གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་དགོངས་རྫོགས་བདུན་ཚིགས་ཁག་གི་མཆོད་འབུལ།

བདེར་གཤེགས་དམ་པ་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་མཁན་ཆེན་ཁྲི་འཛིན་སོ་གསུམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་ཞུས་ན་༧ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་རིན་པོ་ཆེའི་དགོངས་རྫོགས་ཀྱི་བདུན་ཚིགས་བདུན་པའི་ཉིན་དང་པོ་ནས་བདུན་པའི་བར་དུ་བོན་གཞིས་སེར་སྐྱ་མང་ཚོགས་ཡོངས་དང་ཕྱོགས་མཐའ་ཁག་ནས་ཆེད་དུ་ཕེབས་གནང་བའི་དད་ལྡན་ཁག་ནས་༧གདན་ས་སྨན་རིའི་གླིང་དུ་ཉིན་རྒྱུན་བཞིན་མཆོད་འབུལ་སྨོན་ལམ་དང་སྔ་དགོང་གཉིས་ལ་དམིགས་བསལ་གྱིས་བླ་མ་མཆོད་པ་དང་བླ་མ་དམ་པའི་གསོལ་འདེབས་གསུངས་བཞིན་ཡོད་པ་བཅས་སོ། །

སྤྱིར་༧སྐྱབས་རྗེ་དམ་པ་ཞིང་ཁམས་སུ་ཕེབས་པ་ནས་བོད་ཕྱི་ནང་གཉིས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་དགོན་སྡེ་དང་ཚོགས་པ་ཁག་མི་སྒེར་པ་སོགས་ནས་ཉིན་རྒྱུན་བཞིན་དགེ་སྒྲུབ་སྡིག་སྤོང་གི་ཚོགས་བསགས་དང་གདུང་སེམས་མཉམ་བསྐྱེད་སོགས་ཞུས་དང་ཞུ་མུས་སུ་རེད།

ཁྱད་པར་དུ་༧གཡུང་དྲུང་བོན་གྱི་གདན་ས་སྨན་རིའི་གླིང་དུ་དགོངས་རྫོགས་ཀྱི་བདུན་ཚིགས་དང་པོ་ནས་སྨན་རིའི་བླ་སྤྲུལ་དགེ་བཤེས་རྣམས་ཀྱིས་༧རྒྱལ་བ་སྨན་རིའི་བླ་བྲང་དུ་རིག་འཛིན་འདུས་པའི་ཚོགས་འཁོར་རྒྱས་འབུལ་གནང་བཞིན་པ་དང་། གྲྭ་ཚང་འདུས་མང་ཡོངས་ནས་སྨན་རིའི་གྲྭ་ཚང་གི་གཙུག་ལག་ཁང་ཆེན་མོའི་ནང་དུ་ཡི་དམ་ཞི་ལྷ་ཞེ་ལྔ་དང་ཁྲོ་བོའི་ལྷ་བརྒྱད་ཅུ་གྱ་དྲུག་གི་སྒོ་ནས་ཚོགས་མཆོད་རྒྱས་འབུལ་དང་བདུན་ཚིགས་རེ་རེའི་ཉིན་མཐའ་མར་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་བདེ་བར་གཤེགས་པ་སྟོང་གི་མཚན་ཕྱག་བརྗོད་གནང་བཞིན་ཡོད་པ་དང་།

བོན་གཞིས་ལྷོ་ངོས་སུ་ཆགས་ཡོད་པའི་བཙུན་དགོན་རད་ན་སྨན་གླིང་གི་བཙུན་མ་རྣམས་ཀྱིས་རིག་འཛིན་འདུས་པ་དང་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར། དེ་བཞིན་ཡི་དམ་ཞི་ཁྲོའི་ཚོགས་འཁོར་རྒྱ་ཆེན་འབུལ་བཞིན་ཡོད་པ་བཅས་དང་།

གཞན་ཡང་ཆེད་དམིགས་ཀྱི་དགེ་འདུན་པ་ཁག་གཅིག་ནས་སྐུ་གདུང་རིན་པོ་ཆེའི་གདུང་རུས་དང་གདུང་ཐལ་གྱིས་སྰ་ཙྪ་དཔར་བཞེངས་ཞུ་བཞིན་ཡོད་པ་དང་། དེ་ཡང་དགོངས་རྫོགས་ཀྱི་བདུན་ཚིགས་མཐའ་མར་སེར་སྐྱ་མང་ཚོགས་ཡོངས་ལ་དད་རྟེན་དུ་འབུལ་འཆར་ཡོད་པ་བཅས་སོ། །

དགོངས་རྫོགས་བདུན་ཚིགས་བདུན་པའི་ཉིན་མཐའ་མའི་མཛད་རིམ་གཤམ་ནས་གཟིགས་གནང་ཞུ།

དགུང་ཞག་ཉིན་མཐའ་མའི་མཛད་རིམ་གསལ་བསྒྲགས།