁྲེན་ཏུ་གྲོང་ཁྱེར་ནས་ཤར་མར་བྲིས་སོ། རིན་པོ་ཆེ་ཐུགས་རྗེས་གཟིགས་རོགས།

 

༧དཔལ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དགོངས་པ་བོན་དབྱིངས་སུ་གཤེགས་པར་སེམས་སྐྱོ་བཞིན་དུ་མྱ་ངན་ཞུ།

གཅན་བཟོད་རྒྱམ།

༧ཞྭ་དཀར་གཡང་དྲུང་བསྟན་པའི་སྲོག་འཛིན་ཀྱེ།།
སྔོན་ནས་དད་དམ་གཙང་བའི་ཡིད་འཕྲོག་ཀྱང་།།
ལེ་ལོ་རྒྱུ་ལུག་དུག་གིས་མཚོ་མོ་ནས།།
མཇལ་བའི་སྐལ་བ་མ་ཤར་ཀྱེ་མ་ཧུད།།

དེ་རིང་སྐུ་ལུས་འཇའ་མཚོན་དབྱིངས་གཤེགས་པའི།།
མི་འདོད་གཏམ་ངན་དུག་རླངས་གང་སར་འཁྱར།།
ཀྱེ་མ་དད་འབངས་བདག་སོགས་མུན་པས་བཏུམ།།
སྡུག་གི་འོ་དོད་འཛམ་གླིང་ཀུན་ནས་གྲགས།།

ལས་ཅན་བོན་སྒྲས་བསྐྱངས་པ་ངོ་མཚར་ཆེ།།
ལས་ངན་བདག་འདྲར་དབང་བ་སྨྲེ་ངག་ཙམ།།
ལས་ཅན་ལས་ངན་དེ་རིང་སྡུག་མཚོར་ལྷུང་།།
ཀྱེ་མ་ཀྱི་ཧུད་སྡུག་འདི་སུ་ཞིག་ཐེགས།།

སྔ་ལོར་རྨ་ཆེན་གངས་ཟུར་ཉུལ་སྐད་ལོ།།
བོད་ཀྱི་བླ་རི་ཞིག་པར་ཡིད་མ་ཁུམ།།
དེ་རིང་༧རྒྱལ་བ་སྨན་རི་བོན་དབྱིངས་གཤེགས།།
བོད་རྒྱུད་བོན་འབངས་སྲོག་རྩ་སྙིང་མ་ཞུམ།།

འཛམ་གླིང་ཉི་མ་ཆེན་པོས་ས་གསུམ་འགྲོ།།
རེ་སྐོང་འཕྲིན་ལས་བྱིན་མཐུས་བདག་ཅག་འབངས།།
ལས་འབྲས་བསླུ་བ་མེད་པའི་བདེན་སྟོབས་ཀྱིས།།
ཡང་སྤྲུལ་ཉི་གཞོན་མགོན་དུ་མྱུར་བྱོན་ཀྱེ།།

༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོས་འཕྲལ་ཡིད་ཤིན་ཏུ་ནས་སྐྱོ་བ་དང་། དམ་པ་ཁོང་གིས་སྔར་ནས་དུས་དེ་རང་གི་བར་དུ་ཞྭ་དཀར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་། སློབ་འབངས་གཉོར་སྐྱོང་གིས་མཛད་པ་རླབས་པོ་ཆེས་ཞྭ་དཀར་གཡུང་དྲུང་བསྟན་པ་འཛམ་གླིང་ཕྱོགས་དུས་ཀུན་ཏུ་དར་རྒྱས་ཆེས་ཆེར་གནང་པ་དང་། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པའི་དབུ་འོག་དཔུག་འདེགས་ཀྱིས་བོད་འབངས་སྤྱི་དང་དད་ལྡན་ཡོངས་ལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་གནང་དགོས་དད་དམ་གཙང་མས་མཛད་འཕྲིན་ས་གསུམ་ལ་ཁྱབ་པ་གནང་བའི་བཀའ་དྲིན་གུས་འབངས་གཞིས་བྱེས་ཡོངས་ཀྱིས་ནམ་ཡང་བརྗེད་ཐབས་མེད་པ་དང་། མགོན་པོ་གང་ཉིད་དེ་རིང་བདག་ཅག་སློབ་འབངས་རྟག་འཛིན་ཅན་རྣམས་བོན་ལ་སྐུལ་བའི་ཕྱིར་དུ་ཞལ་གྱེས་པའི་ཚུལ་བསྟན་པའི་རྣམ་པ་འདི་ཙམ་ཡང་བློས་བཟོད་ཐབས་མེད་ཀྱང་། ད་ནི་ཅི་བྱས་ན་ཕན། དཔལ་ཞི་བ་ལྷས། འདི་ལ་མི་དགའ་བྱས་ཅི་ཕན། གསུངས་པ་ལྟར། ཐབས་མེད་པའི་གནས་ལ་མྱ་ངན་གྱི་ཆོ་ངེ་འདེབས་པ་ཙམ་ལས་ཅི་བྱས་ན་ཕན། ཀྱེ་མ་ཀྱི་ཧུད། དེས་ན་དམ་གང་གིས་གསུང་གི་བདུད་རྩིའི་བྱིན་རླབས་རང་རྒྱུད་དུ་གང་ནུས་འབྱིན་ཐབས་དང་ཉམས་ཆུང་ཚགས་རེ་བྱ་བར་འབད་དཔ་སྙམ་པ་དང་། དམ་པ་གང་ཉིད་ཀྱི་འཕྲིན་ལས་ཀྱི་རྒྱུན་སྐྱོང་གནང་བའི་ཡང་སྤྲུལ་ཉི་མ་གཞོན་དེ་ཡང་གང་མྱུར་གངས་ལྗོངས་བོད་ཀྱི་སྐྱེ་འགྲོ་སྤྱི་དང་འཛམ་གླིང་གི་དད་ལྡན་རྣམས་ཀྱི་སྤྱི་བོར་མྱུར་དུ་འབྱོན་པའི་སྐྱབས་སྨོན་སྙིང་ནས་ཞུ་ཞུ་ཞུ།
ཞེས་པའང་དད་ལྡན་གུས་འབངས་གྲལ་ཐ་བ་གཅན བཟོད་རྒྱམ་པས་ཡིད་ཞུམ་བཞིན་དུ་སྨོན་པ་དགེའོ།།
༢༠༡༧།༠༩། ༡༤། མཚན་མོར།

གདུང་སེམས་མཉམ་བསྐྱེད།
-རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན༣༣པ་མཆོག་སྨན་རིའི་བླ་བྲང་དུ་སྤྱི་ལོའི་ཟླ་ཚེས༢༠༡༧-༩-༡༤ཉིན་གྱི་ཕྱི་དྲོར་དགོངས་པ་ཞི་དབྱིངས་སུ་རྫོགས་པར་གདུང་མཆོད་ཞུས་པ།

ས་ཁའི་བློ་ལྡན།

ས་ཆེན་པོའི་སྤྱི་གཙུག་གི་ནོར་བུའི་གཟུགས་སྐུ་མཆོག་གཡོ་བ་མེད་པའི་ཐུགས་དམ་གྱི་ངང་ནས་གྲོངས་པའི་སེམས་སྐྱོའི་གནས་ཚུལ་དེ་འཇིག་རྟེན་གྱི་ཁམས་སུ་བསྒྲགས་པ་དང་དུས་མཚུངས་སུ།  སྐྱབས་རྗེ༧རྒྱལ་བ་སྨན་རིའི་ཡོངས་འཛིན་གཙོས་བླ་མ་མཁས་ཆེན་དང་བན་བོན་གྱི་གདན་་སོ་སོ་ནས་ཐུགས་གསོའི་འཚམས་ཞུ་འབྱོར་འདུག་པ་དང་། འབྲེལ་ཡོད་ལྷ་འབངས་དང་བོན་དགོན་ཁག་ཏུ་བློ་ཕམ་དང་བཅས་མྱ་ངན་གདུང་ཆོད་ཀྱི་ཆོ་ག་བཟུང་སྟེ་གང་གི་ཐུགས་དགོངས་རྫོགས་པའི་མཐུན་འགྱུར་བསྔོ་སྨོན་ཞུ་བའི་སྒང་འདིར།  གངས་ལྗོངས་ཁ་བ་རི་པའི་སྐྱེ་འགྲོ་སྤྱི་དང་སྒོས་སུ་རྒྱལ་ཕྱི་ནང་གི་བོན་གྱི་དད་འབངས་ཡོངས་རྫོགས་ཡིད་སྐྱོའི་གནས་སུ་གྱུར་ཅིང་བཀའ་དྲིན་གསོལ་འདེབས་ཀྱི་མཆོད་དབྱངས་དཀར་པོ་མགྲིན་ལམ་ནས་འདྲེན་བཞིན་འཛམ་གླིང་བོན་འབངས་ཐམས་ཅད་ཀྱི་དབུ་ཁྲིད།
རྒྱལ་གཤེན་བསྟན་པའི་མངའ་བདག་བླ་ན་མ་མཆིས་པ། ཞྭ་དཀར་གཡུང་དྲུང་བོན་གྱི་གཙུག་རྒྱན་གང་ཉིད་ཀྱི་བསླུ་བ་མེད་པའི་རྒྱལ་ཐབས་རིན་པོ་ཆེ་མྱུར་དུ་འབྱོན་པའི་དགོངས་སྨོན་རྩེ་གཅིག་ཡོང་བ་ནས་དམ་པ་གོང་མའི་རྣམ་ཐར་བདག་གིར་བཞེས་པའི་སྨོན་འདུན་དང་འབྲེལ། ཐུགས་བཞེད་མངོན་པར་རྫོགས་པར་སྒོ་གསུམ་དད་པས་སྨོན་ལམ་གྲངས་མེད་ནས་གྲངས་མེད་ཞུས་བྱུང་བ་དང་། ད་དུང་ཡང་མུ་མཐུད་ནས་ཆོས་རྒྱུད་རིས་མེད་ཀྱི་དགོན་སྡེ་དང་བན་བོན་རིས་མེད་ཀྱི་སྐྱེས་ཆེན་སེར་སྐྱ་ཕོ་མོ་རྒན་གཞོན་བར་མ་གསུམ་གྱིས་མྱ་ངན་མཆོད་འབུལ་དང་གདུང་སེམས་མཉམ་སྐྱེད།
དད་པའི་ཞུ་ཚིག  དགོངས་རྫོགས་ཐུགས་སྨོན་སོགས་རྒྱ་ཆེར་གནང་གི་ཡོད་པའི་ཚུལ་འདི་ལ་གུས་འདུད་དང་། འདི་ནའང་བསྟན་དང་འགྲོ་
བའི་དགོངས་དོན་མ་ལུས་ཡོངས་སུ་འགྲུབ་པར་སྐྱབས་ཀྱི་བྱིན་བརླབས་དང་དགེ་བའི་བདེན་སྟོབས་ཀྱིས་ཅི་ལྟར་བསྔོས་ཤིང་སྨོན་ལམ་གྱི་མཐུ་བཙན་པོས་སྒྲུབ་པའི་དོན་རྣམས་བོན་བཞིན་དུ་འགྲུབ་པར་སྐྱབས་འཇུག་ཞུ་གསོལ་འདེབས་རྒྱུ་བཅས།

བླ་ན་མ་མཆིས་པའི་སྤྱི་ནོར་ཆེན་མོ༧སྐྱབས་རྗེ༧རྒྱལ་བ་སྨན་རི་བ་མཆོག་གི་གཟིགས་སྐུ་བོན་དབྱིངས་སུ་ཐིམ་པར་མྱ་ངན་གདུང་མཆོད་ཞུས་ནས་ཉིན་གྲངས་བདུན་ལོན་པར་ཉེ་བའི་ཐུན་མཚམས་སུ་གུས་པ་ས་ཁའི་བློ་ལྡན་མིང་གིས་རྒྱལ་རོང་བཤད་སྒྲུབ་སློབ་གླིང་དུ་བྲིས།
2017-9-19 ས་སྲོད་དུ།

སྨན་རི་བ།

འཕན་འོ་མཚོ།

གྱེར་བསྟན་འདེགས་པའི་གདུགས་མཆོག་ཡིན།།
མཁྱེན་དཔྱོད་ཉི་མའི་འོད་ཁྱིམ་ཡིན།།
ཐུགས་དཀྱིལ་མུ་མེད་ནམ་མཁའ་ཡིན།།
ལྷག་བསམ་ཟླ་བའི་རང་མདངས་ཡིན།།
མཐུན་སྒྲིལ་གསེར་གྱི་ཨ་ལོང་ཡིན།།
ཞི་བདེ་རྒྱལ་སྲས་ལག་ལེན་ཡིན།།

མཛད་འཕྲིན་འཁོར་ལོ་སྒྱུར་རྒྱལ་ཡིན།།
དགོས་འདོད་འབྱུང་བའི་ནོར་བུ་ཡིན།།
ཐར་བའི་ལམ་སྟོན་སྒྲོན་མེ་ཡིན།།
ཕྱི་ནང་གསང་བའི་མངའ་མཛོད་ཡིིན།།
སྒོ་བཞི་མཛོད་ལྔའི་ཕ་མཁར་ཡིན།།
ཐེག་དགུ་བོན་གྱི་གཏེར་བདག་ཡིན།།

རྒྱལ་བ་གཉིས་པའི་ཁྲི་འཛིན་ཡིན།
བོན་འབངས་ཡོངས་ཀྱི་མཆོད་སྡོང་ཡིན།།
ཉམ་ཐག་འགྲོ་བའི་དེད་དཔོན་ཡིན།།
དྭ་ཕྲུག་བྱེ་བའི་ཕ་མ་ཡིན།།
འདི་ཕྱི་བར་མའི་སྐྱབས་གནས་ཡིན།།
ཚེ་རབས་ལས་ཀྱི་ལྷ་སྐལ་ཡིན།།

དུས་དང་བསྟུན་པའི་སྟོན་པ་ཡིན།།
ཚད་མེད་བཞི་ལྡན་སེམས་དཔའ་ཡིན།།
ཚེ་ལ་དབང་ཐོབ་རིག་འཛིན་ཡིན།།
སེམས་ཉིད་རིག་པ་རང་ཤར་ཡིན།།
གཉུག་མའི་ཀློང་གྱུར་རྟོགས་ལྡན་ཡིན།།
བྱ་རྩོལ་བྲལ་བའི་རྣལ་འབྱོར་ཡིན།།
སྟོབས་བཅུ་མངའ་བའི་སངས་རྒྱས་ཡིན།།

རྒྱ་གསུམ་རལ་བའི་ཁྱུང་ཆེན་ཡིན།།
རྩལ་གསུམ་རྫོགས་པའི་སེང་ཕྲུག་ཡིན།།
སྐུ་གསུམ་ཀུན་འདུས་བླ་མ་ཡིན།།
ཡེ་གྲོལ་ཐིག་ལེ་ཉག་གཅིག་ཡིན།།
མྱང་འདས་སྒྱུ་མའི་དཔེ་སྟོན་ཡིན།།
ཞིང་གཤེགས་འཕྲིན་ལས་མཐར་ཕྱིན་ཡིན།།

༧སྐྱབས་རྗེ་ཁྲི་འཛིན་སོ་གསུམ་པ་དགོངས་པ་བོན་དབྱིངས་སུ་གཤེགས་རྗེས་སྐྱོ་གདུང་གི་མིག་ཆུ་ཟག་བཞིན་ཕུལ་བའི་གསོལ་འདེབས་ཉག་ཅིག

ཁྲོམ་གྲྭ་ཚུལ་ཁྲིམས་སྦྱིན་པས།།

འགྲོ་བའི་ཉི་མ་ནམ་མཁའི་དབྱིངས་སུ་དེངས།།
མི་བཟང་སྐྱོ་གཏམ་བརྡ་འཕྲིན་བརྒྱུད་ནས་ཁྱབ།།
རྒྱལ་ཁམས་མུན་རུམ་ཚུད་པའི་ན་ཟུག་དེས།།
སྐྱེ་དགུ་ཡོངས་རྫོགས་མྱ་ངན་སྡུག་ལ་སྦྱར།།

ལྷག་པའི་ལྷ་མཆོག་སྐྱེས་འགྲོའི་ཡབ་ཆེན་ཁྱེད།།
ཞིང་གཞན་ཕེབས་པར་དགོངས་གལ་ཆེ་ན་ཡང་།།
འུ་ཅག་མགོན་མེད་ལུས་པའི་ཟུག་ངུ་ལ།།
བརྩེ་ཆེན་ཡེ་ཤེས་ཀློང་ནས་བཟོད་ལཊ་སམ།།

ཚེ་ལ་རང་དབང་ཐུབ་པའི་མཁན་ཆེན་ཁྱེད།།
འཇིག་བརྒྱད་འཕྲང་ལས་ཡེ་ནས་གྲོལ་ན་ཡང་།།
རྟག་འཛིན་གདུག་པ་ཅན་རྣམས་སུན་ཕྱུང་ཕྱིར།།
ནམ་ཞིག་འདི་ལས་འདའ་ཚུལ་བསྟན་དགོས་ཀྱང་།།

བོན་འབངས་དག་གིས་རེ་འབྲས་མ་སྨིན་གོང་།།
གཡུངདྲུང་་བསྟན་པའི་རྒྱལ་མཚན་མ་ཚུགས་གོང་།།
འགྲོ་ཀུན་སྲིད་པའི་མཚོ་ལས་མ་བསྒྲོལ་གོང་།།
ཐམས་ཅད་བདེ་ཆེན་ཞིང་དུ་་མ་འཁོད་གོང་།།

ལྷ་དང་སྲུང་མས་ཐུགས་དགོངས་དཀྲོལ་སྔ་སོང་།།
མ་སྲིང་མཁའ་འགྲོས་ཕེབས་བསུ་ཞུ་སྔ་སོང་།།
གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུ་སྔ་སོང་།།
ཁྱེད་ཉིད་ཞིང་ཁམས་གཞན་ལ་གཤེགས་སྔ་སོང་།།

གཡུང་དྲུང་བོན་བསྟན་འདེགས་བྱེད་ཀ་ཆེན་ཁྱེད།།
ཡུལ་གྱར་ད་ཕྲུག་བསྐྱངས་མཁན་ཕ་མ་ཁྱེད།།
འདི་ཕྱིའི་ལམ་སྟོན་སྒྲོན་མེ་བླ་མ་ཁྱེད།།
ཁྱེད་ཀྱི་བཀའ་དྲིན་ནམ་ཡང་བརྗེད་མི་འོས།།

མཚན་དཔེ་རི་མོ་མི་མངོན་དབྱིངས་ཐིམ་ཡང་།།
མཁྱེན་དང་བརྩེ་བས་རྟག་ཏུ་གཟིགས་མཛོད་ཅེས།།
ཉམས་ཆུང་བདག་གིས་སོར་བཅུ་མཉམ་སྦྱར་ཏེ།།
སྙིང་ནས་རེ་བའི་གསོལ་འདེབས་ཉག་ཅིག་ཡིན།།

སྤྱི་ལོ་༢༠༡༧/༩/༡༥/ཉིན།

 

࿑རྒྱལ་བ་སྨན་རི་བ།

ལྷ་སྡེ་གནམ་ལོ་ཡག

གང་ལ་བཞུད། ཇི་ལྟར་བྱེད།
ཨོ། རྒྱལ་བ་སྨན་རི་བ།
ཕ་ཆོས་གསེར་རི་སུ་དང་གང་གིས་སྲུང་།
སྒོ་བཞི་མཛོད་ལྔ་དར་སྤེལ་ཇི་ལྟར་བྱེད།
རྫོགས་པ་ཆེན་མོའི་ཞལ་ལུང་སུ་ལ་བཞག

ཁྱེད་རང་སྐར་མདའ་ལ་བཅིབས་ནས་བཞུད་སོང་།
ཨོ། རྒྱལ་བ་སྨན་རི་བ།
ཡེ་སངས་ཀྱི་ཞིང་་ལ་རྒྱང་ཐག་ག་ཚད་ཡོད།
མེ་ཏོག་གི་མཆོད་སྐྱེམས་དངར་བོ་ག་འདྲ་མཛེས།
དོ་དགོང་གི་སྔུན་དུ་མི་ཚོས་སྒུག་ནས་ཡོད།

གངས་ལྗོངས་རིགས་བརྒྱའི་རུ་དར་ཁྱེད་ལ་ཡོད།
ཆོས་ལུགས་མཉམ་གནས་གདམས་པ་ཁྱེད་ལ་ཡོད།
ཨོ། རྒྱལ་བ་སྨན་རི་བ།
སྐུ་རྒྱབ་སླར་ཡང་གཡར་བའི་རེ་སྨོན་བརྡོལ།
སྐྱ་ཆད་སྔོ་སྡུག་ད་དུང་སྔར་བཞིན་རྒོད།
ཨོ། རྒྱལ་བ་སྨན་རི་བ། རྒྱལ་བ་སྨན་རི་བ།

༢༠༡༧ལོའི་ཟླ༩ཚེས༡༥ཉིན་བོད་སྒང་བའི་ཕ་ཆོས་གཡང་དྲུང་བསྟན་པའི་མངའ་བདག་ཆེན་པོ་རྒྱལ་བ་སྨན་རི་ཁྲི་འཛིན་སོ་གསུམ་པའི་དགོངས་པ་ཡེ་སངས་སུ་འཐིམས་ཚུལ་བསྟན་པ་ཐོས་འཕྲལ་སྐུ་དྲིན་རྗེས་དྲན་ལ་གླུ་ཚིག་ལྟ་བུ་འདི་ཤར་མར་བྲིས་པ་དགེའོ།

མུ་འགོད་ཡིན།